རྡོ་རྗེ་རྒྱལ་མཚན།
ཉིན་པར་བཀྲ་ཤིས་བགེགས་ཞི་བསམ་དོན་འགྲུབ། །མཚན་མོར་བཀྲ་ཤིས་རྨི་ལམ་བཟང་དགུ་མཐོང་། །དུས་ཀུན་བཀྲ་ཤིས་སྙན་གྲགས་རླུང་རྟ་སྤེལ། །རྣམ་ཀུན་བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག། །ལྷ་ཡི་བཀྲ་ཤིས་ངོ་མཚར་འབྲུག་ལྟར་སྒྲོགས། །ཀླུ་ཡི་བཀྲ་ཤིས་དཔལ་འབྱོར་མཚོ་ལྟར་བསྐྱིལ། །མི་ཡི་བཀྲ་ཤིས་དཀར་ཆོས་རྣམ་པར་འཕེལ། །ཀུན་ཀྱང་བཀྲ་ཤིས་ཆོས་སྲིད་བརྟན་པར་ཤོག། །བླ་མའི་བཀྲ་ཤིས་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་བཀྲ་ཤིས་གྲུབ་གཉིས་ཆར་དུ་བསྙིལ། །མཁའ་འགྲོའི་བཀྲ་ཤིས་འཕྲིན་ལས་རྩི་སྨན་རྒྱས། །རྩ་གསུམ་བཀྲ་ཤིས་དོན་གཉིས་ལྷུན་གྲུབ་ཤོག །སངས་རྒྱས་བཀྲ་ཤིས་སྤངས་རྟོགས་བཅུད་ཀྱིས་གཏམ། །དམ་ཆོས་བཀྲ་ཤིས་བདེན་གཉིས་འདོད་པ་འཇོ། །དགེ་འདུན་བཀྲ་ཤིས་ཉེས་པའི་གདུང་ཀུན་སེལ། །མཆོག་གསུམ་བཀྲ་ཤིས་སྲིད་ན་བརྟན་པར་ཤོག། །ཆོས་སྐུའི་བཀྲ་ཤིས་ཟག་མེད་གཏེར་གྱི་འབྱོར། །ལོངས་སྐུའི་བཀྲ་ཤིས་རྟག་བརྟན་ལྷུན་གྱིས་གྲུབ། །སྤྲུལ་སྐུའི་བཀྲ་ཤིས་འདུལ་བཞིའི་ཕྲིན་ལས་རྒྱས། །སྐུ་གསུམ་བཀྲ་ཤིས་འབད་མེད་ལྷུན་གྲུབ་ཤོག། །སོ་ཐར་བཀྲ་ཤིས་ངེས་འབྱུང་ཞིིང་ས་གཤིན། །བྱང་སེམས་བཀྲ་ཤིས་གཞན་ཕན་མྱུ་གུ་རྒྱས། །གསང་སྔགས་བཀྲ་ཤིས་རིམ་གཉིས་འབྲས་བུས་ཕྱུག། །སྡོམ་གསུམ་བཀྲ་ཤིས་བསླབ་གསོ་གོང་འཕེལ་ཤོག། །ཐོག་མར་བཀྲ་ཤིས་གཞི་རྒྱུད་བཻ་ཌྰུརྻ། །བར་དུ་བཀྲ་ཤིས་ལམ་རྒྱུད་བྱི་དོར་མཁས། །ཐ་མར་བཀྲ་ཤིས་འབྲས་རྒྱུད་འདོད་པ་འཇོ། །དུས་གསུམ་བཀྲ་ཤིས་རྟག་བརྟན་ལྷུན་གྲུབ་ཤོག། །བླ་མའི་བཀྲ་ཤིས་སྨིན་གྲོལ་གདམས་ཟབ་འཇོ། །སློབ་མའི་བཀྲ་ཤིས་དད་དམ་རྣམ་པར་དག། །བླ་སློབ་བཀྲ་ཤིས་བཤད་སྒྲུབ་ཕྱོགས་སུ་འགྲིགས། །རྒྱལ་བསྟན་བཀྲ་ཤིས་སྲིད་མཐར་འཕེལ་རྒྱས་ཤོག། །སྣོད་ཀྱི་བཀྲ་ཤིས་དགེ་བཅུ་གཡང་དུ་འཁྱིལ། །བཅུད་ཀྱི་བཀྲ་ཤིས་ཚེ་དཔལ་འབྱོར་ཚོགས་རྒྱས། །སྣོད་བཅུད་བཀྲ་ཤིས་རྟེན་འབྱུང་གཅིག་ཏུ་ཚོགས། །ཐར་གྲོལ་བཀྲ་ཤིས་འབྲས་བུས་འབྱོར་པར་ཤོག། །མཆོད་གནས་བཀྲ་ཤིས་བསྡུ་བཞིའི་ཕྲིན་ལས་རྒྱས། །ཡོན་བདག་བཀྲ་ཤིས་སྡེ་བཞིའི་མངའ་ཐང་དར། །མཆོད་ཡོན་བཀྲ་ཤིས་རྣམ་དཀར་འབྲས་བུས་ཕྱུག། །ཀུན་ཀྱང་བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་ཤོག། །
མི་ཕམ་རིན་པོ་ཆེས་མཛད་པའི་འཕགས་པ་བཀྲ་ཤིས་བརྒྱད་པའི་མཆོད་ཆོག་ནས་ཁོལ་དུ་ཕྱུངས་པའོ། །
རྡོ་རྗེ་རྒྱལ་མཚན་ལེགས། མི་ཕམ་རིན་པོ་ཆེའི་ཤིས་བརྗོད་འདིར་བཀོད་པར་ཐུགས་རྗེ་ཆེ། དང་པོ་འདི་ཉིད་ཁྱེད་ཀྱི་རྩོམ་ཡིག་ངོ་མཚར་ཅན་གྱི་བརྗོད་བྱ་ལེགས་ཤིང་། ཤིན་ཏུ་ནས་ཡི་གེ་དག་པོ་འདུག་བསམས། བདག་གིས་ཡི་གེ་རྣམས་བརྩེགས་ཐུབ་པས། ཚིག་རྐང་དང་པོའི་བཻ་ཌཱུརྻ་བརྩེགས་པ་དང་། འཕྲིན་ལས་ལ་སྔོན་འཇུག་འ་ཡིག་ཆད་པ་སླར་བྲིས།
་
ཐོག་མར་བཀྲ་ཤིས་གཞི་རྒྱུད་བཻ་ཌཱུརྻ།
མཆོད་གནས་བཀྲ་ཤིས་བསྡུ་བཞིའི་འཕྲིན་ལས་རྒྱས།
་
ཤིས་བརྗོད་ཕུན་སུམ་ཚོགས་པ་འདི་ཀློག་ཅིང་འདོན་ན་བོད་སྐད་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ལ་ཕན་ནོ།།
ཁ་ཅིག་གིས་འཕྲིན་ལས་ལ་སྔོན་འཇུག་མི་དགོས་ སྔོན་འཇུག་བྲིས་པ་ཡིག་ནོར་རེད་ཟེར། འདིར་རྒན་ལགས་ཀྱིས་སྔོན་འཇུག་ཆད་འདུག་གསུངས། དོན་དངོས་ཐོག་སྔོན་འཇུག་ཡོད་མེད་གང་ཞིག་ཡང་དག་པ་ཡིན་ནམ།
ཁ་ཅིག་གིས་འཕྲིན་ལས་ལ་སྔོན་འཇུག་མི་དགོས་ སྔོན་འཇུག་བྲིས་པ་ཡིག་ནོར་རེད་ཟེར། འདིར་རྒན་ལགས་ཀྱིས་སྔོན་འཇུག་ཆད་འདུག་གསུངས། དོན་དངོས་ཐོག་སྔོན་འཇུག་ཡོད་མེད་གང་ཞིག་ཡང་དག་པ་ཡིན་ནམ།
ཚིག་མཛོད་ཕལ་ཆེར་ནི་སྔོན་འཇུག་མེད་བྱས
ཨ་ར་དཀར་པོ་ལེགས་དང་། རེབ་སྐྱིད་མཚོ་མཆོག་ལ།
དིང་དུས་ཚིག་མཛོད་འགའ་ཞིག་ཏུ་ཡོད་ཀྱང་། བདག་ནི་གཞུང་དཔེ་དག་པ་མང་པོ་ཡོད་པ་དེ་དག་རང་རེ་ལ་བལྟ་བདེའི་ཆེད་དུ་བསྒྲིགས་པ་དག་ཡིག་ཟ་མ་ཏོག་སོགས་གཙོ་ཆེར་བསམས། ཟ་མ་ཏོག་ཏུ།
་
འཕྲིན་ལས་རྣམ་འཕྲུལ་འཕྲེང་བ་དང་།
་
ཞེས་སོགས་གསུངས་སོ།།
རྒན་ལགས་ལ་་་བཀའ་འདྲི་གཅིག་རང་ཞུ་ཆོག་པ་གནང་་་་་ཉིད་ཀྱིས་་་དེང་གི་ཚབ་ལ་དིང་འདི་ཡང་ཡང་བྲིས་གནང་གིན་འདུག་པས་ཁུངས་ལུང་དག་པོ་ཅི་ཡོད་འགྲེལ་བཤད་ཁ་གསལ་སྙིང་བསྡུས་ཤིག་གསུང་རོགས་བཀའ་དྲིན་ཆེ། དེ་མིན་ཉིད་ཀྱིས་ལ་དྭགས་པའི་སྐད་གདངས་གཙོ་འདོན་བྱས་གནང་བ་མིན་འགྲོ་བསམ་པའི་དོགས་པ་ཅུང་ཡོང་གི་འདུག་ག
ལོ་གསར་མ་རེད་ལོ་སར་རེད། །
ཕོ་གསར་མ་རེད་ཕོ་སར་རེད། །
མོ་གསར་མ་རེད་མོ་སར་རེད། །
ཡི་གེའི་ནོར་འཁྲུལ་སྤང་རོགས་ཞུ། །
རྒན་ལ་དྭགས་པ་ལགས་ཐུགས་རྗེ་ཆེ་ཞུ།
འོད་གསལ་ལགས། ཕོ་སར་དང་ལོ་གསར་གྱི་སར་གཉིས་གཅིག་ཚུལ་ཇི་ལྟར་ཡིན། མ་ཟད་ལོ་སར་ཞེ་ན་གོ་བ་ལོན་རྒྱུ་ཅི་ཡོད། ངས་ནི་ལོ་གསར་ཞེས་པ་ལོ་གསར་པ་འགོ་ཚུགས་པ་ལ་གོ་བ་ལོན་པ་ཡིན།
ལོ་སར་མ་རེད་ལོ་གསར་རེད། །
ཕོ་སར་མ་རེད་ཕོ་གསར་རེད། །
མོ་སར་མ་རེད་མོ་གསར་རེད། །
ཡི་གེའི་དག་ཆ་སྔ་སོར་ཞོགས། །
འདྲེ་རྐང་ཐོ་ལེགས།
ཀློང་ཆེན་རབ་འབྱམས་པ་དང་། མཁས་གྲུབ་རྗེ་སོགས་ཀྱིས། དིང་སང་། ཞེས་བྲིས་ཡོད་པ་དང་། ངས་དིང་སང་ཞེས་བོད་དུ་ཐོས། འོན་ཀྱང་དིང་སང་ལ་ལ་དྭགས་པས་མདང་དི་རིང་ཟེར།
དཔལ་གཡུ་འབྲུག་དཀར་པོ་དང་། འོད་གསལ་མཆོག་གཉིས་ཀྱི་བར་དུ་གསར་དང་སར་གཉིས་ཀྱི་སྔོན་འཇུག་ཡོད་མེད་ལ་རྩོད་པར་སྣང་། བཀའ་བསྟན་གསུང་འབུམ་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་ཀྱི་དཔེ་ཆ་དག་ན་གསར་ཞེས་བྲིས། ག་སྔོན་འཇུག་འབྲི་བ་ལ་དུས་མེད་པ་དག་གི་ལུགས་ཤིག་ཀྱང་ཡོད་པ་རྒྱང་རིང་དུ་འཕེན་དགོས་སོ།།
ཐམས་ཅད་ནམ་མཁའ་མཛོད་བཞིན་དུ།།
ལོངས་སྤྱོད་ཆད་པ་མེད་པར་ཤོག།
རྩོད་པ་མེད་ཅིང་འཚེ་མེད་པར་ཤོག།
རང་དབང་དུ་ནི་སྤྱོད་པར་ཤོག།
ལོ་གསར་བའི་ནང་རྒན་ལ་དྭགས་པ་དང་ཀརྡོ་གཉེར་ཕྱག་པ་སོགས་དྲ་གྲོགས་ཚང་མའི་སྐུ་གཟུགས་བདེ་ཐང་ཡོང་བར་སྨོན་འདུན་ཞུ།
རང་ཅག་བླ་མས།
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།
བཀའ་སྩལ་ལྟར། ཁ་བརྡ་ཚང་མར། ཞལ་བཀྲ་བཀྲམ། འབྲས་བཟང་སྟར་བ་བསྣམ་ལགས། ལ་དྭགས་འཇམ་དཔལ་ནས།
ལོ་གསར་ལ་དྲ་གྲོགས་ཚང་མའི་སྐུ་གཟུགས་བདེ་ཐང་དང་བཀྲ་ཤིས་སྨོན་འདུན་ཞུའོ། །
སྐུ་ཞབས་གཡུ་འབྲུག་དཀར་པོ་ལགས།
སྤྱིར་རྟགས་འཇུག་གི་སྐབས་སུ་རྟགས་མཚུངས་འདྲེན་པ་དང་། སྒྲ་མཚུངས་འདྲེན་པ་སྟེ་ཡི་གེའི་འདྲེན་ཚུལ་གཉིས་སུ་བསྒྲངས་པ་སྔོན་གྲགས། ཕྱི་མར་སྐབས་སྐབས་སུ་བརྗོད་ཚུལ་འདྲེན་པའང་ཟེར། ལོ་སར་ནི་གནམ་ལོ་གསར་བ་ཞེས་པའི་ཚིག་བསྡུ་བའི་སྐབས་སུ་ངག་ཐོག་ཏུ་ལོ་གསར་ལས་ལོ་སར་ཞེས་པ་བརྗོད་བདེ་བས་རིམ་གྱིས་དེ་ལྟར་འབྲི་སྲོལ་ཆགས། དཔེར་ན་ཡི་དྭགས་ཞེས་པའི་ཚིག་ལྟ་བའོ།།
ཟས་སྐོམ་ཡིད་ལ་བཏགས་པའི་ཆ་ནས་ཡི་དྭགས་ཞེས་བྲིས་པ་ལས་ཡིད་བཏགས་ཞེས་མི་འབྲི། ལོ་གསར། ཕོ་གསར། མོ་གསར་ཞེས་སོགས་འབྲི་ན་འགལ་སྐྱོན་ཆེན་པ་ོམེད་ཀྱང་། ཡུལ་སྐད་ལ་ལོ་སར་ཞེས་པ་ཡོངས་གྲགས་དང་ཡིག་འབྲུ་ཉུང་བའི་དགེ་མཚན་ཡོད་པར་གཞིགས་ཚེ། ད་ནས་བཟུང་སྟེ་ལོ་གསར་ཞེས་པའི་ཚིག་དེ་སྤང་རོགས།
འཇིག་རྟེན་ན་ཆེས་ཡོངས་གྲགས་དང་། ཡོངས་གྲགས་འགྱུར་བཞིན་པ། མིའི་ཡུལ་གང་དུ་ཕྱིན་ཀྱང་། ཕན་ཚུན་གོ་བརྡ་འཕྲོད་པ་ལ་ཨིན་སྐད་མེད་དུ་མི་རུང་བ་ཡིན་འདུག སྟབས་ལེགས་ཀྱིས་བདག་གིས་ཨིན་སྐད་ཀྱང་ལེགས་པར་སྦྱངས། ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་ན་ཡོད་པའི་ཀོ་ལམྦི་ཡ་སློབ་གྲྭ་ཆེན་མོར་ཨིན་སྐད་ཐོག་རྒྱ་གར་དང་བོད་ཀྱི་རིག་གཞུང་སྐད་ཡིག་བཅས་ལ་ལོ་མང་རིང་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་གྲུབ་འབྲས་ཀྱི་གོ་རྟགས་ལེགས་པར་ཐོབ། ཨིན་སྐད་དུ་ཡི་གེའི་དག་ཆ་དེ་ཤིན་ཏུ་གལ་ཆེ་བར་རྩི་བ་མཐོང་། དེ་བཞིན་དུ་བོད་ཀྱི་སྐད་ཡིག་གི་དག་ཆ་ཡང་གལ་ཆེ་བ་རྩི་དགོས་ཡིན་པས། རང་རེས་རང་སྐད་ཀྱི་ཡི་གེའི་དག་ཆ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱེད་དགོས་ཀྱང་། འགའ་ཞིག་གིས་ལས་སླ་བར་བཟུང་སྟེ། ལོ་ངོ་སྟོང་ཕྲག་ནས་བསགས་པའི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་མེད་པར་བཟོ་མཁན་དེ་གྲས་རང་བོད་པ་ཡིན་ཟེར་བ་དེ། བློ་དང་ལྡན་པ་ཞིག་གིས་བལྟ་ན་ངོ་ཚ་དང་ཁྲེལ་ཡོད་རྒྱང་རིང་དུ་འཕངས་པ་ཞིག་ཏུ་མི་འདུག་གམ། ཞེས་སོ།།