ཚུལ་ཁྲིམས་ཟླ་བ།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྤྲུལ་སྔོ་སྐྱའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་རྒྱ་དམར་ཚུད་ནས།།
བཙན་གནོད་སྦྲུལ་དུག་ཞི་བར་གྱུར་ཅིག །
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་ཁྲ་བོའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་རྒྱུག་ཁྱི་ཚུད་ནས།།
ནང་བླ་འཚོང་རྒྱུ་གཙད་ནས་ཆོད་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་སེར་པོའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་བསྟན་བཤིག་ཚུད་ནས།།
རྣམ་དག་བསྟན་པ་དར་བར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྤྲུལ་སྔོན་པའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་དུས་ནད་ཚུད་ནས།།
ཐམས་ཅད་ནད་མེད་ཚེ་རིང་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་ཁྲ་བོའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་སད་སེར་ཚུད་ནས།།
ལོ་ཕྱུག་རྟག་ཏུ་ལེགས་པར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་དམར་པོའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་དམར་ཤོག་ཚུད་ནས།།
ཡོད་ཚད་དམངས་གཙོ་ཐོབ་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་དཀར་པོའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་སྲིད་དབང་ཚུད་ནས།།
གངས་རིའི་ལུགས་གཉིས་དར་བར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་སྔོ་ནག་མཆེ་བའི་བར་དུ།།
དུག་དང་འདྲ་བའི་བཙན་དབང་ཚུད་ནས།།
ཐམས་ཅད་རང་དབང་ཐོབ་པར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་དམར་པོའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་དབུལ་འཕོང་ཚུད་ནས།།
ཐམས་ཅད་འབྱོར་ཕྱུག་ལྡན་པར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་སྔོ་སྐྱའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་རྨོངས་པ་ཚུད་ནས།།
ཤེས་རིག་སྒོ་མོ་འགྱེད་པར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་དམར་ནག་མཆེ་བའི་བར་དུ།།
དུག་དང་འདྲ་བའི་འཚེ་བ་ཚུད་ནས།།
ཐམས་ཅད་ཞི་བདེ་ཐོབ་པར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་སེར་སྐྱའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་སྐྱོ་སྡུག་ཚུད་ནས།།
འཛུམ་གྱི་མེ་ཏོག་བཞད་པར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་དམར་སྨུག་མཆེ་བའི་བར་དུ།།
དུག་དང་འདྲ་བའི་རྐྱེན་གེགས་ཚུད་ནས།།
གེགས་མེད་ནད་མེད་བཀྲ་ཤིས་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་ལྔ་སྐྱའི་མཆེ་བའི་བར་དུ།།
དུག་དང་འདྲ་བའི་ནང་དམེ་ཚུད་ནས།།
ཆོལ་གསུམ་སྤུན་ཟླ་མཐུན་པར་གྱུར་ཅིག།
སྦྲུལ་གྱི་གནམ་ལོ་གནམ་ལ་ཚེས་དུས།།
སྨན་སྦྲུལ་སྔོ་དམར་མཆེ་བའི་བར་དུ།།
དུག་དང་འདྲ་བའི་ལང་ཤོར་ཚུད་ནས།།
རྒན་བཀུ་གཞོན་བྱམས་ཀུན་མཐུན་གྱུར་ཅིག།
བཀྲ་ཤིས་ན་ནད་མེད་པའི་བཀྲ་ཤིས།།
བཀྲ་ཤིས་ཚེ་ཐག་རིང་བའི་བཀྲ་ཤིས།།
བཀྲ་ཤིས་བསམ་དོན་འགྲུབ་པའི་བཀྲ་ཤིས།།
བཀྲ་ཤིས་འཛམ་གླིང་ཞི་བདེའི་བཀྲ་ཤིས།།
བོད་རྒྱལ་ལོ་ 2140.1.1. སྤྱི་ལོ་2013.2.11.ཉིན་བྲིས།
སྦྲུལ་ཞེས་གོ་བ་ཙམ་གྱིས། །
སྙིང་རྩ་རུས་རྩ་མདར་བའི། །
སྡར་མ་ཙི་ཙི་ང་ཚོས། །
སྦྲུལ་འདི་ཞི་བར་སྨོན་ཆོག །
སྦྲུལ་འདི་སྤྱི་བཏང་མིན་པར། །
རྣམ་སྲས་ཕྱག་གི་སྦྲུལ་ཏེ། །
རྒྱ་འདྲེའི་སྙིང་ཁམས་ཟ་ཕྱིར། །
དུས་ཀྱི་ཕོ་ཉས་བསུས་འདྲ། །
ལོ་འདི་སྦྲུལ་གྱི་ལོ་རེད། །
ཀླུ་ཡི་རྒྱལ་བོའི་སྲས་རེད། །
ལོ་ཡག་ཆར་ཆུ་འབྱུང་བའི། །
རྟེན་འབྲེལ་དུས་ལ་འཛོམས་ཡོད། །