སྐྱོ་བྲག་དགའ་དབང་།
རྒྱ་གར་ནས་དར་ཁྱབ་བྱུང་བའི་ནང་པ་སངས་རྒྱས་པ་ད་ལྟར་འཛམ་བུའི་གླིང་དུ་ཡོད་པ་ཀུན་ལས་མཆོད་པ་རྒྱས་སྤྲོས་ཆེ་ཤོས་ནི། བོད་ནང་པ་སངས་རྒྱས་པའི་སྲོལ་ལུགས་འདི་ཉིད་ཡིན། སྲོལ་ལུགས་འདི་ཉིད་བོད་པས་རྒྱས་སྤྲོས་སུ་བཏང་བ་ལས་རྒྱ་གར་རང་གི་ལུགས་ལ་མེད་པ་དང་། མདོའི་དགོངས་པ་དང་འགལ་བར་སྨྲ་མཁན་ཡང་ཡོད་མོད། ཏིང་འཛིན་རྒྱལ་པོའི་མདོ་ལས་ཚོགས་གསོག་གི་ཐབས་སུ་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་མཆོད་པའི་ཁྱད་པར་མང་ལ་བཟང་བ་དགོས་པར། གདུགས་དང་རྒྱལ་མཚན་བླ་རེ་བ་དན་མཆོག །ཕྱེ་མ་བྱུག་པ་མང་པོ་ཀུན་ཐོགས་ལ། །རྟག་ཏུ་བདེ་བར་གཤེགས་ལ་མཆོད་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །སྤོས་མཆོག་ཕྲེང་བ་མེ་ཏོག་བདུག་པ་དང་། །རོལ་མོ་སིལ་སྙན་མང་པོ་རབ་ཐོགས་ལ། །རྒྱལ་བའི་མཆོད་རྟེན་དག་ལ་མཆོད་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །གླུ་གར་བཟང་པོ་སྣ་ཚོགས་མང་པོ་དང་། །ཡིད་གཙང་བཞད་གད་རོལ་མོ་བཟང་པོ་དང་། །རྟག་པར་མར་མེའི་ཕྲེང་སྡུག་བཟང་པོ་ཡིས། །མཚུངས་པ་མེད་ལ་མཆོད་བཟང་རབ་ཏུ་གྱིས། །འཁར་རྔ་དང་ནི་སྒྲ་སྙན་རྫ་རྔ་བརྒྱ། །རྔ་དང་གླིང་བུའི་སྒྲ་མཆོག་སྣ་ཚོགས་དང་། །སྒྲ་སྙན་རོལ་མོའི་ཡོན་ཏན་སྣ་ཚོགས་ཀྱིས། །དང་བའི་ཡིད་ལྡན་འདྲེན་པ་མཆོད་པར་གྱིས། །ཞེས་གསུངས་པས་ན་བོད་པས་རང་དགར་བཟོས་པ་ཞིག་ག་ལ་ཡིན།
འདི་དག་ཏུ་གོ་དགོས་པའི་གནད་ཀྱི་དོན་པོ་ནི། ཀརྨ་ཆགས་མེད་ཀྱིས་རི་ཆོས་སུ། སྒྲུབ་པ་བྱེད་པའི་དུས་སུ་ནི། །ཆོས་དང་འཇིག་རྟེན་རྒྱབ་འགལ་ཡང་། །འགྲོ་དོན་བྱེད་པའི་དུས་སུ་ནི། །བསམ་པའི་ཁྱད་པར་མ་གཏོགས་པ། །ཆོས་དང་འཇིག་རྟེན་ཟུང་འཇུག་ཡིན། །ཞེས་གསུངས་པ་ཉིད་དོ། །ཞི་བ་ལྷས་བསླབ་བཏུས་དང་། ཟླ་བ་གྲགས་པས་འཇུག་པ་རང་འགྲེལ་དུ་ལུང་དྲངས་པ་སོགས་འཕགས་བོད་མཁས་པ་མང་པོས་ཚད་མར་བཟུང་བའི་ཏིང་རྒྱལ་མདོ་འདིའི་མཚན་གཞན་ཟླ་བ་སྒྲོན་མ་ཞེས་ཀྱང་བྱ་ཞིང་། རྒྱ་དཔེ་ད་ལྟར་ཡང་རྒྱ་བལ་ན་ཡོད། བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་བ་དང་། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་འགྲེལ་པ་གྲགས་ཕྲེང་བྱ་བ་ཞིག་ཀྱང་བསྟན་འགྱུར་ཁྲོད་བཞུགས་སོ། །
ཨ་ལེ་རེབ་གོང་ལ་ལོ་གསར་ཞིག་བཏང་ཡིན་པ་རེད་དེ་འདྲ་པོ་རེད
དགོངས་དག་མཆན་འགྲོ་ནོར་ཤོར་སོང