ན་མོ་གུ་རུ་ཨ་བྷྱ་ལཀྵྃ་ཀ་ར་ཡེ།
སྐྱེ་དགུ་འགྲོ་བའི་མིག་གཅིག་ཟས་གཙང་སྲས། །
སླར་ཡང་ཞིང་འདིར་བྱོན་པའི་བཀའ་དྲིན་ཅན། །
པདྨའི་རྒྱལ་ཚབ་རྡོ་རྗེ་བདུད་འཇོམས་རྩལ། །
གཏེར་ཆེན་ལས་རབ་གླིང་པར་གསོལ་བ་འདེབས། །
མི་འགྱུར་རྟགས་བདུན་གྲུབ་པའི་སྤྲུལ་པའི་སྐུ། །
ཕ་རོལ་ཕྱིན་དྲུག་རྫོགས་པའི་ལོངས་སྐུའི་དལ། །
མཁྱེན་པའི་སྤྱན་ལྔ་སྨིན་པའི་ཆོས་ཀྱི་སྐུ། །
འཇིགས་མེད་སྐུ་བཞིའི་བདག་པོ་གསོལ་བ་འདེབས། །
བཅུ་ཕྲག་རིག་པའི་དབང་ཕྱུག་པཎྚི་ཏ། །
སོར་བྱང་སྔགས་ཀྱི་སྡོམ་ལྡན་བཙུན་པའི་མཆོག །
སྣང་སྲིད་དག་མཉམ་རྟོགས་པའི་རྣལ་འབྱོར་པ། །
རིག་འཛིན་གྲུབ་པའི་རྒྱལ་པོ་གསོལ་བ་འདེབས། །
རྒྱལ་བ་དང་པོ་ལེགས་པ་བརྒྱད་འཛོམས་ཉིན། །
རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་ཕྱིར་ཕེབས་པའི་མགོན། །
རྒྱལ་སྲས་གཞན་ཕན་སྣང་བ་ཁྱེད་མིན་སུ། །
འཇིགས་མེད་སྟོབས་བཅུ་མངའ་བའི་སངས་རྒྱས་དངོས། །
ཕུན་ཚོགས་ཐེག་དགུའི་སྟོན་པ་ཆོས་ཀྱི་རྗེ། །
ཕན་བདེའི་འབྱུང་གནས་འདྲེན་པ་དགེ་འདུན་དཔལ། །
མཚུངས་མེད་དཔལ་ལྡན་བླ་མའི་རྣམ་ཐར་དྲན། །
ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །
ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །
བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་ཏུ་བྱེད། །
བཟང་པོ་སྤྱོད་པའི་སྟོབས་རྣམས་རྫོགས་པར་གསུངས། །
གངས་རིའི་ལྗོངས་ཀྱི་ཡིད་བཞིན་ནོར་བུ་ཉིད། །
འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་དུ་འདྲེན། །
སྙིགས་ལྔའི་མུན་པ་བསལ་བའི་གཉེན་གཅིག་པུ། །
ཆོས་རྗེ་བླ་མ་དམ་པར་སྙིང་ནས་དྲན། །
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོའི་བཅུད། །
རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུག་ཅེས། །
འདའ་ཁར་གདམས་པའི་སྙིང་པོ་ལེགས་བསྩལ་ནས། །
རེ་ཞིག་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས། །
ཐུགས་སྲས་དམ་པ་ཀུན་མཁྱེན་བླ་མ་སོགས། །
མདོ་སྔགས་བསྟན་པའི་ཆོས་སྒོར་ཞུགས་པའི་ཚོགས། །
ཛམ་གླིང་ཟླུམ་པོར་སྨིན་གྲོལ་བདེན་པར་བཀོད། །
བསྐལ་བཟང་རྫོགས་ལྡན་དང་པོ་མཆོག་གིས་འདྲེན། །
དེང་དུས་འཛམ་གླིང་ལག་འཐིལ་མཉམ་པའི་དུས། །
མཚན་ལྡན་དགེ་བའི་བཤེས་གཉེན་དམ་པ་ཁྱེད། །
སྣང་སྲིད་དབང་བསྡུད་འོད་དཔག་མེད་མགོན་རྗེ། །
མི་ཕྱེད་དད་གུས་དྲན་པར་ཨེ་མ་ཧོ། །
དད་གུས་གསོལ་འདེབས་དྲག་པོས་བྱིན་རླབས་ལས། །
ཐོ་རངས་འོད་གསལ་ལམ་ནས་མངོན་སུམ་མཇལ། །
དབང་བཞིན་བླངས་ཞིང་ཐུགས་ཡིད་དབྱེར་མེད་ངང་། །
བསྟན་འགྲོའི་དོན་ཆེན་འགྲུབ་པར་སྨོན་ལམ་བཏབས། །
སྡུག་བསྔལ་འཁོར་བའི་གནས་སུ་མཆིས་ན་ཡང་། །
འདི་བདེ་ཕྱི་སྐྱིད་དཔལ་ཡོན་དགྱེས་པའི་གར། །
གང་དགར་རྡོ་རྗེའི་གླུ་བྲོ་རོལ་མཁས་ཕྱིར། །
ཆོས་རྗེ་དམ་པའི་བཀའ་དྲིན་སྙིང་ནས་དྲན། །
དྲན་དྲན་རྒྱལ་ཀུན་སྤྱི་གཟུགས་ཁྱེད་དྲན་ནོ། །
དྲན་རིག་ཆོས་དབྱིངས་ཡེ་ཤེས་མ་ཎི་ཀ །
དྲན་རྟོག་ཆོས་སྐུའི་རྒྱལ་པོར་རྩལ་རྫོགས་ནས། །
ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་དབོ་ཟླའི་རྒྱལ་བ་གསུམ་པ་འམ་གསོ་བྱེད་རིག་པའི་ལོ་མགོ་ལོའི་བོད་སྤྱི་ཁྱབ་ཀྱི་ལོ་གསར་ཚེས་པ་གསུམ་ནི་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ལ་ཤྲྰི་ཨ་ནནྟ་བཛྲའི་ཆོས་ཚོགས་ཁང་དུ་ཨེ་མ་ཧོས་གང་དྲན་དུ་སྨོན་པ་དོན་དང་ལྡན་པར་གྱུར་ཅིག་གུ། ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །
ག་རེ།
འདིར་༸ཆོས་རྗེ་དམ་པའི་ཡང་སྲིད་སྐོར་ལ་འབྲི་རོགས་གནོངས།
རིག་འཛིན་གྲུབ་པའི་རྒྱལ་པོ་གསོལ་བ་འདེབས། །
འདིར་རྒྱལ་པོ་ཞེས་པ་འབོད་སྒྲ་ཡིན་ན། འདི་རང་དག་ དེ་མིན་གསོལ་བའེབས་པའི་ཡུལ་དུ་བྱེད་ན། རྒྱལ་པོར་ཞེས་ལ་དོན་ཡོད་ན་གོ་བ་ཆེ།
་
འདའ་ཁར་གདམས་པའི་སྙིང་པོ་ལེགས་བསྩལ་ནས། །
སྩོལ་གྱིའདས་པར་བ་ཡིག་སྔོན་འཇུག་ཡོད་པ་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དཔེ་ཆ་དག་པ་ན་མེད།
ཡོངས་གྲགས་སུ་བོད་ལ་ད་བར་ཡིད་བཞིན་ནོར་བུ་གཅིག་ལས་མེད། ཁོང་ནི་ད་ལྟ་རང་རེའི་མགོན་དཔུང་དུ་བཞུགས་བཞིན་ཡོད། དེར་བརྟེན་ཡི་གེ་འབྲི་སྐབས་ཚིག་བེད་སྤྱོད་བྱེད་སྟངས་སོགས་ལ་དོ་སྣང་གནང་རྒྱུ་གལ་ཆེན་ཡིན།
ང་ཚོས་ཡོད་ཚད་ལ་ཡིད་བཞིན་ནོར་བུ་ཞེས་ལབ་ན་ཁེ་མཚར་རེད།
གོང་མ་ཟེར་བ་སྐྱབས་མགོན་ཟེར་བ་ཡིད་བཞིན་ནོར་བུ་ཟེར་བ་སོགས་ཕལ་ཆེར་ཆེ་ཆེ་རྫིག་རྫིག་གི་མིང་དེ་ཚོ་མང་དྲག་ན་དཀའ་ངལ་ཡོད་འདུག
བོད་གངས་ལྗོངས་ལ་བཀའ་དྲིན་ཅན་ཀྱིས་ཡིད་བཞིན་ནོར་བུ་མཁན་ཆེན་འཇིག་མེད་ཕུན་ཚོགས་མཆོག་་དང་ཁོང་གིས་ཐུག་སྲས་མཁན་ཆེན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་རྣམས་ངའི་སེམས་ནང་གིས་དད་གུས་ཆེ་ཤོས་ཡིན་།