སུད་སིར་གནས་སྡོད་བོད་རིགས་ཁྱིམ་ཚང་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་། རང་ལུས་མེར་བསྲེགས་བཏང་སྟེ་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་རྒྱལ་ཚོགས་མདུན་ཐང་དུ་ལོ་གསར་ཚེས་གཅིག་གི་ཉིན་སླར་ཡང་ཞུ་གཏུགས་ཀྱི་ལས་འགུལ་ཐེངས་བཞི་པ་དེ་སྤེལ་ཡོད་འདུག ཕྱི་ལོ ༢༠༠༨ ལོ་ནས་བཟུང་བྱེས་འཁོད་བོད་མི་ཚོས་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་ཆེད། བྱེས་འབྱོར་གངས་ཅན་པའི་གཞུང་མང་གཉིས་ཀྱིས་དགའ་སྟོན་གྱི་སྤྲོས་པ་བཅད་དེ་མྱ་ངན་གྱི་ལོ་སར་བཞིན་པ་ལྟར། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༡ སྟེ་བོད་རྒྱལ་ལོ་༢༡༤༠ ཆུ་སྦྲུལ་གནམ་ལོ་གསར་ཚེས་ཉིན། ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སིད་སུར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་མཆོག་ཁྱིམ་ཚང་གཉིས་ཀྱི་ནང་མིས་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་། རང་ལུས་མེར་བསྲེགས་བཏང་སྟེ་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། སླར་ཡང་ཞུ་གཏུགས་ཀྱི་ལས་འགུལ་ཐེངས་བཞི་པ་དེ་སྤེལ་ཡོད་པ་དང་། ཁྱིམ་ཚང་གཉིས་ཀྱི་ཐེངས་འདིའི་ལས་འགུལ་འདིར་བོད་མི་གཞན་དག་ཁ་ཤས་ཤིག་ཀྱང་མཉམ་ཞུགས་ཞུས་ཡོད་འདུག དེ་ཡང་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་ཕྱི་ནང་གཉིས་སུ་བྱུང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་ཀ་ཅན་གྱི་བོད་གྱི་རྒྱལ་དར་བསྒྲེངས་འཛུགས་དང་། བོད་ཀྱི་རྒྱལ་གླུ་བཏང་སྟེ་མྱ་ངན་གུས་འདུད་དང་། ས་ཁུལ་དེའི་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གོ་རྟོགས་དང་ཐུགས་སྣང་ཡོང་ཕྱིར། རང་གཞུང་གི་དྲ་རྒྱ་གཙོས་གལ་གནད་ཆེ་བའི་དྲ་རྒྱ་ཁག་གི་ཞལ་བྱང་བཀྲམས་ཏེ། བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པར་མ་ཟད། སླར་ཡང་དགོས་འདུན་དོན་ཚན་ ༦ བཏོན་ཏེ། མྱ་ངན་གྱི་ལམ་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང་། ཚོགས་སྡེ་ཁག་ལའང་གཞིས་སྡོད་མི་མང་གི་མངོན་འདོད་དང་བདེ་སྡུག་ཞུ་གཏུགས་བྱས་དང་བྱེད་བཞིན་ཡོད་འདུག
དགོས་འདུན་དོན་ཚན་ཁག་ནི། དང་པོ། ཕྱི་ལོ་༡༩༥༩ དང་། ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་རྒྱུ་དང་། གཉིས་པ། བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ། གསུམ་པ། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས། བཞི་བ། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས། ལྔ་བ། བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ། དྲུག་པ། བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་རྒྱུ་བཅས་ཡིན་འདུག
དངོས་ནས་ཡག་པོ་འདུག བོད་དོན་ཟེར་བ་དེ་རང་རང་མི་སྒེར་ནས་འགོ་རྩོམ་རྒྱུ་ཞིག་དང་མི་རང་རང་གི་དོན་དག་ཅིག་ཡིན་པས་ནམ་ཡིན་ཡང་གཞན་ཞིག་ལ་ཁག་དཀྲིས་ས་གཏན་ནས་མེད། བཀའ་དྲིན་ཆེ།
༄།ཐུགས་རྗེ་ཆེ་ཁྱེད་ཚང་ བོད་དོན་འཐབ་རྩོད་ལམ་ཁ་གསར་གཏོད་ཅིག་རེད། ་བཀའ་དྲིན་ཆེ་ཞེས་ལེན་བརྒྱར་ཞུ་།