ཨ.མེ་ཆ།
“ང་ཚོའི་ཚེ་སྲོག་འདི་མ་དོར་བར་ཁྱེད་ཚོའི་ཁ་གཏད་དུ་ལངས་ངེས་ཡིན”བསྲན་དཀའ་བའི་
མནར་གཅོད་མྱངས་ཤིང་མྱོང་བཞིན་པའི་བོད་གཞིས་ལུས་མི་མང་གི་ཆོད་སེམས་དང་ཡིད་
ཆེས་ཀྱིས་བསྒྲགས་པའི་སྐད་ཆའི་ཟུར་སྣེ་ཞིག
ཚེ་སྲོག་འདོར་བའི་མི་དམངས།
ཉི་མ་ལྷ་སའི་སྐད་གཟེངས་གཅིག་གིས་ཆོལ་གསུམ་སེམས་ཀྱི་གསང་མིག་བརྡོལ།།
གསོན་པོའི་གཅེས་སྲོག་གྲི་ཡིས་འཐུལ་སྦྲ་ནཨ.མེ་ཆ།ག་གྲུ་བཞིའི་མཐའ་བཞི་བསྲུངས།།
བཙན་པོ་གདུང་གི་དཔའ་རྟུལ་མིག་རྩ་ཞི་བདེའི་འོ་མའི་རླབས་ཀྱིས་འཁྱུད།།
མགོ་ལུས་དམར་བོ་ཁྲག་ལ་བསྙལ་ཡང་རླབས་ཆེན་སྲོག་གི་རྒོལ་བ་བསླངས།།
སྡུག་སུན་སྣ་དགུ་ལུས་ཀྱིས་མ་བཟོད་གནམ་ས་འགུལ་བའི་ཀི་ཞིག་བཏབ།།
རྣམ་དག་ཡིད་ཀྱི་འགྱུར་མེད་ཁ་དན་རིགས་མཐུན་གདོང་དམར་བོད་ལ་བཞག།
རྒྱང་རིང་སྤུན་ཉེའི་བརྩེ་བའི་དངས་མ་རྒས་མེད་དུས་ཀྱི་མཐའ་ལ་བསྲིངས།།
ཞི་བདེ་འདྲེན་པའི་འོད་ཀྱི་ཞིང་ཁམས་ཤ་དང་ཁྲག་གིས་ཉོ་བར་བརྩམས།།
ལྕགས་མདེལ་འབབ་པའི་སྐད་སྒྲ་གཟན་ཡང་ལར་ཞེན་སྤོབས་པ་ཞེ་ནས་ཁྲོ།།
བྱམས་པའི་བརྩེ་དུང་གཡང་ལ་བཏབ་ནས་ཁ་བའི་རྒྱལ་དོན་སྲོག་གིས་བརྩད།།
དམར་གསོད་ཆེན་མོའི་ཁྲག་ཀློང་བརྡོལ་བས་རྨ་འབྲིའི་རླབས་ཀྱིས་མྱ་ངན་རུམ།།
འཇིགས་ཞུམ་བྲལ་བའི་དཔའ་བོའི་ལོ་རྒྱུས་དམར་བོ་ཁྲག་གི་པར་དུ་བཏབ།།
ཁྲག་མདོག་དར་ཟབ་རྐང་རྩེར་ཕབ་ཏེ་གངས་སེང་དར་ཆ་མཁའ་རུ་བསྒྲེངས།།
ལ་རྒྱའི་དབུ་འཕང་དབྱིངས་སུ་བཏེགས་ནས་ཞི་བའི་གདུང་འབོད་ཤུགས་ཀྱིས་གྱེར།།
འཇིགས་མེད་སྙིང་སྟོབས་མེ་རུ་སྦར་ནས་རེ་འདུན་ཞུ་འཕྲིན་གླིང་ལ་བསྐུར།།
གངས་སེང་དར་མའི་ངར་སྐད་རེ་རེ་ཞི་བདེ་འདྲེན་པའི་དཔལ་དུ་བཞད།།
མུན་པའི་གླིང་གི་གཏམ་རྒྱུད།
ཡུལ་གྱར་འཚོ་བའི་གར་སྟབས་ཁྲོད་ནས་ཉིན་མཚན་དུས་དྲུག་ཁད་ཀྱིས་རྫོགས།།
སྐུ་འཕོངས་བདེ་བའི་གནས་མལ་ཞིག་ནས་བཤད་ཡམས་ནག་པོའི་དྲི་ཞིག་འཐུལ།།
མགོ་ནག་བོད་ཀྱི་མཐུ་གཉེན་བཙན་པོས་རང་བྱུང་རི་རབ་གཡོ་ནུས་ཟེར།
སྲུང་མ་དམར་ནག་འཕྲིན་དུ་སྐུལ་ནས་ལྷ་དམག་བྱེ་བ་མངགས་ཡོད་གསུངས།།
ཆབ་སྲིད་རྫུན་ཕུག་གཏིང་ནས་རུལ་དུས་ཆོ་ག་ཆོས་ཀྱིས་ལྷན་པ་བརྩེགས།།
རྣམ་རྟོག་ཅན་འདི་རྨོངས་པར་བསམ་པས་ལྐོག་གྱུར་ལས་ཀྱིས་ཁ་ལོ་སྒྱུར།།
དཔག་ཚད་སྟོང་གི་སེམས་ཐག་བར་ནས་དངོས་དོན་གླེང་བའི་སྐལ་བ་ཕྲ།།
གནའ་སྒྲུང་ཚེར་མའི་བགྲོད་ལམ་རིང་མོ་ད་དུང་མུན་པའི་གཏིང་དུ་འདུག།
དོན་གྱི་མཁས་པའི་ཞལ་གསུང་དྲོན་པོ་དགོས་མེད་དོགས་པས་རྒྱང་དུ་བསྐྲད།།
གླེན་པའི་རིགས་ཀྱི་འཆལ་གཏམ་རྙོག་པོར་གནས་ལུགས་སྲོག་གི་སྙིང་བོ་བསྐྲུན།།
དགོད་ཀྱང་བྲོ་བའི་རྒྱལ་ཁམས་ཤིག་སྟེ་མུན་པའི་གླིང་གི་གཏམ་རྒྱུད་འདི།།
སྡུག་གིས་འཚོ་བའི་འབངས་ཀྱིས་རྔུབ་ན་སེམས་གཅུང་ནད་ཀྱི་གཉེན་ལས་མེད།།
གྲོས་ཚོགས་ར་བའི་ལབ་བརྡོལ་རིང་མོ་ས་དང་རྡུལ་གྱིས་ཀུ་རེ་སློང༌།།
བཀའ་ཤག་སྐུ་མཆེད་བཟོད་སྒོམ་ཆེ་བས་རྟོགས་པའི་གོ་འཕང་བརྙེས་ལ་རན།།
འབྲེལ་མོལ་གོ་རིམ་ཨང་ཀི་བསྟར་ཏེ་འབྲས་མེད་ཤུགས་རིང་སུ་ཡིས་འཐེན།།
རྩེད་མཚར་ལྟ་བུའི་བཞུད་ལམ་འདི་ནས་སྡུག་གདུང་སྨྲེ་སྔགས་ཐོལ་གྱིས་བསྒྲགས།།
དམར་བོ་ཁྲག་གི་ཟིན་བྲིས།
ཕྱིར་དུ་ལོག་པའི་སྙིང་རུས་ཅན་ཚོས་ཕ་ཡུལ་ཕྱོགས་སུ་གོམ་ཁ་བསྒྱུར།།
རྒྱ་གར་གཉེན་རྟོག་རྐང་རྗེན་པ་ཚོའི་ཕ་ཤ་ཟོས་པའི་ཤ་འཁོན་བཞིན།།
གདུག་རྩུབ་ནག་པོའི་འཐེན་འདྲུད་ཁྲོད་ནས་ཁྲིམས་ཁང་རྫོབ་པའི་ཕུག་ཏུ་བཅུག།
སྲིད་ན་དཀོན་པའི་བརྙས་བཅོས་སྣ་ཚོགས་རྒྱལ་ཁབ་མེད་པའི་མི་ལ་སྡང༌།།
དམར་བོའི་གཉན་ལག་ཕྱི་རུ་ཐོན་ཏེ་བལ་བོའི་རྒྱལ་ཁམས་ཟང་ཟིང་དཀྲུགས།།
མི་སེར་དཀྱུལ་མའི་སྨྲ་སྒོ་བསྡམས་ཏེ་རང་དབང་སྒོ་མོ་གཏན་དུ་བཀག།
རྒྱལ་ཁྲིམས་ཕ་བོང་རྨང་ནས་གསིལ་ཏེ་དམར་བོའི་ཁ་ཆུ་སྙིང་ལ་བགོས།།
སྨྱོ་ཧམ་ལྟ་བུའི་བྱ་སྤྱོད་ཅིག་གིས་སྐྱབས་བཅོལ་བ་རྣམས་ཤིན་ཏུ་བརྙས།།
གསུམ་གཅིག་བཞི་ཡི་དྲག་རླུང་རྩུབ་པོས་ཚེ་སྲོག་མང་བོའི་དབུགས་རྒྱུན་གཏུབ།།
བེམ་པོ་སྤུངས་པའི་དུས་ཚིགས་ནག་པོར་མི་སེམས་རློན་པས་མིག་ཆུ་གཏོང༌།།
ཉིན་ཞག་རེ་གཉིས་རིམ་གྱིས་འདས་དུས་སྡུག་གི་མྱ་ངན་རྙིང་དུ་འགྱུར།།
ཤི་བོའི་རྗེས་ཀྱི་སྙིང་ནད་རྩོད་ལ་སྤོབས་པའི་རེ་བ་དབུལ་ཞིང་ཕོངས།།
གསར་བཤད་ལྟ་བའི་གློ་སྙིང་སྨྱོས་པའི་སྙིང་ཁམས་པ་ཚོའི་སྙིང་སྟོབས་བོར།།
སྙུག་རྩེ་རྣོན་པོའི་ངར་རྒྱལ་འཁུར་བའི་སེམས་ཁུར་ཅན་ཚོ་གང་ནས་ལུས།།
རྙིང་ཞེན་ལྕགས་སྒྲོག་སིལ་བུར་གཏོར་བའི་རྣམ་དཔྱོད་ཅན་དག་གང་དུ་སོང༌།།
གནས་ལུགས་སྲོག་གི་གཏའ་མར་འཇོག་པའི་ཐ་སྙད་པ་རྣམས་སུ་ལ་སྐྲག
༢༠༠༨- ༤ -༢༢
བདེན་པ་བདར་ནས་བདེན་ཁ་ཟད༎ བདེན་པའི་བུ་ཆུང་ནགས་ན་ངུ་༎