སྤྲུལ་སྐུ་དབང་ཆེན།
—–སྙིང་གི་མཛའ་མོའི་སྐྱེས་སྐར་ལ་ཕུལ།
གནག་སྣུམ་སྐྲ་ཡི་ལན་བུ་ཤིག་ཤིག་གཡོ།།
མཛེས་སྡུག་ཡིད་འོང་འཛུམ་ཞལ་ལྷག་ལྷག་དགོད།།
སྙིང་གཏམ་བདུད་རྩིའི་ཞིམ་མངར་དུང་དུང་འཕྱོ།།
དེ་རིང་མཛའ་མོའི་ཉི་མ་བཟང་པོར་བསྟོད།།
བྱམས་ལྡན་ཐུགས་རྒྱུད་འོ་མའི་མཚོ་ལས་ཟབ།།
གཞན་ཕན་ལྷག་བསམ་ངང་བའི་སྤུན་ལས་ལྷག །
ཤེས་འཇོན་མཛངས་མའི་དྭངས་མ་ཁྱེད་གཅིག་པུ།།
སྙིང་གི་པད་འདབ་དཀྱིལ་ན་ལྷན་མེར་བཞུགས།།
མ་བཅོས་ཡ་རབས་སྤྱོད་བཟང་རྒྱན་བཞིན་འདོགས།།
མ་སྨད་དེང་རབས་ཤེས་བྱའི་རྩེ་མོར་སོན།།
མ་བཟང་བུ་མོའི་གཤིས་ཀ་འདི་མཇལ་ཚེ།།
མ་བསྐུལ་བསྟོད་བསྔགས་མགྲིན་པའི་རོལ་མོ་འཁྲོལ།།
རྟེན་འབྲེལ་ལུགས་འབྱུང་འཁོར་བའི་གྲུ་ཟུར་ནས།།
རྟེན་འབྲེལ་ལུགས་ལྡོག་སྒྱུ་མའི་རྟར་ཞོན་ཏེ།།
རྟེན་མཆོག་མི་ལུས་རྙེད་པ་བས་ཀྱང་ནི།།
རྟེན་འབྲེལ་བཟང་པོས་ཁྱེད་མཇལ་སྐལ་བཟང་སྙམ།།
མ་ཡུམ་གངས་ལྗོངས་སྐྱིད་པའི་རྒྱལ་རྒྱུད་ལ།།
མ་མཆོག་བུ་མོའི་ཡང་རྩེ་ཁྱེད་ལྟ་བུ།།
མ་ལུས་ས་གཞི་བསྐོར་ཀྱང་མི་རྙེད་པས།།
མ་བཙལ་བདག་གི་དཔལ་དུ་ཐོབ་འདི་རྨད།།
བདག་སྙིང་མི་ཤིགས་རྡོ་རྗེའི་གུར་ཁང་ནས།།
བདག་སེམས་གེ་སར་གཞོན་ནུའི་བརྩེ་གྲོགས་སུ།།
བདག་ལུས་སྒྱུ་མའི་འཇིག་རྟེན་མ་སྟོང་བར།།
བདག་དང་མི་འབྲལ་ལྷན་ཅིག་འགྲོགས་པར་སྨོན།།
སྐྱེ་བ་འདི་དང་སྐྱེ་བ་གཞན་དག་དང་།།
སྐྱེ་གནས་རིགས་དྲུག་མཐོ་དམན་གར་སྐྱེས་ཀྱང་།།
སྐྱེ་ཀུན་སྐྱེས་མ་ཁྱེད་དང་དུས་རྟག་ཏུ།།
སྐྱེ་ནས་སྐྱེ་བར་མཛའ་བརྩེའི་མཐུན་གྲོགས་ཤོག །།
༠༢/༢༠/༢༠༡༣ལ་བྲིས་སོ།
ཁ་བརྡ་ཚང་ལ་ཞུ་རྒྱུར།
བྱམས་བརྩེའི་འོད་སྣང་དེ་གློག་འཕྲིན་གྱི་ཁ་བྱང་རེད། རྩོམ་དེའི་ཁ་བྱང་(སྙིང་གི་མཛའ་མོའི་སྐྱེས་སྐར་ལ་ཕུལ)ཟེར་བ་དེ་རེད། བཀའ་དྲིན་ཆེ།
གྲྭ་བ་སྤྲུལ་ལོག་འདི་ཚོས་བསྟོད་མི་དགོས་པ་ཞིག་ལ་བསྟོད་པའམ་བུད་མེད་ལ་བསྟོད་ན་འོ་སྐོལ་སྐྱ་བོ་རྣམས་ཀྱི་སྐེ་ཚུགས་ནས་དངུལ་ཆུ་བཞུར་ཀི
ཧ་ཧ་ཧ། སྤྲུལ་སྐུ་དབང་ཆེན་ཟེར་བའི་མི་ལྤགས་གོན་པའི་སྤྱི་ཚོགས་ཀྱི་གད་སྙིགས་འདི་ཚོ་ངོ་ཚ་མ་ཤེས་པ་ལ་ལྟོས་དང་། སྤྲུལ་སྐུའི་མིང་ཁུར་ནས་བསྟན་པའི་ཞབས་འདྲེན་པ་ལ་ལྟོས་དང་། སངས་རྒྱས་ཀྱི་བསླབ་ཁྲིམས་མཆིལ་མའི་ཐལ་བ་ལྟར་དོར་བའི་སྤྲུལ་རྫུན་འདི་ཚོ་སྤྱི་ཚོགས་མཐའ་དག་དཀྲུག་མཁན་ཏིག་པོ་དེ་ཡིན། ཀྱག་པའི་སྙན་རྩོམ། འདི་ཚོ་གྲས་ཁ་བརྡ་དྲ་རྒྱ་བསླད་བྱེད་ཡིན་པས་འདིར་མ་བཀོད་རོགས། མི་རྫུན་འདི་ཚོ་སྐད་ཆ་བཤད་ས་དང་འཁྲབ་སའི་ཁོར་ཡུག་མ་རག་པར་ཁ བརྡ་དྲ་རྒྱའི་ནང་འཛུལ་རྒྱུ་དེ་ཁོ་ཚོ་གོ་སྐབས་ཡག་ཤོས་རེད་བསམ་པ་རེད། གཞན་སྤྱི་ཚོགས་ནང་གཟའ་རོ་འདི་ཚོ་གབ་ནས་བསྡད་ཡོད།