ཀླུ་སྨྱོན།
ལེའུ་དང་པོ།
གཅིག
རྨ་ཆེན་གངས་འདབས་སུ་ཆགས་པའི་གཡག་གྲོང་ཁྱེར་ནི་ཞོགས་པའི་སྨུག་ཞགས་ཀྱི་ཁྲོད་དུ་གནའ་བོའི་ལྡེབས་རིས་རྙིང་གོག་ཅིག་དང་འདྲ་བར་ཁུ་སིམ་མེར་གནས། ཤར་ཕྱོགས་ཀྱི་མཁའ་མཐའི་ཉི་མ་དམར་པོ་དེ་དལ་བུར་ཐག་ཚད་ཙམ་ལ་འཕགས་ན། མཐོ་སྒང་གི་གྲོང་ཁྱེར་འདིའི་སྲང་ལམ་ཆེ་ཆུང་ཀུན་ཏུ་ནོར་ནག་གི་རྨིག་སྒྲ་ཇེ་དྲག་ཏུ་སོང་ཞིང་། མགོའི་སྐྲ་ལོ་གཟེངས་ཤིང་ལུས་ལ་དགུན་སླག་འཐུག་པོ་གྱོན་པའི་གྲོང་ཁྱེར་འདིའི་ལས་བྱེད་མཐོ་དམན་ཚང་མས་སོ་སོའི་མིག་མདུན་ནས་ཆེ་རུ་ཕྱིན་པའི་གཡག་རྒན་རེ་ཞོན་ནས་རང་རང་གི་ལས་ཁུངས་སྙེག་བཞིན་འདུག འདྲེ་འདུ་ལས་ཁུངས་ཀྱི་དབུ་འཛིན་ཙིག་གྱོང་གིས་དེ་རིང་ཅི་ཞིག་ཐོས་པ་དང་འདྲ་བར་ནམ་རྒྱུན་ལས་སྐར་མ་བཅུའི་སྔོན་དུ་གཞུང་ལས་ཁང་དུ་སླེབས་འདུག ཁོས་ཐོག་མར་ཁ་ཏོན་གྱི་མཇུག་བསྡུས་ཏེ་གཅིག་གིས་བརྒྱར་མི་ལོངས་པའི་ཙན་དན་ནག་པོ་ཕྲེང་བ་དེར་ཕུ་ལན་འགའ་བཏབ་ནས་སྐེ་རུ་འཕངས། དེ་ནས་གདོང་གི་གཡག་རྩིད་ཀྱིས་བཟོས་པའི་མིག་རྭ་དེ་མར་བླངས་རྗེས། གློ་བུར་དུ་ཡར་ལངས་ནས་རྣོ་ལྕགས་ཀྱི་གོང་བུ་ཞིག་དང་འདྲ་བའི་ཁུ་ཚུར་གྱིས་འདས་ལོར་ཁོ་ཚང་གི་མར་སྒམ་ཡིན་ལ་སང་ལོར་རྩམ་སྒམ་བྱེད་འཆར་ཡོད་པའི་མདུན་ཅོག་ཀོ་ཐུབ་བརྒྱབ་པ་དེའི་སྟེང་དུ་ཤུགས་ཆེན་པོས་ཐེངས་གཅིག་གཞུས་པ་ན། ཁོའི་མཐའ་འཁོར་ན་ཡོད་པའི་ལས་བྱེད་སྙིང་ཆུང་འགའ་རེ་སྐྱག་དྲི་ཆིལ་ལེར་སོང་ཞིང་། བློ་ཁོག་ཅུང་ཆེ་བ་རེ་གཉིས་ཁྱི་རྐུན་གྱི་མགོ་ལ་རྡོ་ཕོག་པ་བཞིན་འཁྱར་འཁྱོར་ངང་ཁོང་གི་རྩར་རུབ་བྱུང་། “རྩམ་ཟན་ཚོ། ཉི་མ་ལྔའི་རིང་ལ་དོན་དག་འདི་བསྒྲུབས་མ་ཚར་ན། རང་རང་གི་སྡུག་མགོ་ངའི་མདུན་ནང་དུ་ཞོགས་ལ་གཅིག་ཀྱང་མ་ལུས་པར་ཨ་ཁུ་(གཤིན་རྗེ་ཆོས་རྒྱལ)ཚང་ལ་ཆས་ཤིག”ཁོང་གིས་གཏམ་བཤད་ཀྱི་མཇུག་བསྡུས་རྗེས། དལ་ལྷོད་ལྷོད་ངང་མིག་སྔོན་པོར་གྱུར་ཅིང་སྙིང་རྩ་ལྡིང་མཚམས་བཞག་འདུག་པའི་ལས་བྱེད་དེར་རྡོག་རྒྱག་ཅིག་གཞུས་ནས་རྩིག་ཟུར་ཞིག་ཏུ་འཕངས་པ་དང་མཉམ་དུ་སྒོར་བུད་ནས་ལས་ཁུངས་ཀྱི་ཕྱི་སྒོའི་ལྕགས་ལུང་ལ་བཏགས་འདུག་པའི་གཡག་རོག་དེའི་རྒྱབ་ལ་འབྱར་ནས་ཕྱིར་ལོག་སོང་། ཤུལ་དུ་ལུས་པའི་ལས་བྱེད་ཚོའི་ནང་ནས་རེ་གཉིས་ཀྱིས་ཆུ་ཚོད་གཅིག་ལྷག་གི་རྗེས་ནས་ད་གཟོད་རང་རང་གི་ལུས་ནས་མཆེད་འོངས་པའི་གཅིན་སྐྱག་གི་དྲི་མ་ཚོར་ཞིང་། ཚང་མས་ཅི་ཞིག་རྟོགས་སོང་བ་དང་འདྲ་བར་རང་རང་ཆོས་སྐྱོང་སྲུང་མར་གསོལ་བ་འདེབས་བཞིན་ལས་ཁུངས་ཀྱི་སྒོ་ཁ་རྡོག་སྒྲས་བཀང་། དཔྱད་གཞིའི་ཡིག་རིགས་ཀྱི་མཐའ་སྡོམ་ལྟར་ན། དབུ་འཛིན་ཙིག་གྱོང་ནི་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་ནས་མར་བརྩིས་པའི་ངའི་མེས་པོ་དགུ་པ་དེ་རེད་འདུག
གཉིས།
ངའི་ཕ་ཡུལ་དུ་ཉིན་དགུའི་རིང་ལ་ཁ་བ་བབས། དེ་ནི་སྤྱི་རྒྱ་འབུམ་ཕྲག་ལོངས་པའི་གནམ་ལྕགས་ཀྱི་ཐམ་ཀ་ཞིག་དང་མཚུངས་པར་ཡུལ་འདིའི་མི་ཟོག་གཉིས་ཀའི་ཚེ་སྲོག་ལ་རང་བྱུང་ཁམས་ཀྱི་རྡུག་རྩུབ་ལས་རྒྱལ་མི་ཆོག་པའི་རྟག་བརྟན་གྱི་གན་རྒྱ་ཞིག་བཞག་བྱུང་། ཆག་སྒོ་སྐྱི་གཡའ་བ་འདིའི་ཁྲོད་ནས་ང་ཚོའི་སྡེ་བའི་མི་རྣམས་ཀྱི་གཞི་ནས་ཨ་མྱེས་ཙིག་གྱོང་ཐེངས་གཅིག་དྲན་སོང་། ཁོང་གིས་སྐམ་ཞིང་རིད་པའི་མཆུ་འདབས་ཀྱི་ཁ་སྤུ་ཉག་མ་ཉེར་དགུ་ཡོད་པ་དེ་ཚོའི་སྟེང་དུ་མཁའ་དབུགས་གྲང་མོས་འཁྱག་རེངས་སུ་བཏང་བའི་ཟིལ་ཆུའི་མེ་ཏོག་བཞད་ཚེ། ནམ་རྒྱུན་ཡུལ་མི་ཚོས་ཁ་བའི་གནོད་སྐྱོན་ལ་སྔོན་འགོག་གི་གྲ་སྒྲིག་བྱེད། བློ་ཕམ་པ་ཞིག་ལ་ཨ་མྱེས་ཙིག་གྱོང་ཁོང་གིས་ཐེངས་དེར་བཀོད་སྒྲིག་བྱས་པའི་གཡག་རྐུ་ལས་འགུལ་དེའི་ནང་དུ་ཁོའི་མངའ་འོག་གི་ལས་བྱེད་སྡར་མ་ཚོ་དང་མཉམ་དུ་ཨ་ཁུ་ཚང་ལ་ཕྱིན་ཚར། ཐེངས་འདིའི་ཆག་སྒོའི་ཁྲོད་གཡག་གྲོང་ཁྱེར་གྱི་ལས་བྱེད་པ་མང་པོ་ཞིག་གི་སེམས་སུ་སྦྲ་ནག་དང་རྩྭ་ཐང་ལ་ཞེན་ལོག་གི་མྱུ་གུ་འབུས་ཤིང་། གྲོང་ཁྱེར་དང་ཁང་བརྩེགས་ལ་དགའ་བའི་མེ་ཏོག་བཞད་སོང་། ཁྱི་སྨྱོན་རྩྭ་ཐང་གི་འབྲོག་པ་ཚོར་ཤ་རློན་དང་རྩམ་སྐྱ་མ་གཏོགས་བཟའ་རྒྱུ་མེད་པའི་དེ་རིང་སྔ་དྲོར། ཨ་ལགས་ཕ་བོང་ཚང་གི་རིག་མ་མོ་གཤམ་དེར་བུ་བུ་མོ་གསུམ་མཉམ་དུ་སྐྱེས་ཤིང་། རིག་མ་ཡང་མངལ་ཁྲག་བཞུར་རྒྱུ་མང་དྲགས་ནས་མཁའ་འགྲོའི་ཞིང་ཁམས་ག་གེ་མོ་ཞིག་ཏུ་ཕེབས་སོང་བས། ཨ་ལགས་ཕ་བོང་ཚང་ནི་ངོ་མ་ཕ་བོང་ཞིག་དང་འདྲ་བར་ཁྱི་སྨྱོན་རྩྭ་ཐང་གི་ཚོ་དཔོན་མིག་ནག་ཚང་གི་ཁྱིམ་ཕུགས་ན་གྲགས་འགུལ་མེད་པར་ཧད་དེ་ལུས་འདུག ཁོང་གི་སྲས་དང་སྲས་མོ་ཚོའི་ངུ་སྐད་ནི་སྒྱུ་རྩལ་མཁས་ཅན་སུ་ཞིག་གིས་ཀྱང་གདངས་རྩོམ་མི་ཐུབ་པའི་རོལ་དབྱངས་ཤིག་དང་འདྲ་བར་དབེན་འཇགས་ཀྱི་རྩྭ་ཐང་འདིའི་གྲུ་ཟུར་ཀུན་ཏུ་འཕུར་གྱིན་འདུག
གསུམ།
རྣམ་ཤེས་ཀུན་བསྡུ་གླིང་གི་མཁན་རབས་དགུ་བཅུ་གོ་དགུ་བ་ནི་ངའི་སྤུན་མཆེད་འཆི་མེད་ཟླ་བ་ཡིན། ཁོ་ནི་སྒྱུ་མ་མཁན་གྱི་འཚོ་བ་སྐྱེལ་མྱོང་མཁན་ཞིག་ཡིན་པས། ད་ལྟ་ཁོ་ལ་ས་འདིའི་མི་རྣམས་ཀྱིས་གྲུབ་པའི་གཙུག་རྒྱན་གྱི་ཆོ་ལོ་བྱིན་འདུག རྐྱེན་ཅི་ཡིན་པ་མི་ཤེས་མོད། ཁོ་ནི་བུད་མེད་ལ་ཧ་ཅང་དགའ། ཟླ་བ་གསུམ་རེའི་ནང་ཁོས་རིག་མ་ཁབ་ཏུ་བཞེས་པའི་མདད་པ་ཐེངས་རེ་ངེས་ཅན་དུ་མཛད་བཞིན་ཡོད། ཐེངས་ཤིག་ང་འཆི་བདག་ཅེས་པའི་དུས་དེབ་ལ་མ་དངུལ་སློང་ཕྱིར་ཁོའི་སར་སོང་བ་ཡིན། ཁོང་གི་ཚེམས་ཤིན་ཏུ་དཀར་ན་ཡང་ཞལ་རས་ཧ་ཅང་ནག རིག་མ་ལོ་ཆུང་དེས་ང་རང་གཡག་གྲོང་ཁྱེར་ནས་འོངས་པ་ཤེས་པ་འདྲ། དགོན་པའི་མཁན་པོ་སྟེ་མོའི་ཁྱོ་ཁ་འཐད་མིན་ལ་ཅི་མི་སྙམ་པར་ཁོ་མོ་དང་ལྷན་དུ་ཞབས་བྲོ་རྒྱག་དགོས་ཟེར་ནས་ཨུ་ཚུགས་བྱེད། ང་རང་ཐབས་ཟད་དེ་འཆི་མེད་ཟླ་བའི་གདོང་ལ་བལྟས་པ་ན། ཁོས་མིག་དམར་པོ་དེ་རྡེབ་བཞིན་མོས་མཐུན་ཡོད་པའི་རྣམ་འགྱུར་ཞིག་བསྟན་བྱུང་བས། ང་ཡང་རང་དབང་མེད་པར་ཁོ་མོའི་རྐེད་པ་ཕྲ་བོ་དེར་འཁྱུད་དགོས་བྱུང་སོང་། འོན་ཀྱང་ཁོ་མོའི་རྐང་སྟབས་རེ་རེ་ནི་གསང་སྔགས་ཀྱི་གཞུང་ནས་གསུངས་པའི་མཁའ་འགྲོའི་གར་སྟབས་ལས་མི་འདའ་བས། ངེད་གཉིས་ཕན་ཚུན་གྱི་རྐང་རྩར་སྤོ་རེས་བྱས་ནས་ཞབས་བྲོ་རྒྱག་ཐབས་བྲལ། མཇུག་མཐར་ཁོ་མོས་དབུགས་རིང་ཞིག་ཕྱུངས་ནས་མཆུ་སྒྲོས་དམར་པོ་དེའི་ངའི་རྣ་རྩར་གཏད་དེ་གསེར་གྱི་དྲུལ་ཆུང་འཁྲོལ་བ་ལྟ་བའི་སྐད་ཀྱིས་“ང་རང་གྲོང་ཁྱེར་ནང་འགྲོ་འདོད་”ཟེར། འཆི་མེད་ཀྱིས་ང་རང་འཆི་བདག་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན་པ་ཤེས་པ་འདྲ། ཁོས་ང་ལ་“དེ་དུས་ཀྱི་འཆི་བདག་དེ་གཉིད་སོང་བ་འདྲ་”ཟེར། ངས་“ཅིའི་ཕྱིར་”ཞེས་དྲིས་པ་ན། ཁོས་ཁྲོ་གཉེར་ཞིག་བསྡུས་ཏེ་“ཉེ་འདབས་ཀྱི་འབྲོག་པ་འདི་ཚོས་འཆི་བ་ཞིག་མི་འདུག་”ཅེས་ལབ་བྱུང་། རྣམ་ཤེས་ཀུན་བསྡུ་གླིང་གི་ཕྱོགས་བཞི་ནི་དུར་ཁྲོད་ཡིན་པས། སྐབས་རེར་བྱ་རྒོད་དང་ཁྱི་སྤྱང་གིས་མིའི་རུས་གོག་འདྲ་མིན་དྲུད་ཡོང་ནས་གླིང་བར་གྱི་ལྷིང་འཇགས་དཀྲོགས་ཀྱིན་འདུག་ལ། བན་ཕྲུག་ཁེར་འདུག་ཚོར་བཅས་དཀའ་བའི་སྙིང་ནད་ཅིག་གིས་ནམ་རྒྱུན་གཙེས་བཞིན་འདུག ཉིན་གཅིག་གི་རྗེས་སུ་ང་རང་གཡག་གྲོང་ཁྱེར་དང་རྒྱང་ཐག་རིང་བའི་དབེན་དགོན་འདི་དང་ཁ་བྲལ་བ་ཡིན།
བཞི།
སྒྲོལ་མ་དཀར་མོ་སྐྱེས་ནས་བཟུང་ད་བར་དུ་ཐེངས་གཅིག་ཀྱང་བགད་མ་མྱོང་། ཁོ་མོའི་ཕ་རྒན་ནི་གཡག་གྲོང་ཁྱེར་གྱི་ཉེན་རྟོག་པའི་དཔོན་པོ་ཞིག་ཡིན། ཁོས་ད་ནངས་ཞོགས་པར་ཁ་བ་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་དུ་བླངས། མིག་ཤེལ་དཀར་པོ་གྱོན་པའི་གསར་འགོད་པ་མིག་གཅིག་ནི་སྔོན་ཆད་འདྲེ་འདུ་ལས་ཁུངས་ཀྱི་དྲུང་ཡིག་ཡིན་ལ། ལས་ཁུངས་དེ་འཐོར་ཞིག་ཏུ་སོང་རྗེས་ཁོས་ལས་ཀ་འདི་བདམས་པ་རེད། སྒྲོལ་མདཀར་མོས་ཕ་དང་གསར་འགོད་པ་གཉིས་ལ་དཀྲུགས་ཇ་ཤེལ་ཕོར་གང་རེ་བླུགས་རྗེས། འབོལ་ཁྲི་སེར་པོ་ཞིག་གི་སྒང་ལ་བསྡད་ནས་སྨྱོན་པ་ཞེས་པའི་སྒྲུང་དེབ་དེར་ལྟ་བཞིན་འདུག མཚམས་རེར་ཁོ་མོའི་ཤིན་ཏུ་མཛེས་པའི་མིག་ཟུང་གིས་སྒྲུང་དེབ་ཀྱི་གྲུ་ཟུར་ནས་མིག་གཅིག་གི་གདོང་ལ་ལྐོག་ལྟ་བྱེད་ཀྱིན་འདུག མིག་གཅིག་གི་ལག་པོ་གཡོན་པར་སྲིན་མཛུབ་ལྷག་མ་ཞིག་ཡོད་པ་མ་གཏོགས་ཡན་ལག་ཉིང་ལག་ཚང་མར་སྐྱོན་བརྗོད་རྒྱུ་མི་འདུག ཁོ་ནི་སྙན་ངག་པ་ཞིག་ཡིན་ལ་རི་མོ་བ་ཞིག་ཀྱང་ཡིན། ཁོས་རང་གི་མིག་ལམ་ནས་ཡལ་བ་མེད་པའི་སྒྲོལ་མ་དཀར་མོའི་གཟུགས་རིས་དེ་རི་མོར་བྲིས་ནས་མུ་ཏིག་ཅེས་པའི་བརྙན་དེབ་ཅིག་ཏུ་བཀོད། ད་ལྟ་རི་མོ་དེའི་གྲགས་པ་འབར་ནས་གྲོང་ཁྱེར་འདིའི་སྒྱུ་རྩལ་ཁང་མཐོ་གྲས་ཤིག་ཏུ་བཤམ་སྟོན་བྱེད་རྒྱུ་གཏན་འཁེལ་འདུག ཁྱི་སྨྱོན་རྩྭ་ཐང་གི་བུ་མོ་སུ་ཞིག་གིས་ཀྱང་འགྲན་མི་ནུས་པའི་སྒྲོལ་མ་དཀར་མོ་ཐེངས་འདིར་འཛུམ་ཙམ་བྱས་པས། ཁོ་མོའི་ཕ་རྒན་དགའ་དྲགས་ནས་སྔོན་ཆད་ཀྱི་ནད་རྙིང་དེའི་སྟེང་དུ་སླར་ཡང་ངོས་མི་ཟིན་པའི་ནད་གཞི་གསར་པ་ཞིག་ཁ་སྣོན་བརྒྱབ་འདུག འདིར་བརྗོད་དགོས་པ་ཞིག་ལ། མིག་གཅིག་དང་ངེད་གཉིས་གྲོགས་པོ་ཡིན་ལ། ཁོས་ནམ་རྒྱུན་ང་ལ་“འཛམ་གླིང་གི་ལས་བྱེད་སྐྱོ་ཤོས་”ཞེས་འབོད་ཐེངས་རེར་ངས་ཁོ་ལ་བདེན་ཁ་གྲངས་མེད་སྟེར་མྱོང་། གང་ཡིན་ཟེར་ན། ངས་ནམ་རྒྱུན་ཉིན་རེར་ཆུ་ཚོད་བརྒྱད་ཙམ་ལ་གཞུང་ལས་ཁང་དུ་ལས་ཀར་འབད་ཀྱང་། དུས་བཞིའི་དབྱེ་བ་མེད་པར་ང་ནི་སྤྲང་བོ་ཞིག་དང་འདྲ་བར་བསྡད་ཡོད། མི་འགའ་རེས་སྒྲོལ་མ་དཀར་མོའི་གསང་བ་གང་ཞིག་རྟོགས་པ་དང་འདྲ་བར་ཁོ་མོར་འཕྱ་སྨོད་སྣ་ཚོགས་བྱེད་བཞིན་འདུག མིག་གཅིག་གི་རྣ་བ་ཡ་གཅིག་འོན་ཡོད་པ་འདྲ། ཁོས་གཞན་གྱིས་སྒྲོལ་མ་དཀར་མོར་ཅི་ཟེར་ལ་མི་ཉན་པར་ཁོ་མོ་མགུ་གང་ཐུབ་བྱེད་བཞིན་ཡོད་མོད། མོའི་ཕ་རྒན་གྱི་རེ་བ་ནི་ཁོ་མོ་དབེན་དགོན་ཞིག་ལ་སྐྱེལ་རྒྱུ་དེ་རེད།
ལྔ།
ཕ་རོ་རི་ཁྲོད་ལ་ལོ་ངོ་དགུ་བརྒྱའི་ལོ་རྒྱས་ཡོད། དེང་སྐབས་ལོ་ན་གཞོན་པའི་ཨ་ནི་འགས་སྤྱིལ་བུ་ཁ་ལྷོ་ལྟ་རེ་བརྒྱབ་ནས་བྲོ་བ་མེད་པའི་འཚོ་བ་ཞིག་སྐྱེལ་བཞིན་འདུག ཆགས་མེད་ཆོས་སྒྲོལ་ནི་ཁོ་ཚོའི་ནང་ནས་ལོ་ན་གཞོན་ཤོས་དང་རྣམ་པ་མཛེས་ཤོས་དེ་ཡིན་ལ། དེ་སྔར་གཡག་གྲོང་ཁྱེར་ན་ཡོད་པའི་བོད་དང་དབྱིན་ཇིའི་ཡི་གེ་སྦྱོང་སའི་སློབ་གྲྭ་ཞིག་ཏུ་ལོ་གསུམ་ལ་བསྡད་མྱོང་བས། དེང་སྐབས་ཕྱི་རྒྱལ་གྱི་ལྗོངས་རྒྱུ་བ་ཚོར་མོས་གནའ་ཤུལ་ངོ་སྤྲོད་བྱེད་བཞིན་འདུག ཐེངས་ཤིག་ཨ་རི་ལྷོ་མའི་ཕོ་གསར་སྤྲོ་འཆམ་པ་ཞིག་གནས་འདིར་སླེབས། ཁོའི་བྱད་བཞིན་དང་གྱོན་ཆས་ནི་ཆགས་མེད་ཆོས་སྒྲོལ་གྱིས་གློག་བརྙན་ལས་མ་གཏོགས་མཐོང་མ་མྱོང་བ་འབའ་ཞིག་རེད། ཉིན་དེར་མོས་ཕ་རོ་རི་ཁྲོད་ཀྱི་བྲག་ཕུག་གཏིང་རིང་དེའི་ནང་དུ་ཁོ་ཁྲིད་ནས་གནས་བཤད་བརྒྱབ། གསང་སྔགས་ཀྱི་ལུགས་དང་མཐུན་པའི་ལྷ་དང་ལྷ་མོ་དག་གཅིག་ལ་གཅིག་འཁྱུད་པའི་ལྡེབས་རིས་ཤིག་གི་མདུན་དུ། ཆགས་མེད་ཆོས་སྒྲོལ་གྱིས་གནས་བཤད་རྒྱག་མཚམས་ཆད་ནས་ཕོ་གསར་དེའི་ལག་གི་ཁ་དོག་སེར་པོར་གྲགས་པའི་བརྙན་རིས་དེ་དག་ལ་མིག་མདངས་ནས་ལྟ་བཞིན་འདུག ཕོ་གསར་དེས་ལག་ཟུང་བ་སྤུ་་སེར་པོས་ཁེབས་པ་དེ་བརྐྱངས་ནས་མི་རང་སར་བསྒྱེལ། མོས་མིག་ཟུང་བཙུམས་ནས་བསྡད་དེ་ཕྱིར་རྒོལ་བྱེད་འདོད་མ་སྐྱེས། མོས་འཇིག་རྟེན་གཞན་པ་ཞིག་གི་དྲོད་ཁོལ་རྙེད། ཁོ་གཉིས་ལག་གདངས་སྦྲེལ་ཏེ་བྲག་ཕུག་གི་སྒོར་སླེབས་པ་ན། ཁོ་མོ་ཚོའི་དགེ་བསྐོས་ཀྱིས་རྒྱུག་པ་སྦོམ་པོ་ཞིག་མཆན་ལ་བཙུར་ནས་ཕ་བོང་ཞིག་གི་སྟེང་དུ་ཁོ་གཉིས་ལ་བསྒུགས་ནས་འདུག མོས་ཁོ་གཉིས་མཐོང་མ་ཐག་ལག་གི་རྒྱུག་པ་བར་སྣང་ལ་ཕྱར་ནས་ཚུང་མཆོངས་ཡོང་སྟེ་ཨ་རིའི་ཕོ་གསར་དེའི་མགོ་ལ་ཤུགས་ཆེན་ཞིག་གཞུས་པ་ན། ཕོ་གསར་དེའི་མིག་སྔོན་པོ་དེ་ཀླད་ལ་འཁོར་ནས་གན་རྐྱལ་དུ་འགྱེལ། ཆགས་མེད་ཆོས་སྒྲོལ་གྱིས་ངུ་སྒྲ་ཆེན་པོ་ཞིག་སྒྲོག་བཞིན་ཕོ་གསར་དེར་འཐམས། ཕོ་གསར་དེའི་ཁ་སྣ་གཉིས་ནས་ཁྲག་དམར་ཆིལ་ཆིལ་དུ་ཐོན་ཡང་། དེའི་རྗེས་ཀྱི་གནས་ཚུལ་ནི་འདིར་འབྲི་སྟབས་མི་བདེ་ལ། དབེན་དགོན་ཆུང་ངུ་དེར་བྱུང་བའི་དོན་རྐྱེན་དེ་ཆགས་མེད་ཆོས་སྒྲོལ་གྱི་ཉིན་ཐོའི་དེབ་ཆུང་དེ་རེག་མཀན་ཞིག་གིས་ང་ལ་ཆ་ཚང་ལབ་བྱུང་། རྗེས་སུ་གོ་ཐོས་ལྟར་ན། ཨ་རིའི་ཕོ་གཞོན་དེ་ཕ་རོ་རི་ཁྲོད་ནས་ཕྱིར་ལོག་རྒྱུ་བྱུང་ཡོད་མེད་ནི་རི་ཁྲོད་དེའི་ནུབ་ཕྱོགས་སུ་ཡོད་པའི་གཅོང་རོང་ཟབ་མོ་དེའི་ནང་ལ་དྲི་བ་འདོན་དགོས་ཤིང་། ཆགས་མེད་ཆོས་སྒྲོལ་གཡག་གྲོང་ཁྱེར་ལ་ལོག་པའི་རྒྱུ་རྐྱེན་ཡང་མོ་ལ་འདྲི་དགོས་སྐད།
དྲུག
བོད་ཟླ་བཅུ་གཉིས་པའི་གནམ་གང་གི་དགུང་མོའི་ཆུ་ཚོད་བཅུ་གཉིས་ཀྱི་སྟེང་དུ། རྨ་ཆེན་གངས་འདབས་ཀྱི་འབྲོག་པ་ཚོའི་དགུ་ཐུག་འཐུང་བའི་ཕུ་སྒྲ་དང་ཅག་སྒྲ་ཇེ་མཐོར་འགྲོ་བཞིན་པའི་སྐབས་སུ། གློ་བུར་དུ་འབྲུག་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་གྲགས་་པ་དང་མཉམ་དུ་གངས་རི་ཉིལ་བའི་ཆག་སྒོ་ཞིག་གནམ་ལྕགས་ཐོག་གི་ཆར་པ་བཞིན་ཡུལ་འདིའི་མི་ཟོག་གཉིས་ཀྱི་མགོ་རུ་ལྷུང་། སྨག་རུམ་གྱི་ཁྲོད་དུ་མིའི་ངུ་སྐད་དང་ནོར་ལུག་གི་ངུར་སྒྲ་དང་འབའ་སྒྲ། འུར་ཆོམ་གྱི་གངས་སྒྲ་སོགས་གཞི་གཅིག་ཏུ་འདྲེས་ཏེ་མཐའ་འཁོབ་ཀྱི་རྩྭ་ཐང་འདིའི་ལྷིང་འཇགས་ཡོངས་སུ་དཀྲོགས། འོད་ལམ་ལམ་གྱི་ཐོ་རངས་དཀར་ཆེན་ཤར་ཕྱོགས་ཀྱི་མཁའ་མཐའ་ནས་འཛུམ་དུས། གཡག་གྲོང་ཁྱེར་ནས་འོངས་པའི་ཉེན་སྐྱོབ་རླངས་འཁོར་དང་དམག་མི་མང་པོ་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་། ཚོ་དཔོན་ཁྱི་སྐྱག་ཚང་གི་ནོར་ལུག་བཞི་བརྒྱ་ལྷག་གངས་འོག་ཏུ་ཚུད་པས། ཁོ་རང་ལ་ཟས་ཀྱི་ཡི་ག་ཆད་ཅིང་ལུས་ཕྱེད་ཀྱི་ཚོར་བ་ཉམས་ནས་ཉལ་སར་ལྷུང་སོང་། ལོ་གསར་ཚེས་གཅིག་གི་སྔ་དྲོའི་གསར་འགྱུར་ལྟར་ན། ཐེངས་འདིའི་གངས་རི་ཉིལ་བའི་དོན་རྐྱེན་གྱི་འབྱུང་གཞི་ནི། ནམ་རྒྱུན་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་བཞིན་པའི་2-03རྟགས་ཅན་གྱི་འཁོར་སྐར་ཞིག་ལ་གློ་བུར་དུ་སྐྱོན་ཤོས་ནས་གངས་རིའི་ངོས་སུ་བརྡབས་རྐྱེན། གངས་རིའི་ཕྱི་ངོས་ཀྱི་བརྩེགས་རིམ་ཞིག་ལ་སེར་ཀ་ཆེན་པོ་ཞིག་བྱུང་ནས་ཆག་སྒོ་འདི་བསྐྱལ་བ་རེད། དེ་རིང་རྨ་རྒྱལ་སྦོམ་རས་ཀྱང་དོན་རྐྱེན་འདིར་མྱ་ངན་བྱེད་པ་དང་འདྲ་བར། ཞོགས་པ་ནས་དགོང་མོའི་བར་གངས་རྩེ་ཧྲིལ་བོ་སྨུག་སྤྲིན་གྱིས་བཏུམས། གསར་འགོད་པ་མིག་གཅིག་ཀྱང་སྔ་མོ་ནས་འདིར་སླེབས་ཏེ་གནས་ཚུལ་རྒྱུས་ལོན་བྱེད་རྒྱུར་བྲེལ་འདུག ཚོ་དཔོན་ཁྱི་སྐྱག་གིས་ཁོ་ལ་སྐད་ཆ་ཚིག་ཁ་ཤས་ལབ་པ་འདི་ལྟར། “ངས་ད་བར་དུ་ཁོ་ལ་(རྨ་རྒྱལ་སྦོམ་ར)དཀར་གསུམ་གྱི་མཆོད་པ་དང་དམར་གསུམ་གྱི་གཏང་རག་བཏང་བ་ཡིན། ཁོས་ང་ལ་འདི་ལྟར་བྱས་པ་ནི་ལས་རྒྱུས་འབྲས་ལ་མི་མཐུན། ལྟོས་དང་། གངས་འོག་ནས་བཞུར་འོངས་པའི་མི་ཕྱུགས་གཉིས་ཀའི་ཟུངས་ཁྲག་གི་མང་ཉུང་ལ། ང་རྒད་པོ་འཆི་ཁར་འདི་འདྲའི་ལྟད་མོ་ཞིག་མཐོང་ཡོང་མ་བསམས། ང་ངོ་མ་ཕམ་སོང་། ཨུ་ཧུ་ཧུ།” ཚིག་དུམ་འདི་ངས་བོད་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཁ་བ་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོ་སྟེང་ནས་མཐོང་བ་ཡིན་ལ། གངས་རི་ཉིལ་སྟངས་གསལ་བའི་འདྲ་པར་ཚོན་ཁྲ་ཅན་ཞིག་ཀྱང་བཀོད་འདུག ཉིན་དེར་མིག་གཅིག་བློ་ཕམ་དྲགས་ནས་ངའི་སྐྱེས་སྐར་གསོལ་སྟོན་ལ་ཡང་འབྱོར་མ་སོང་། ཁོ་ནི་སྙན་ངག་པ་ཡིན་པས་སེམས་ཁམས་ཀྱི་འགྱུ་བ་དང་མཚུངས་ཐབས་མེད་ཅིང་། ང་ལ་བཅོས་དཀའ་བའི་སྙིང་ནད་ཅིག་ཕོག་ཡོད་པ་ཁོ་མ་གཏོགས་སུ་ཞིག་ཀྱང་ཤེས་ཐབས་བྲལ།
བདུན།
ཁྲག་དགའ་ནི་མིང་ངན་ཡོངས་སུ་གྲགས་པའི་ཇག་དཔོན་ཞིག་ཡིན། ཁོའི་སྙིང་ཁའི་ཐད་ཀྱི་སྨེ་མ་ནག་པོ་མཐེ་བོང་ཙམ་ཞིག་ཡོད་པ་དེའི་ཁ་དོག་ནག་པོར་འགྱུར་ཐེངས་རེར། ཁོའི་ལག་འོག་གི་ཨ་ཕྲུག་རེའི་མགོ་བོ་ཁྲག་དམར་ཙར་རེ་ཐང་ལ་ལྷུང་འགྲོ། ཁོ་རང་ནམ་རྒྱུན་གཡང་གྲོང་ཁྱེར་གྱི་གཡག་རྭ་ལས་སྣོན་བྱེད་སའི་བཟོ་གྲྭ་ཆེན་པོ་ཞིག་གི་ནང་དུ་བསྡད་ཡོད། ཁོ་ལ་བུ་ཕྲུག་གཉིས་ཡོད་ཅིང་གཉིས་ཀ་གྲི་རྩལ་སློབ་གྲྭ་ཆེན་མི་ཞིག་ཏུ་བསྐྱལ་འདུག ཁ་སང་སྔ་དྲོ་ཁོ་ལ་པར་འཕྲིན་(FAX)ཞིག་འབྱོར་བའི་ནང་། གཡང་གྲོང་ཁྱེར་དང་སྤྱི་ལེ་འགའི་ས་རུ་ཡོད་པའི་འབྲུག་དཀར་གཙང་པོའི་གྲུ་ཁར་ཚོང་བ་འབྱོར་ལྡན་ཞིག་གིས་ཉལ་ཐ་དཀར་པོ་སྤྱི་རྒྱ་སུམ་བརྒྱ་ལྷག་གྲུ་ཆུང་ཞིག་གི་ནང་དབོར་ཏེ་ཉིན་དགུའི་ནང་ཐད་འཕུར་གནམ་གྲུ་ཞིག་གིས་ཧོང་ཀོང་ལ་སྐྱེལ་འཆར་ཡོད་པས། གལ་སྲིད་འདོད་པ་ཡོད་ན་ཛ་དྲག་གི་བྱ་སྤྱོད་སྤེལ་རྒྱུའི་སྐོར་བྲིས་འདུག་པས། ཁོས་རང་འགུལ་ཅན་གྱི་ཁ་པར་དེ་བླངས་ནས་མངའ་འོག་གི་འཆི་ཕོད་རུ་ཁག་ལ་བྲེལ་མྱུར་བརྡ་ཁྱབ་སྤེལ་ཏེ་ཕྱི་དྲོའི་ཆུ་ཚོད་འདི་འདྲ་ཞིག་གི་ནང་བྱ་སྤྱོད་སྤེལ་རྩིས་བྱས། དགོང་ངའི་ཉི་འོད་དམར་སྨུག་དེ་འབྲུག་དཀར་གཙང་པོའི་ངོས་སུ་འཕྲོས་པས། གསེར་མདོག་གི་འོད་ཕུང་བགྲང་ལས་འདས་པ་ཞིག་གིས་གཙང་ངོས་སུ་འཕྱོ་སྐྱོད་བྱེད། མིག་ཤེལ་ཁམ་ནག་གདོང་ཕྱེད་ཁེབས་པ་ཞིག་གྱོན་པའི་འབྱོར་ལྡན་པ་དབང་ཆེན་གྱིས་རང་གི་ལག་རོགས་ཚོས་ཚོང་རྫས་ཡིན་མདོག་ཁ་པོའི་ངང་གྲུ་ནང་དུ་དབོར་བཞིན་པའི་སྒམ་ཆུང་རེ་རེར་གྲངས་ཀ་བརྒྱབ། སྐབས་དེར་རྒྱང་རིང་གི་གཙང་ངོགས་ནས་“མཚོ་གཟིག”རྟགས་ཅན་གྱི་གྲུ་ཆུང་གསུམ་བྱ་འཕུར་བ་ལྟར་ཁོ་ཚོའི་ཉེ་སར་བཅར་བྱུང་། དབང་ཆེན་གྱིས་སྐད་ཆེན་པོས་“ཇག་པ་སླེབས་བྱུང་”ཟེར་བ་དང་མཉམ་དུ་རང་འགུལ་ཅན་གྱི་ཐུང་མདའ་ཞིག་བཏན་ནས་ཇག་པ་ཚོར་ཁ་གཏད་གཅོག་གྲབ་བྱས། ཇག་པའི་གྲུ་ཆུང་གསུམ་པོའི་མྱུར་ཚད་ཇེ་དལ་དུ་སོང་བ་ན། གྲུ་ཆུང་རེའི་ནང་ནས་ལྭ་པ་ནག་པོ་གྱོན་པའི་ཇག་པ་བཞི་རེ་ཕྱིར་དོན་ནས་སྦག་སྦག་མེ་མདའ་སྣ་ཚོགས་ཁོ་ཚོའི་ཕྱོགས་སུ་ཁ་མེད་མིག་མེད་དུ་བརྒྱབ། ཚོང་པ་ཚོས་ཡུད་ཙམ་ཁ་གཏད་བཅགས་ནས་ལྐོག་ལྐོག་སུད་སུད་ངང་བྲོས་བྱོལ་དུ་སོང་། ཇག་པ་ཚོས་ཕ་རོལ་པོ་ཕམ་པ་མཐོང་རྗེས་ཀི་སྒྲ་སྒྲོག་བཞིན་ཚོང་འདྲེན་གྲུ་གཟེངས་དེའི་ནང་དུ་འཛུལ་ཏེ་དཀའ་ཚེགས་མེད་པར་ཐོབ་པའི་རྒྱུ་ནོར་ཡོད་ཚད་ཁྱེར་ནས་ཕྱིར་ལོག དགོང་མོ་དེའི་ཆུ་ཚོད་བཅུ་གཉིས་ཀྱི་སྟེང་དུ། ཇག་དཔོན་ཁྲག་དགར་ཡང་བསྐྱར་པར་འཕྲིན་(FAX)ཞིག་འབྱོར་བའི་ནང་། “ཁྱེད་ལ་རྟེན་འབྲེལ་ཞུ། ཚོང་ཟོག་རྫུན་མ་དེ་ཁྱེད་ཚོར་ཐོབ་ན་ཡང་། ཚོང་ཟོག་དངོས་མ་དེ་ཧོང་ཀོང་ལ་སྐྱེལ་རྒྱུ་ལེགས་འགྲུབ་བྱུང་སོང་། རྗེས་སུ་མཇལ།” ཁྲག་དགའི་དཔྲལ་རྩ་སྦོས་ཤིང་། སྙིང་ཁའི་ཐད་ཀྱི་སྨེ་བ་དེ་རིམ་བཞིན་དམར་པོར་གྱུར།
བརྒྱད།
གཡག་གྲོང་ཁྱེར་གྱིས་སྲང་ལམ་ཆེ་ཆུང་ཀུན་ལ་མིང་འདྲ་མིན་སྣ་ཚོགས་ཤིག་བཏགས་ཡོད། དཔེར་ན་“གཡག་ཤི་སྲང་ཆེན་”དང་“སེང་འཚོལ་སྲང་ལམ།”“མགོ་མེད་བཞི་མདོ་”སོགས་དང་། དེ་བཞིན་མགྲོན་ཁང་དང་ཆང་ཁང་དག་ལ་ཡང་མིང་གཅིག་ལས་གཅིག་སྙན་པ་རེ་བཏགས་ཡོད་པ་སྟེ། ཅུང་ཟད་བགྲང་ན“དཔྱིད་མགོའི་མེ་ཏོག་མགྲོན་ཁང་”དང་“གངས་རིའི་ལང་ཚོའི་མགྲོན་ཁང་།” “ལོ་བརྒྱའི་གདུང་སེལ་ཆང་ཁང་།”དང་“ཤམ་བྷ་ལའི་ཞིང་མཇལ་ཆང་ཁང་”སོགས་ཡོད། ང་ལ་ནམ་རྒྱུན་རྩོམ་ཡིག་འབྲི་འདོད་སྐྱེས་ཚེ། “ལོ་བརྒྱའི་གདུང་སེལ་ཆང་ཁང་།”དུ་སོང་ནས་ཧི་མཱ་ལ་ཡའི་བྱང་ཕྱོགས་ནས་ཐོན་པའི་རྒུན་འབྲུམ་དམར་པོའི་ཁུ་བ་ཤེལ་ཕོར་ཡུ་རིང་གང་རེ་མདུན་ལ་བླངས་ནས་རྩོམ་སྒྲོམ་སྣ་ཚོགས་ལ་བསམ་བློ་གཏོང་རྒྱུ་དེ་ངའི་གོམས་གཤིས་ཤིག་ཏུ་གྱུར། དེ་རིང་ཡང་ང་རང་ཁང་འདིའི་གྲུ་ཟུར་ཞིག་གུ་བསྡད་དེ་གངས་དཀར་སེམས་ཀྱི་མཚོ་ངོས་སུ་འཕྱུར་བའི་སྐྱོ་གདུང་གི་སྨུག་སྤྲིན་སྟུག་པོ་དེ་དྭངས་ཐབས་བྱེད་བཞིན་ཡོད། ཉེ་འགྲམ་གྱི་མཛེས་རྒྱན་སྤྲས་པའི་སྒེའུ་ཁུང་ལས་ཕྱི་རོལ་ཏུ་བལྟས་པ་ན། འབྲུག་དཀར་གཙང་པོའི་འགྲམ་རྒྱུད་དུ་ཆགས་པའི་གཡག་གྲོང་ཁྱེར་གྱི་ཕྱི་ལྗོངས་དེ་དུ་ཞགས་སྲབ་མོ་ཞིག་གི་ཀློང་ནས་རབ་རིབ་ཙམ་མངོན་ཞིང་། འབྲུག་དཀར་གཙང་པོའི་ངོགས་སུ་དེས་སྐྱེལ་གྲུ་གཟིངས་འགའ་རེ་དལ་བུར་གྲུ་ཁ་ནས་ལམ་དུ་ཆས་བཞིན་འདུག་ལ། ཉ་འཛིན་གྲུ་ཆུང་ལྔ་དྲུག་ཅིག་ལ་ཕ་གིའི་བྲག་རྩ་རུ་གཡོ་འགུལ་མེད་པར་གནས། ང་རང་ཁྱི་སྨྱོན་རྩྭ་ཐང་ནས་སྐྱེས་ཤིང་གཡག་གྲོང་ཁྱེར་ནས་འཚར་བ་ཡིན་མོད། རང་གི་མི་རིགས་འདིའི་ལས་དབང་ལ་སེམས་ཁུར་སྤུ་ཙམ་ཡང་མེད་པ་ནི་ངོ་མ་དགའ་འོས་པ་ཞིག་རེད། རྩོམ་ཡིག་རེ་བྲིས་ཤིང་མིག་ཆུ་རེ་འབྱིད་བཞིན་མི་ཚེ་སྐྱེལ་རྒྱུ་ནི་ངའི་འཆར་གཞི་ཉག་གཅིག་ཡིན་ལ། མི་སྐོར་ཞིག་གི་འདོད་བློ་དང་ཡང་ཡོངས་སུ་མཐུན། ངས་རང་གི་ཕ་མ་དང་སྤུན་མཆེད་ཚོར་ཁྲེལ་གཞུང་གི་བུ་ལོན་མང་པོ་ཞིག་ཆད་ཡོད་པས། ཁྱི་སྨྱོན་རྩྭ་ཐང་གི་ནམ་མཁའ་ནས་མེ་ཏོག་གི་ཆར་བ་བབས་ཀྱང་ང་རང་ས་དེར་འགྲོ་མི་ནུས། ཁ་སང་ང་ཚོའི་ལས་ཁུངས་ཀྱི་དབུ་འཛིན་གྱིས་ངའི་འདར་སིག་སིག་གི་བཟོ་ལྟ་དེ་མཐོང་ནས་ཁོས་ལོ་བདུན་ལ་གྱོན་མྱོང་བའི་བལ་བཏགས་ལྭ་བ་དེ་སྤོབས་ཉམས་དང་བཅས་ང་ལ་བྱིན་སོང་། ངས་དེ་གྱོན་ནས་ཕྱི་རོལ་ཏུ་འགྲོ་ཐེངས་རེར། གཡག་གྲོང་ཁྱེར་འདིར་འབྱོར་ལྡན་པའི་སྐད་གྲགས་ཡོད་པའི་གྲོགས་པོ་ཚོས་ང་ལ་ལྟ་བཞིན། “སྐུ་ཞབས་རྩོམ་དགའ་ལགས། ཁྱེད་རང་ལས་ཁུངས་དེ་ནས་ཕྱིར་བུད་དང་། ང་ཚོས་ཁྱེད་ལ་སྐྱིད་ཉལ་ཞེས་པའི་ལས་ཁུངས་ཤིག་འཛུགས་ཐག་ཆོད་ཡིན་”ཞེས་ཐེངས་མང་ལབ་བྱུང་། སྐབས་དེར་ངས་རང་གི་སྐད་གདངས་ཇེ་དམའ་རུ་བཏང་ནས་ཁོ་ཚོར་“བཀའ་དྲིན་ཆེ། གྲོགས་པོ་ཚོ། ངས་གཅིན་སྐྱག་གི་ཐུག་པ་བཟོ་དགོས་བྱུང་ན་ཡང་མི་གཙང་བའི་རྒྱུ་ནོར་ལེན་མི་འདོད”ཅེས་བཤད་པ་ན། ཁོ་ཚོས་ང་ལ་མཐོང་ཆུང་གི་མིག་མདའ་རེ་འཕེན་བཞིན་རང་རང་གི་ཡོང་ཁུངས་མི་གཙང་བའི་རྒྱུ་ནོར་གྱི་འཕར་ཆག་ལ་སེམས་ཁྲལ་བྱེད་བཞིན་འདུག
དགུ།
སྒྲོལ་མ་དཀར་མོ་རང་གི་གཟུགས་རིས་འགྲེམ་སྟོན་བྱེད་སའི་སྒྱུ་རྩལ་ཁང་དེའི་སྒོ་ཁར་སླེབས་པ་ན། མིག་གཅིག་ཀྱང་གསར་འགྱུར་འཚོལ་བསྡུ་བྱེད་དུ་ཡོང་བ་དང་གདོང་ཐུག་བརྒྱབ། མིག་གཅིག་གིས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱས་ནས། “ཞོགས་པ་བདེ་ལེགས་”ཞེས་བརྗོད་པ་ན། སྒྲོལ་མ་དཀར་མོས་དྭངས་ཤིང་འཇམ་པའི་ངག་གིས་“སྐུ་ཞབས་གསར་འགོད་པ་ལགས།” ཉིན་དེར་ཁྱེད་ཀྱིས་ང་རང་མཐོང་མེད་ཚེ་དེ་རིང་གི་ངའི་སྤྲོ་སྣང་འདི་ལ་སུ་ཞིག་གིས་འགྲེལ་བཤད་རྒྱག་ཐུབ། ཁྱེད་རང་ཐུགས་མོས་ཡོད་ན་དོ་དགོང་གི་གློག་བརྙན་ཀ་བ་འབབ་ཐེངས་རྗེས་མ་ཞེས་པ་དེར་ངེད་གཉིས་ཀྱིས་མཉམ་དུ་ཐེངས་ཤིག་བལྟ་རྒྱུ་ནི་ངའི་རེ་བ་ཡིན་”ཞེས་ཟེར་བས། མིག་གཅིག་གི་བྲང་ཁོག་ན་སྙིང་དམར་པོས་དྲོད་རླབས་ཆེ་རུ་འགྲོ་བཞིན་འདུག ཁོས་བསམ་བློ་ཅི་ཡང་མི་གཏོང་བར། “ཆོག་གི སྲས་མོ་སྐུ་ཞབས། ཁྱེད་ཀྱི་རེ་བ་ལྟར་བྱའོ།།”ཞེས་ལན་ལྡོན་བཞིན་མོ་དང་ལྷན་ཏུ་སྒྱུ་རྩལ་ཁང་དུ་འཛུལ། གསར་འགོད་པའི་པར་ཆས་སྣ་ཚོགས་ཀྱི་འོད་སྣང་ཁྲོད། སྒྱུ་རྩལ་འགྲེམ་སྟོན་ཁང་གི་ལས་བྱེད་པ་གཟུགས་ཐུང་དེས་སྒྲོལ་མ་དཀར་མོའི་གཟུགས་རིས་དེ་ཆེ་ཤེལ་དང་འཕྲུལ་ཆས་ལ་བརྟེན་ནས་གསོན་ཉམས་དོད་ལ་གདེངས་འཇོག་ཚད་མཐོན་པོ་བྱེད་རིན་ལྡན་པ་ཞིག་བཟོས་འདུག མགོ་སྐྲའི་ཁ་དོག་མི་འདྲ་བའི་ལྟད་མོ་ཚོས་བསྔགས་བརྗོད་ཀྱི་ཐལ་མོ་ཡུན་རིང་བརྡབས་ཤིང་། མིག་གཅིག་དང་སྒྲོལ་མ་དཀར་མོ་གཉིས་ཀྱང་སྤྲོ་སྣང་གིས་བཟི་འདུག ཕྱི་དྲོའི་ལས་ཀ་མཚམས་བཞག་པ་ན། མིག་གཅིག་གིས་མི་སེམས་འགུགས་ནུས་པའི་ཐ་སྙད་སྐོར་ཞིག་ཁོག་ནས་གྲ་སྒྲིག་བྱས་རྗེས་དལ་བུར་“འདོད་ལྷའི་གློག་བརྙན་ཁང་”གི་ཕྱོགས་སུ་སོང་། ལམ་བར་དུ་ཁོའི་སེམས་སུ་སྔོན་ཆད་མེད་པའི་སྤྲོ་སྣང་དང་དོགས་སྣང་འདྲེས་མ་ཞིག་འཁྱུག་འགྲོས་བྱེད། གློག་བརྙན་ཁང་གི་སྒོ་ཁ་རུ་སྒྲོལ་མ་དཀར་མོས་སྔ་ས་ནས་ཁོང་བསྒུགས་བསྡད་འདུག ཡ་མཚན་པ་ལ་ཁོ་མོའི་གདོང་ནས་ཡང་སྤྲོ་བ་དང་སྐྱོ་སྣང་འདྲེས་མའི་མདངས་ཤིག་ཤར་འདུག་ལ། ཁོ་མོས་མིག་གཅིག་མཐོང་མ་ཐག་ཚུར་བཅར་ནས་ཁོའི་ལག་མགོར་འཇུས་ཏེ་སྐད་དམའ་མོས། “སྐུ་ཞབས་མིག་གཅིག་ལགས། ཁྱེད་ཀྱིས་འདི་ལྟར་ང་ལ་ཡིད་ཆེས་བྱེད་དོན་ཅི་ཡིན་”ཟེར། གློག་བརྙན་ཁང་གི་ནང་དུ་ཐ་མག་གི་དུ་ཞགས་འཁྲིགས་ཤིང་། གློག་བརྙན་གྱི་བརྗོད་བྱ་ནི་བརྩེ་དུང་གི་སྐྱོ་གར་ཞིག་ཡིན་ལ། སྒྲོལ་མ་དཀར་མོ་ནི་ལྟད་མོ་མ་ཚར་བར་དུ་མིག་གཅིག་ལ་ཚིག་གཅིག་ཀྱང་མི་སྨྲ་བར་མིག་ཆུ་ཁོ་ན་འབྱིད་བཞིན་འདུག་པས། མིག་གཅིག་གིས་སེམས་ན་གྲ་སྒྲིག་བྱས་ཡོད་པའི་བརྩེ་འདང་གི་རོ་མངར་འཐུལ་བའི་ཐ་སྙད་ཚོ་ཡང་སིལ་བུར་འཐོར་ནས་ཁོ་མོ་ལ་སེམས་གསོ་བྱེད་དགོས་བྱུང་། ཁོ་གཉིས་ཁ་གྱེས་ཁར་སྒྲོལ་མ་དཀར་མོས་འོད་ཆེམ་ཆེམ་གྱི་དངུལ་དཀར་གྱི་གདུ་བུ་ཞིག་བླངས་ནས་མིག་གཅིག་གི་ལག་ཏུ་བཞག་རྗེས་ངུ་སྐད་འབྱིན་བཞིན་མུན་ཁྲོད་དུ་ཡལ་སོང་། ཕྱི་ཉིན་སྔ་དྲོར། མིག་གཅིག་གིས་ཁ་བ་ཉིན་རེའི་གསར་ཤོག་གི་པར་ངོས་དང་པོའི་ངོས་སུ་གཡག་གྲོང་ཁྱེར་གྱི་མཛེས་མ་གྲགས་ཅན་སྒྲོལ་མ་དཀར་མོ་ཁོ་མོའི་ཕ་རྒན་གྱིས་རི་ཁྲོད་ཅིག་ཏུ་སྐྱེལ་རྒྱུར་མ་འཐད་པར། འབྲུག་དཀར་གཙང་པོའི་ནང་དུ་མཆོངས་ནས་རང་སྲོག་བཅད་པ། ཞེས་པའི་གསར་འགྱུར་ཐུང་ངུ་ཞིག་འབྲི་བཞིན་གདོང་གི་མིག་ཟུང་ལས་མཆི་མ་ལྷུང་ལྷུང་འབབ་བཞིན་འདུག
བཅུ།
ཟླ་བ་ནི་གཡག་གྲོང་ཁྱེར་གྱི་ནུབ་མཐར་ཡོད་པའི་གངས་སྐྱོང་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་ལ། ནམ་རྒྱུན་རྩོམ་རིག་ལ་སྤྲོ་སྣང་ཆེ་བའི་གཞོན་ནུ་ཞིག་ཀྱང་རེད། སློབ་མཐར་ཕྱིན་རྒྱུར་ཟླ་བ་བཞི་ལས་མེད་པའི་ཉིན་ཞིག་གི་ཕྱིར་དྲོར། ཟླ་བས་སློབ་མཐར་ཕྱིན་པའི་འབྲས་རྟགས་ཀྱི་ཆེད་རྩོམ་ཞིག་འབྲི་བཞིན་པའི་སྐབས། སློབ་གྲོགས་ཤིག་གིས་སྒོ་ཕྱེ་ནས་ནང་ལ་ཡོང་སྟེ་འཕྲིན་ཡིག་ཅིག་ཁོའི་ལག་ཏུ་བཞག་རྗེས་ཕྱིར་བུད་སོང་། ཟླ་བས་ཡིན་སྐོགས་ཀྱི་སྟེང་དུ་བལྟས་པ་ན། དེ་ནི་ཕ་ཡུལ་ནས་ཁོའི་ཞང་པོས་བསྐུར་འོངས་པ་ཞིག་རེད། ཞང་པོ་ནི་བྲག་ནག་དགོན་པའི་དབུ་མཛད་ཡིན་ལ་ནམ་རྒྱུན་སློབ་གྲྭ་མཐོང་ན་མགོ་བོ་འཕྲེད་དུ་གཡུག་མཁན་ཞིག་ཀྱང་རེད། ཞོགས་པ་དེར་ཟླ་བ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་དེ་ཕ་ཡུལ་དུ་བསྐྱོད། ལམ་བར་དུ་ཁོའི་སེམས་ལ་དོགས་པ་འདྲ་མིན་མང་པོ་ཞིག་སྐྱེས། “ཁྱོད་ཀྱི་ཨ་མའི་ནད་རྙིང་ཇེ་སྡུག་ཏུ་སོང་ནས་ད་ལྟ་སྨན་ཁང་དུ་འགྲོ་རྩིས་ཡོད་པས། ཁྱོད་རང་མྱུར་དུ་ཡུལ་ལ་ཤོག” ཨ་མ་ཡ། ཞང་པོའི་འཕྲིན་ཡིག་དེ་ཇི་འདྲའི་གློ་བུར་ཞིག་རེད་ཨང་། ཁོ་རང་ཡུལ་དུ་སླེབས་པ་ན། ཨ་མ་ནི་རྒས་ཉམས་ཅུང་ཆེ་རུ་སོང་བ་ལས་སོ་ནད་ཙམ་ཡང་བྱུང་མི་འདུག ཡ་མཚན་པ་ཞིག་ལ་ཁོ་ཚང་ལ་སླེབས་འདུག་པའི་ཞང་པོ་དང་གྲྭ་རྒན་ངོ་མི་ཤེས་པ་འགའ་འདུག་པ་དེ་ཚོས་ཁོ་མཐོང་མ་ཐག་ཡར་ལངས་ཏེ་རུམ་ནས་ཁ་བཏགས་དཀར་གཙང་རེ་བླངས་ནས་ཁོའི་སྐེ་ལ་གུས་གུས་ཀྱིས་འཕངས་རྗེས། ཞང་པོས་ཅུང་སྒམ་པོའི་ངང་“ཁྱེད་རང་ང་ཚོའི་དགོན་པའི་བླ་མ་ཞབས་མེད་ཚང་གི་སྤྲུལ་སྐུར་ཐུགས་ཐག་བཅད་ཚར་བ་རེད། སང་ཉིན་གཟའ་སྐར་ལེགས་པས་མཛད་སྒོ་འཚུག་རྒྱུ་བྱེད།”ཟེར། ཟླ་བའི་ཨ་མ་སྔ་མོ་ནས་འདས་ཟིན་པས་ཞང་པོར་ཨ་མ་ནང་བཞིན་བརྩི་བཀུར་བྱེད། ཁོས་སྐད་ཆ་འདི་ཐོས་མ་ཐག་ཡུད་ཙམ་ལ་ཞང་པོའི་གདོང་ལ་ཅེར་ནས་ཀྲོང་ཀྲོང་བོར་ལུས་འདུག ཞང་པོ་ནི་མི་ཨུ་ཚུགས་ཅན་སྐད་གྲགས་ཡོད་པ་ཞིག་ཡིན་པས་ཟླ་བ་ལ་ཅི་དང་གང་ཟེར་ལོང་མ་བྱུང་བར་དབྱིབས་སྤུས་ལེགས་པའི་གཟན་ཤམ་ཆ་ཚང་གཅིག་གཡོགས་སོང་། ཨ་མ་ནི་དགའ་དྲགས་ནས་ཇ་ཁོལ་བའི་“སིར་”སྒྲ་ཡང་མ་ཐོས། དགུང་མོ་དེར་ཞང་པོས་ཁོ་ལ་གྲྭ་པའི་སྒྲིག་ཁྲིམས་དང་སྤྲུལ་སྐུའི་སྤྱོད་ལམ་གྱི་སྐོར་མང་པོ་ཞིག་ལབ་རྗེས་རྗེས་རྨི་ལམ་དུ་ཡང་ངག་རྡབ་རྡིབ་ངང་“སང་ཉིན་ནས་བཟུང་ངེད་ཞང་ཚ་གཉིས་ཕྱུག་པོ་ཆགས་ཚར་པ་རེད།”ཟེར་བཞིན་འདུག ཟླ་བ་གཉིད་གཏན་ནས་མ་ཁུག་པར་སྦྲའི་ཁ་ཚུབ་ལས་མཐོང་བའི་མཁའ་དབྱིངས་ན་རང་དབང་གིས་འཕུར་སྐྱོད་བྱེད་པའི་སྐར་ཚོམ་དེ་དག་ལ་ཡིད་སྨོན་འཆོར་བཞིན་འདུག ཟླ་བའི་ཁྲི་སྟོན་མཛད་སྒོའི་སྟེང་ན་སྐུ་གོང་མའི་སྦྱིན་བདག་ཡིན་ཟེར་མཁན་མང་པོ་ཞིག་འཚང་ཀ་ཤིག་ཤིག་ངང་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག་ལ། བྲག་ནང་དགོན་པའི་ཕྱི་ནང་ཀུན་ནས་ལྷ་བསང་གི་དུད་སྤྲིན་བར་སྣང་དུ་འཕྱུར་བའི་ཀློང་ན་རླུང་རྟ་མང་པོ་དཀར་ཤག་ཤག་བྱེད། ཉིན་དེའི་ཕྱི་དྲོར་གཡག་གྲོང་ཁྱེར་ནས་འོངས་པའི་མདོག་ལྗང་སེར་ཅན་གྱི་ཡིག་སྐྱེལ་སྦག་སྦག་ཅིག་བྱ་འཕུར་བ་ལྟར་བྲག་ནག་དགོན་པའི་དབུས་སུ་ཡོད་པའི་སྤྲུལ་སྐུ་ཟླ་བའི་གཟིམ་ཁང་གི་སྒོ་རུ་སླེབས་རྗེས་ཡིག་སྐྱེལ་བ་དེས་ཡིག་ཐུམ་བརྩེགས་མ་ཞིག་ཟླ་བའི་ལག་ཏུ་གཏད། ཟླ་བས་སྣུམ་སྒྲོན་གྱི་འོག་ཏུ་ཡི་གེ་རེ་རེ་བཞིན་དལ་བུར་བཀླགས། “སློབ་བུ་ཟླ་བ་ལགས། ལུང་བསྟན་གྱི་ཤོག་དྲིལ་ཉར་ན་དེ་རུ་བཞུགས། སློབ་ཆེན་གྱི་ལག་ཁྱེར་དགོས་ན་སློབ་གྲྭར་ཤོག”དགེ་རྒན་གྲགས་པའི་ཡི་གེ་དེ་སྦྲང་རྩི་ལས་གྲུབ་པའི་མདུང་རིང་ཞིག་དང་འདྲ་བར་མངར་བའི་རོ་བཅུད་དང་མཉམ་དུ་ཁོང་སྟེ་ང་ཚོའི་སྤྲུལ་སྐུ་ཟླ་བའི་སྙིང་གར་ཟུག་བྱུང་།
ཀླུ་སྨྱོན་ལ། རང་གི་ཉི་མ་འཁྱོལ་ཐབས་ཙམ་གྱི་ཆེད་རྩོམ་འཁྱོག་རེ་འེ་འཁྱོང་ལྟོས་ན་ཡག་ཤོས་རེད། སྤྲུལ་རྫུན་དབང་ཆེན་ཟེར་བ་དང་ཁྱོད་ཚོས་དབུ་མའི་ལམ་གྱིས་མ་འགྲིག་མ་འཐུས་ཚུལ་བཤད་དེ་བོད་གཞིས་བྱེས་གཞིས་ཀྱི་མགོན་སྐྱབས་༸གོང་ས་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་དང་། དམའ་འབེབས་ཀྱི་ཚིག་འདྲ་མིན་བེད་སྤྱོད་མ་བྱས་ན་བཟང་། གསལ་འདེབས་ཙམ་ཡིན།
གོང་འཁོད་རྩོམ་ཡིག་དང་འབྲེལ་བ་མེད་པའི་མཆན་བུའི་རིགས་བསུབ་རྒྱུ་ཡིན།
ལགས་སོ་མུ་བཀླག་བྱེད་ངེས་ཡིན།
གོ་ཐོས་ལྟར་ན་གཡག་གྲོང་ཁྱེར་འཁྲབ་གཞུང་ཞིག་ཡིན་རབས་བཤད་སོང་། དོན་དངོས་སུ་སྒྲུང་རྩོམ་ཞིག་རེད་ལ། དགའ་བསུ་ཞུ་བཞིན་ཀློག་གིན་ཡོད།
མིག་རྭ། ཞེས་པ་ལ་དྭགས་མི་མངས་ཀྱི་སྐད་དུ། མིག་ཤེལ་ལ་ད་ལྟར་ཡང་བཀོལ། ང་ཕྲུ་གུའི་སྐབས་སུ། ཨ་ཕྱི་ཞིག་གི་གདོང་ན་རྟ་རྔ་ལ་ལྷས་པའི་མིག་རྭ་ཞིག་ལན་གཅིག་རང་མཐོང་བ་དྲན། དེ་ཡིས་ཁ་བའི་མདངས་ལས་མིག་སྐྱོབ་པར་མ་ཟད། དེ་ཡི་སྒོ་ནས་ཡི་གེ་སོགས་ཀྱང་སླ་བའི་སྒོ་ནས། ཀློག་ཐུབ་པ་ལོ་མང་པོའི་རྟིང་ན་ཤེས། ཨ་རིའི་ཧ་ཝ་ཡི་རུ་གཅིག་གིས་མིག་ཤེལ་ནག་པོ་ཞིག་ལ་ཁུང་བུ་མང་དུ་བཏོན་པ་ཞིག་ཁྱེར་པ་མཐོང་། དེའི་སྒོ་ནས་ཡི་གེ་ཀློག་ཐུབ་པ་མེ་ཤེལ་ཤུགས་ཀྱིས་ཀློག་ཐུབ་པ་དང་འདྲ་བ་མཐོང་བས། སྔར་གྱི་བོད་ཀྱི་མིག་རྭའི་སྒོ་ནས་ཀྱང་། ཡི་གེ་སོགས་ཕྲ་བའི་རིགས་མཐོང་ཐུབ་པ་ཤེས་སོ།
་
རྩོམ་ཡིག་འདི་ཡོངས་རྫོངས་ཀློབ་པ་ལ་རིང་དྲགས་་པ་དང་། མགོ་ངའི་ཞེས་པ་སོགས་བདག་གིས་མ་ཤེས་པའི་མིང་ཚིག་མང་ངོ་།།
ད་ཕྱིན་ཆད། ལ་དྭགས། ཞེས་པ་ ལ་ཐགས་ ཞེས་ཚད་ལྡན་མཁས་པའི་བྲིས་ན་གསལ་བ་ལྟར་བསྒྱུར་བཅོས་བྱས་སོ།
རྩོམ་ཡིག་འདི་མི་གཞན་པར་ཡི་གེ་གཏག་ཏུ་བཅུག་པས་ཡིག་ནོར་མི་ཉིུང་བ་ཞིག་འདུག
འཁྲབ་གཞུང་གཉིས་ཡོད་ཀྱང་འདི་མ་རེད། འཁྲབ་གཞུང་དང་པོའི་མིང་ལ་བོད་་་དམར་པོ་ཁྲག་གི་ཨོཾ་དང་གཉིས་པའི་མིང་ལ་ཤམྦྷ་ལའི་དམག་འཁྲུག་ཟེར། གཉིས་ཀ་རིམ་བཞིན་དྲ་ངོས་སུ་འཇོག་གི་ཡིན།
དེ་རིང་ཀློག་མ་ཐུབ་ཐལ། བོད་ཡིག་གི་འབྲི་ཀློག་བརྗེད་མ་སོང་ན། ལོ་ལོན་དུས། ཉི་མ་དྲོ་དུས། འདུག་རོགས་མེད་དུས་ཟིག་ལ་ཤི་རེ་བྱས་ནས་སྔ་མར་ཨེ་ཧུད་ལྟ་དགོས།
དུད་ནག་གིས་དབང་རྩ་སྦྲིད་ཡོད་དུས་ཞིག་ལ་བྲིས་མེད་འགྲོ་བསམ་བསམ་ཞིག་འདུག། དེ་ནི་ལེའུ་དང་པོའི་གོ་བ་ཡིན།