སོག་མདའ།
དགུན་གསུམ་གྲང་རེག་གི་ཡོལ་བས་ལུས་པོ་འཁྱགས་ཀྱང་།།
བཟོད་སྒོམ་འཁྱགས་གྲང་གི་དཀའ་བ་གདོང་ལ་བསུ་མཁན།།
རྒྱ་སྟག་ཁྲ་བོ་དེ་སྒོར་ཆེད་མི་ལ་མ་བཙོང་།།
རང་གི་གཡང་རྟེན་དེ་ཡིན་པས་སྒོ་ནས་འདོགས་རོགས།།
སྟོན་གསུམ་བུ་ཡུག་གི་རླུང་ཁ་ཇི་འདྲས་རྒོད་ཀྱང་།།
འཇིགས་རུང་གཅན་གཟན་གྱི་གདོང་ལ་མཆེ་སྡེར་བགྲད་མཁན།།
རྒྱ་འབྲུག་ངར་མ་དེ་སྒོར་ཆེད་གཞན་ལ་མ་བཙོང་།།
མེ་མདའ་ཐོག་རྒོད་དེ་ཡིན་པས་སྒོ་ནས་ཉར་རོགས།།
དབྱར་གསུམ་ཆར་ཆེན་གྱི་རློན་ཤ་ཇི་འདྲ་ཆེ་ཡང་།།
གཡང་རིགས་སྒོ་ཕྱུགས་ཀྱི་མཐའ་ལ་དཀྱུས་གསུམ་རྒྱག་མཁན།།
སེང་ཕྲུག་དོམ་བུ་དེ་སྒོར་ཆེད་མི་ལ་མ་བཙོང་།།
ནོར་ནག་ཕྱུགས་རིགས་ཀྱི་གཞི་བདག་ངོ་མ་ཁོང་རེད།།
དཔྱིད་གསུམ་ཚ་གདུང་གི་དྲོད་ཁ་ཇི་ལྟར་ཚ་ཡང་།།
མཚན་གང་ཟུག་སྐད་ཀྱིས་དགྲ་ལ་འགོག་སྲུང་བྱེད་པས།།
དོམ་བུ་སྙིང་དཀར་དེ་སྒོར་ཆེད་མི་ལ་མ་བཙོང་།།
མཚན་མོའི་མུན་ནག་གི་སྒོ་སྲུང་དཔའ་བོ་ཁོང་རེད།།
སྤྱང་མོ་ངུ་ཟུག་གི་འོ་དོད་རི་ལུང་བཀང་ཞིང་།།
གཡང་དཀར་ལུག་ཆུང་གི་སྙིང་ལ་ཚ་ཤད་བརྒྱབ་ཉིན།།
སྟག་ཕྲུག་རྒྱ་བོ་དེ་སྒོར་ཆེད་མ་ིལ་མ་བཙོང་།།
ཉམ་ཆུང་ལུག་ཁྱུ་ཡི་རྟེན་སའི་རྒྱབ་རི་ཁོང་རེད།།
དགྲ་ཇག་ཆོམ་རྐུན་གྱི་སོ་ལྟ་རྒྱང་ནས་བྱས་ནས།།
གཡག་རོག་ཁྱུ་གཅིག་གི་ལས་སྐལ་རྗོགས་ལ་ཉེ་ཉིན།།
སེང་ཕྲུག་ལག་དཀར་དེ་སྒོར་ཆེད་མི་ལ་མ་བཙོང་།།
ཇག་ཚོགས་འགོག་བྱེད་ཀྱི་དཔའ་བོ་ཁེར་སྐྱེས་ཁོང་རེད།།
འདས་མ་ད་གསུམ་གྱི་སྐྱིད་སྡུག་རེ་མོས་ཁྲོད་ནས།།
ཁྱིམ་འདིའི་བདག་པོ་དེ་ངོ་མ་ང་ཡིན་བསམ་པས།།
སྒོ་ཁྱི་དྲིན་ལྡན་དེ་སྒོར་ཆེད་མི་ལ་མ་བཙོང་།།
གཏན་དུ་རང་ཁྱིམ་གྱི་ཕུག་ལ་དུས་ཀུན་ཉར་རོགས།།
2013་1་20་ཉིན་རང་ཤག་ནས་བྲིས།།
དངོས་གནས་སྙན་མོ་བྲིས་འདུག ཚར་གཅིག་བཀླགས་ནས་ཆས་སོང་། བཀའ་དྲིན་ཆེ།
སྒོ་ཁྱི་སེམས་དཀར་དེ་རྒྱ་ལ་འཚོང་བ་ཨེ་རེད།
རྟ་ཕོ་རྐྱང་ཕྲུག་དེ་བཤས་ར་བརྒྱབ་པ་ཨེ་རེད།
བཙན་པོའི་མི་རིགས་མགོར་གླང་རྭ་བཙུགས་ཨེ་རེད།
རྒྱུ་འབྲས་དྲང་བདེན་ལ་ཕུགས་ཐག་མེད་པར་ཨེ་ཡིན།