ལྷ་ཆབ་སྦྱིན་པ།
༄༅།། ལྷ་བྷེ་ཟེར་བ་དེ་ལོ་གཞོན་གཞོན་ཡིན་དུས་མོ་བརྒྱའི་སེམས་པ་ཤོར་སའི་ཕོ་གསར་རྫིག་པོ་ཞིག་ཡིན་ཐལ། བདག་གིས་དྲན་གསལ་ལ། ༡༩༩༢ཡས་མས་ལ་ཁོང་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་དང་། ནམ་རྒྱུན་ལག་རྩེད་སྤོ་ལོ་རྩེད་མཁན་ཞིག་ཡིན་པ་མ་ཟད། ང་ཚོ་མཉམ་དུ་རྩེས་མྱོང་ཡོད། དེ་དུས་ཁོང་གི་མིང་དང་སུ་ཡིན་གང་ཡིན་ལ་ངེས་པ་མེད་ནའང་། སྐྲ་ལོ་རིང་ཙམ་བཞག་ནས་རྩེད་སྟངས་ལེགས་པོ་ཅན་གྱི་ཕོ་ཉམས་དོད་པོ་ཅན་ཞིག་ཡིན་པ་ད་དུང་བདག་གི་སེམས་ན་དྲན་ལྷང་ལྷང་བྱེད་ཀྱི་འདུགདེའི་རྗེས་ཀྱི་ལོ་ངོ་དུ་མ་ཞིག་གི་རྗེས་སུ། ང་རེབ་གོང་གི་གྲོགས་ལྷམ་ཀོག་དང་མཇལ་ཞིང་ཁོས་ལྷ་བྷེ་ཡི་སྐོར་ཙམ་གླེང་མྱོང་ནའང་ང་ལ་ལྷ་བྷེ་ཟེར་བ་ཞིག་གི་དོན་སྤྱི་གང་ཡང་འཆར་རྒྱུ་མི་འདུག ཉིན་ཞིག་སྔ་ནས་ངོ་ཤེས་ཤིང་གྲོགས་པོ་བློས་ཐུབ་ཡིན་པའི་སྙན་ངག་པ་རི་སྔོན་བླ་མ་ཐར་དང་ཁོང་གཉིས་ཀྱིས་མཉམ་འབྲི་བྱས་པའི་སྙན་ངག་རིང་མོ《རླུང》ཞེས་པ་དེ་《གངས་རྒྱན་མེ་ཏོག》དུས་དེབ་ཏུ་བཀོད་བྱུང་བ་དང་མཉམ་དུ་སྙན་ངག་པ་ལྷ་བྷེ་ནི་བོད་ཁུལ་གྱི་གཞོན་སྐྱེས་སྙན་ངག་པ་དག་གིས་གླེང་གཞི་ཞིག་ཏུ་གྱུར་ཅིང་། དེ་ཡི་རྗེས་ནས་མུ་མཐུད་དུ་ཁོང་གཉིས་ཀྱིས་《ནམས་མཁའ》ཞེས་པའི་སྙན་ངག་རིང་མོ་དེ་དང་《སྒོ》་སོགས་བྲིས་ནས་གོང་མཚུངས་དུས་དེབ་ཏུ་བཀོད་པ་སོགས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས་ལ་དཀྱོགས་མཚམས་གསར་བ་ཞིག་བསླངས།དེའི་སྔ་གཞུག་ཙམ་ལ་དགའ་ཕྱོགས་ཀྱིས་ངེད་གཉིས་ཀྱང་ངོ་ཤེས་པར་གྱུར་བ་དང་འགྲོགས་འདྲིས་ཟབ་པའི་གྲོགས་པོ་བློས་ཐུབ་ཏུ་གྱུར་ནས་ཁོང་གི་མི་གཞི་དང་རྣམ་དཔྱོད། དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་བཅས་ལ་རྒྱུས་ལོན་ཟབ་མོ་བྱུང་།
གཉའ་གོང་ལྷ་བྷེ། 《སྒྲུབ་ཕུགས་དམར་པོ》འབྲི་མཁན་གྱི་སྙན་ངག་པ་ཁོང་ནི། སློབ་མཐར་ཕྱིན་རྗེས་སྲིད་གཞུང་གིས་བཀོད་སྒྲིག་ལྟར་བསང་ཆུ་རྫོང་ཧོར་གཙང་ཆུ་སྔོན་དུ་ལས་བགོས་བྱས་ནས་ཡུལ་དེའི་ལམ་འགོག་ཁྲལ་བསྡུ་བ་བྱས་ཡོད་པ་དང་། སྐབས་ལ་རེར་དགྱ་ནག་གི་ཉེན་རྟོག་པའི་སྒྲིག་ཆས་ཆ་ཚང་རེ་གོན་ནས་བླ་བྲང་སོགས་སུ་ཡོང་དུས་ཀྱང་ཡོད་པ་མ་ཟད། ང་ཚོའི་གྲོགས་པོ་དག་མཉམ་དུ་འཛོམས་སྐབས་རེ་ཁ་ཤས་ཀྱིས་སྤྱང་ཁུའི་ལྤགས་པ་གོན་འདུག་སོགས་རྩེད་མཚར་བྱས་མྱོང་། ཉིན་ཞིག་གི་དགོང་མོར་གྲོགས་པོ་ཁག་ཅིག་གིས་ཨ་རག་འཐུང་ནས་ཁོ་རང་ར་བཟི་བའི་སྐབས་ཤིག་ལ་སེམས་ཀྱི་སྡུག་བསྔལ་ཡོད་ཚད་ཁུ་ཚུར་གྱིས་མདུན་ཅོག་ལ་གཞུས་ཞོར་བཤད་མྱོང་། ཁོས་”ང་ནི་བྱ་བའི་དབང་གིས་སྤྱང་ལྤགས་གོན་མཁན་ཞིག་ཏུ་གྱུར་ཡོད། ད་ལྟ་བདག་གི་ཨ་ཁུ་ལྷ་སའི་བཙོན་ཁང་ལ་བཅུག་ནས་ཁྲིམས་ཐག་བཅད་ཡོད་པ་རེད།ཨ་ཤི་རེ་ཁོ་”ཞེས་ངུ་ཞོར་དུ་བཤད་མྱོང་།(ཁོའི་ཨ་ཁུ་ནི་ཆབ་སྲིད་བཙོན་པ་སྐད་གྲགས་ཅན་རྒན་གྱའི་འཇིགས་མེད་ཅེས་པ་དེ་ཡིན་ལ། ༡༩༩༥ལོར་འཛིན་བཟུང་གིས་ལོ་ངོ་བཅོ་བརྒྱད་ཀྱི་ཁྲིམས་ཐག་བཅད་དེ་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཀག་གཉར་བཙོན་འཇུག་བྱས་ཡོད། ད་ལྟ་ལོ་ཚད་ཚང་ཚར་ནའང་གློད་གྲོལ་བཏང་མེད།)དེ་ལྟར་ལོ་ངོ་ཁ་ཤས་རིང་མི་འདོད་པའི་ལས་ཀ་དེ་བྱས་རྗེས་གཞི་ནས་ལས་བསྒྱུར་བཏང་ནས་ཀླུ་ཆུ་རྫོང་གི་གྲོང་གསེབ་ཅིག་ཏུ་དགེ་རྒན་དུ་ཕེབས་ཡོད།
སྒྱུ་རྩལ་རྩོམ་རིག་ཁྲོད་ཀྱི་གཉའ་གོང་ལྷ་བྷེ་ཟེར་བ་དེ་ལ་ཁྱད་ཆོས་མང་བོ་ཡོད་དེ། ཁོང་ཧོར་གཙང་དུ་བཞུགས་སྐབས་ཉིན་ཞིག་ཆེད་དུ་ང་ཁོང་གི་སར་སོང་བ་ཡིན། ཁོང་གི་ལུས་ལ་ཉེན་རྟོག་པའི་སྒྲིག་ཆས་ཆ་ཚང་གོན་ནས་ལས་ཞུགས་བྱེད་ཀྱི་ཡོད་ནའང་། ཤག་ཏུ་འཛུལ་མ་ཐག བརྩིགས་ངོས་གཡས་གཡོན་དུ་ཐང་ག་དང་ཐང་གའི་སྦྱངས་ཤིང་གིས་ཁེངས་ཤིང་། བཞེངས་འཕྲོར་ལུས་པའི་ཐང་ག་དང་ཐང་གའི་ཚོས་གཞི་བསྡར་སའི་ཕོར་བ་ཆུང་ཆུང་སྣ་ཚོགས་ཀྱི་ནང་དུ་ཚོས་གཞི་སྣ་ཚོགས་ཀྱིས་ཁེངས་ནས་ཡར་གཡུགས་མར་གཡུགས་དང་ཐ་ན་ཉལ་ས་ཚུན་ཆད་དུ་ཕོར་བ་ཆུང་ཆུང་དེ་དག་གིས་ཁེངས་འདུག དོན་དངོས་ཀྱིས་ཁོང་ནི་ལྷ་བཟོ་ཡང་འོ་ཙམ་ཡིན།
གཉའ་གོང་ལྷ་བྷེའི་རྩོམ་རིག་གམ་སྙན་ངག་གི་རྩོམ་ཐབས་ཀྱི་ཐད་ནས་བདག་ལ་མཚོན་ན་འགྱུར་བ་གཉིས་མཐོང་བྱུང་སྟེ། ཁོས་སྔ་མར་བྲིས་པའི་《སྒྲུབ་ཕུགས་དམར་པོ》དང་《རླུང་》སོགས་འབྲི་སྐབས། རྩོམ་སྟངས་ཀྱི་ཆ་ནས་ཚིག་ཤོམ་དང་ཚོར་བ་ཐད་རྒྱག་གི་ཉམས་ཧ་ཅང་དོད་པོ་ཡིན་པ་མ་ཟད། འཚོ་བ་དངོས་དང་རྒྱང་རིང་ཙམ་གྱི་འཆར་ཡན་གྱི་རྩོམ་སྟངས་ཡིན། རྗེས་སུ་ང་རང་རྒྱ་གར་དུ་ཡོང་རྗེས་དུས་དེབ་སོགས་སུ་མུ་མཐུད་ནས་ཁོང་གི་གསར་རྩོམ་མང་བོར་མཇལ་བའི་གོ་སྐབས་བྱུང་སོང་ལ། ཁོ་རང་ཀླུ་ཆུར་དགེ་རྒན་བྱེད་ཀྱིན་ཡོད་སྟབས་སློབ་ཕྲུག་དང་ཁྱིམ་ཚང་གི་སྐོར་སོགས་ནས་བྲིས་པ་གང་མང་མཐོང་རྒྱུ་ཡོད་པ་མ་ཟད། འཚོ་བ་དངོས་དེ་དཔེར་ན་དཔོན་པོ་དང་དམའ་རིམ་སྤྱི་ཚོགས་ཀྱི་འགལ་འདུའི་སྐོར་སོགས་ཀྱང་མང་དུ་བྲིས་ཡོད་པ་མཐོང་བྱུང་ལ། རྩོམ་སྟངས་ཀྱི་ཆ་ནས་ཀྱང་སྔ་མའི་ཚིག་ཤོམ་ཅན་དེ་དག་ལས་བབས་འདུག་པའི་ཚོར་སྣང་བྱུང་།
དེང་གི་སྐབས་འདིར་བོད་ཕྱི་ནང་གི་དྲ་ཐོག་ཏུ་ཁོང་ལ་རྗེས་དྲན་གྱིས་ཚ་ཚ་འུར་འུར་བྱེད་ཀྱིན་པའི་སྒང་འདིར། ང་ལའང་དམ་པ་ཁོང་རྗེས་སུ་དྲན་པའམ་མྱ་ངན་གྱི་ཚབ་ཏུ་ཚིག་འགའ་རེ་འབྲི་བློ་བྱུང་སོང་ལ། ལོ་ན་ཆུང་ཞིང་བྱས་རྗེས་ཆེ་བའི་སྙན་ངག་པ་ཁོང་གི་མི་ཚེ་ལ་མཚོན་ན། ཧ་ཅང་གི་ཀྱག་ཀྱོག་ཆེ་ཞིང་དཀའ་ངལ་ལྡན་པ་ཞིག་ཡིན་ཏེ། དཔེར་ན། བསང་ཆུ་རྫོང་བོད་རིགས་སློབ་འབྲིང་འགྲིམ་པའི་སྐབས་སུ་ཁོང་རྒྱ་གར་དུ་ཐེངས་གཅིག་ཕེབས་མྱོང་ལ། གསོག་སྒར་སློབ་གྲྭའི་འབྲས་དང་ལྡ་ལིའི་བྲོ་བའང་མྱངས་མྱོང་བ་མ་ཟད། བཙན་བྱོལ་བའི་དཀའ་སྡུག་ཀྱང་དངོས་སུ་མཐོང་མྱོང་འདུག ཕྱིར་བོད་དུ་ལོག་རྗེས་ཡང་བསྐྱར་མཐོ་འབྲིང་དུ་ཞུགས་ནས་མཐོ་སློབ་ཀྱི་ཡིག་རྒྱུགས་ལ་ཞུགས་ནས་སློབ་གྲྭ་ཆེན་མོར་འགྲིམ་པ་དང་། གོ་ཐོས་ཡིན་ན་ཁོང་རང་མཐོ་སློབ་ཏུ་བསྐྱོད་སྐབས་སློབ་ཡོན་དང་འཚོ་བའི་ཐད་དཀའ་ངལ་ཆེ་སྟབས་ཞོར་དུ་ལྷ་བཞེངས་པ་དང་རི་མོ་སོགས་བྲིས་ནས་ཡོང་འབབ་བསགས་ཏེ་སློབ་ཆེན་ཐག་བཅད་པར་སྐད། རྗེས་སུ་སྙན་ངག་པ་ཆགས་རྒྱུའི་རྩ་བའི་ཆ་རྐྱེན་ཀྱང་དེ་དག་ལོས་ཡིན་འདོད་བྱུང་། གློ་བུར་དུ་ཁོང་སྐུ་འཚོ་མ་ཟིན་པའི་གཏམ་ངན་གོ་བས་སྐྱོ་སྣང་ཞིག་གིས་གློ་བུར་དུ་ཅི་དྲན་འདི་དྲན་མེད་པ་ཞིག་བྱུང་སོང་ལ། དེའི་མུར་སྔོན་ཆད་ལྷན་གཅིག་ཏུ་ཉལ་ས་གཅིག་ནས་ཉལ་བ་དང་ནམ་རྒྱུན་འཛུམ་འཚེར་འཚེར་གྱིས་གསེར་གྱིས་ཤན་པའི་ཡ་སོ་དེ་སྟོན་འོང་བ་དྲན་ཞིང་། དེ་དང་མཉམ་དུ་གཞུངས་དྲང་ཞིང་གཤིས་ཀ་འཇམ་པའི་ཚེ་སྟོད་ཀྱི་གྲོགས་པོ་བཟང་བོ་ཁོང་གི་ལུས་ལ་འཆི་བ་མི་རྟག་པ་སླེབས་པ་དེར་གདུང་སེམས་སྐྱེས། མཇུག་མཐར། གྲོགས་མཆེད་དམ་པ་ཁོང་བདེ་འགྲོར་སྐྱེ་བའི་སྨོན་དང་བཅས་གྲོགས་ཀྱི་མིང་ཙམ་འཆང་བའི་ཐ་ཤལ་བ་ལྷ་ཆབ་སྦྱིན་པས་ཕྱི་ཟླ་ཚེས་ལ་གུས་པས་སྦྱར། ༢༠༡༣ ༢ ༢༧ལ།
ཁོང་གི་སྐོར་མང་པོ་ཞིག་བྲིས་འདུག་མོད། སྔོན་མ་ཐོས་མ་མྱོང་། ཁོང་རྐྱེན་གང་ཞིག་ལ་བརྟེན་ནས་གཤེགས་སོང་བ་རེད།
ཨ་ཁ་བོད་ཀྱི་་་་་་་་སྙན་དངགས་མཁན་གཅིག་མེད་དུ་གྱུར་ནའང་ཕམ་ཁ་ཞིག་རེད་་་་
ལོ་རབས་བརྒྱད་ཅུ་ནས་བོད་ཀྱི་སྙན་ངག་པའི་ཁྲོད་དུ་དཔལ་དོན་གྲུབ་རྒྱལ་དང་ཡི་དམ་ཚེ་རིང་གཉིས་སྐུ་གཤེགས་པར་མྱ་ངན་རྗེས་དྲན་ཞུས་པ་ལས།གཞན་ད་སྔ་གཉའ་གོང་ལྷ་བྷེ་ལ་རྗེས་དྲན་ཞུ་ཞུ་ཞིག་སུ་ལའང་བྱུང་མེད་ཚོད་དུ་སྣང་ལ། དེ་ནི་འདས་པོ་སྙན་ངག་པ་ཁོང་ནི་མི་ཚད་སྤུས་ཚད་ཀྱི་ཆ་ནས་ཚད་ལོངས་པའི་སྙན་ངག་པ་ངོ་མ་ཞིག་ཡིན་པའི་བདེན་རྟགས་སུ་འཁུམས།
ཨ་ཁུ་ལྷ་ཆབ་པས་ངོ་མས་ཡག་པོ་ཞིག་བྲིས་གནང་འདུག་་་་གལ་དྲིན་ཆེ།
དེ་སྔོན་ཞིག་ལ་ངའི་གྲོགས་པོ་ཞིག་གིས་ང་ལ་་་་་རྭ་ལོ་ཞེས་པའི་སྒྲུང་རྩོམ་དེ་ལྟོས་ར་་་་དཔེ་མི་སྲིད་པའི་ཡག་པོ་འདུག་གསུངས་བྱུང་་་་་ད་བྱས་དུས་སྒྲུང་རྩོམ་འདི་རྩོམ་པ་བོ་ལྷ་བྷེ་ཡིན་པ་རེད་་་་་རྩོམ་པ་བོ་ཁོང་ལ་མྱ་ངན་ཞུ།
(ཁོས་”ང་ནི་བྱ་བའི་དབང་གིས་སྤྱང་ལྤགས་གོན་མཁན་ཞིག་ཏུ་གྱུར་ཡོད། ད་ལྟ་བདག་གི་ཨ་ཁུ་ལྷ་སའི་བཙོན་ཁང་ལ་བཅུག་ནས་ཁྲིམས་ཐག་བཅད་ཡོད་པ་རེད།ཨ་ཤི་རེ་ཁོ་”ཞེས་ངུ་ཞོར་དུ་བཤད་མྱོང་།) འདི་ཀློག་སྐབས་ངའི་མིག་ཟུང་ཡང་མཆི་མས་བརླན་སོང། ཅི་ཟེར་ན། དེང་སང་དགྲ་ཕྱོགས་ཀྱི་བཙན་འཛུལ་གྱི་དབང་གིས་རྒན་དར་གཞོན་གསུམ་མང་ཆེ་བས་སེམས་ལ་སྨྲ་བསམ་བརྗོད་མེད་ཀྱི་སྡུག་བསྔལ་ཞིག་གིས་ཁེངས་ཡོད་པ་རེད། འོན་ཀྱང་ང་ཚོས་ཕན་ཚུན་གྱི་སྡུག་བསྔལ་ཤེས་དགོས་ཀྱིན་འདུག ཕན་ཚུན་གྱི་ནོར་འཁྲུལ་ལ་བསམ་ཤེས་དང་སྤུན་ཟླའི་བརྩེ་སེམས་དང་དམ་ཚིག་ལ་བརྩི་བསྲུང་གིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་ན་བདེ་སྐྱིད་ཀྱི་ཉི་མ་ནམ་ཞིག་ཤར་ངེས་སོ།།
བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་ལ་མྱ་ངན་ཞུ་བའི་སྐབས་འདིར་རྒྱུས་ཡོད་ཞིག་གིས་ཁོའི་རྩོམ་ཡིག་ལེགས་གྲས་ཞིག་དྲ་ཐོག་བཀོད་ན་ཅི་མ་རུང་། ཁོང་གི་རྩོམ་གཅིག་ལ་ཡང་ལྟ་མ་མྱོང་བའི་ངས་ཀྱང་གུས་འདུད་དང་བཅས་ཀློག་ན་འདོད།