ཚེ་སྲོག་ལ་གཅེས་འཛིན་དང་ཁྲིམས་ལུགས་སྲུང་བརྩི་བྱ་དགོས།
དཀར་ཆག
གཅིག མི་གཞན་ལ་རང་སྲེག་བྱ་རྒྱུའི་ཇུས་འགོད་དང་། ངན་སློབ། བཙན་སྐུལ་བཅས་བྱེད་པ་ནི་མི་གསོད་ཀྱི་ནག་ཉེས་བསགས་པ་ཞིག་ཡིན།
གཉིས། རང་སྲེག་ལ་ཁ་བཏགས་ནས་མི་རུབ་རྙོག་བཟོ་བྱེད་པ་དང་མི་དམངས་ཉེན་རྟོག་པའི་སྲོག་སྐྱོབ་བྱ་སྤྱོད་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་བྱ་སྤྱོད་ནི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཉེས་པ་བསགས་པ་ཞིག་ཡིན།
གསུམ། མི་མང་འཛོམས་སར་རང་སྲེག་བྱེད་པ་ནི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་པ་བསགས་པ་ཞིག་ཡིན།
བཞི། རང་སྲེག་གི་བྱ་སྤྱོད་ཀྱིས་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་གྱི་འཚོ་བར་འགོག་རྐྱེན་བཟོས་པ་དང་གནོད་སྐྱོན་བཏང་བ།
ལྔ། རང་སྲེག་གི་བྱ་སྤྱོད་ནི་བོད་ཀྱི་སྲོལ་རྒྱུན་ཀུན་སྤྱོད་རིག་གནས་དང་འགལ་བ་ཞིག་ཡིན།
དྲུག རང་སྲེག་གི་བྱ་སྤྱོད་ནི་ནང་བསྟན་གྱི་རྩ་བའི་དགོངས་པ་དང་འགལ་བ།
བདུན། རང་སྲེག་གིས་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཆོས་ཁྲིམས་དང་འདུལ་ཁྲིམས་ལས་འགལ་བ།
བརྒྱད། རང་སྲེག་གི་བྱ་སྤྱོད་ཀྱིས་མིའི་རིགས་ཀྱི་གཞི་རྩར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱོད་དྲང་ལ་རྡོག་བརྫིས་བཏང་བ།
དགུ། རང་སྲེག་བྱེད་པ་དེས་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་ལས་འགལ་བ།
བཅུ། མི་གཤིས་ལ་མནར་གཅོད་གཏོང་བའི་རང་སྲེག་གི་བྱ་སྤྱོད་ལ་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
བཅུ་གཅིག་པ། གྱོད་དོན་དཔེ་མཚོན།
གྱོད་དོན་དཔེ་མཚོན་དང་པོ། བློ་བཟང་དཀོན་མཆོག་གིས་རང་སྲེག་བྱ་རྒྱུར་ངན་སློབ་བྱས་ནས་བསླངས་པའི་གྱོད་དོན།
གྱོད་དོན་དཔེ་མཚོན་གཉིས་པ། ཕུན་ཚོགས་ཀྱིས་རང་སྲེག་བྱས་པའི་གྱོད་དོན།
ཉེ་ཆར་བོད་རིགས་ས་ཁུལ་ཆ་ཤས་སུ་རང་སྲེག་གི་ དོན་རྐྱེན་བྱུང་བ་དེ་ནི་རྒྱལ་ཁོངས་ཕྱིའི་“བོད་རང་བཙན” ཁ་ཕྲལ་རིང་ལུགས་པས་ཇུས་འགོད་དང་ངན་སློབ་བྱས་པའི་མཇུག་འབྲས་ཡིན་པ་དང་། མི་ཆེས་ཉུང་ཤས་ཀྱིས་ཁྲིམས་ལུགས་དང་། ཀུན་སྤྱོད། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་བཅས་སྣང་མེད་དུ་བཏང་བ་དང་། གནས་ཚུལ་ངོ་མ་ཇི་ཡིན་གསལ་རྟོགས་མི་ཐུབ་པའི་ཉེས་མེད་ཚེ་སྲོག་བེད་སྤྱད་ནས་ཁོ་པ་ཚོའི་ཆབ་སྲིད་ཀྱི་མ་རྩ་ལེན་ཆེད་ཆེས་ཐ་ཤལ་གྱི་སྤྱོད་ངན་སྤེལ་བ་ཞིག་རེད། རང་སྲེག་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལས་འགལ་བ་དང་། བོད་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་ལམ་སྲོལ་ལས་འགལ་བ། བོད་བརྒྱུད་ནང་བསྟན་གྱི་དགོངས་པ་དང་ཆོས་ཁྲིམས་ལས་འགལ་བ་བཅས་ཡིན་པ་མ་ཟད། དེས་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་མང་ཚོགས་ཀྱི་བརྟན་ལྷིང་ཞི་འཇམ་ལ་གཏོར་སྐྱོན་བཏང་ཞིང་། ད་དུང་རང་སྲེག་བྱེད་མཁན་དེ་ཚོའི་ཁྱིམ་ཚང་དང་གཉེན་ཉེ་ཚོར་དུས་ཡུན་རིང་པོའི་ནང་སེམས་ངལ་ཡང་བཟོས་པ་རེད། མི་ཆོས་ལས་འདས་པའི་སྤྱོད་ངན་དེ་རིགས་ལ་ཁྲིམས་གཅོད་ཚ་ནན་གཏོང་དགོས་ལ། རང་རེས་ཀྱང་ངེས་པར་དུ་མིག་གསལ་པོ་འཕྱིས་ནས་ཡིན་མིན་གསལ་བྱེད་དང་ཁྲིམས་ལུགས་གསལ་རྟོགས་བྱས་ཏེ་ཐོབ་པར་དཀའ་བའི་ཚེ་སྲོག་ལ་གཅེས་འཛིན་དང་ཉིན་བཞིན་ཡར་རྒྱས་འགྲོ་བའི་བདེ་སྐྱིད་འཚོ་བར་གཅེས་འཛིན་བྱ་དགོས།
གཅིག མི་གཞན་ལ་རང་སྲེག་བྱ་རྒྱུའི་ཇུས་འགོད་དང་། ངན་སློབ། བཙན་སྐུལ་བཅས་བྱེད་པ་ནི་མི་གསོད་ཀྱི་ནག་ཉེས་བསགས་པ་ཞིག་ཡིན།
མི་གཞན་ལ་རང་སྲེག་བྱ་རྒྱུའི་ཇུས་འགོད་དང་། ངན་སློབ། བཙན་སྐུལ་བཅས་བྱེད་པའི་བྱ་སྤྱོད་ནི་ངོ་བོའི་ཐོག་ཤེས་བཞིན་དུ་མི་ གཞན་གྱི་ཚེ་སྲོག་འཕྲོག་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཞིག་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ཀྱི་ཉེས་ཁྲིམས།》(གཤམ་དུ་ཉེས་ཁྲིམས་ཞེས་པར་བསྡུ་རྒྱུ།)ཀྱི་དོན་ཚན་༢༣༢སོགས་ཁྲིམས་ ཀྱི་གཏན་འབེབས་ལྟར་ཤེས་ བཞིན་དུ་མི་སྲོག་བཅད་པའི་ཉེས་ མིང་ཐོག་ནས་མི་གཞན་སྒྲིག་འཛུགས་དང་། ཇུས་འགོད། ངན་སྐུལ། ངན་ སློབ། བསླུ་བྲིད། བཙན་སྐུལ་བཅས་བྱེད་པའི་ཉེས་འགན་རྩད་གཅོད་བྱས་ཏེ། སྲོག་ཆད་དང་། ཚེ་བཙོན་ནམ་དུས་བཙོན་ལོ་བཅུ་ཡན་གྱི་ཉེས་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆུང་ཙམ་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ ཉེས་ཆད་གཅོད་རྒྱུ།
གཉིས། རང་སྲེག་ལ་ཁ་བཏགས་ནས་མི་རུབ་རྙོག་བཟོ་བྱེད་པ་ དང་མི་དམངས་ཉེན་རྟོག་པའི་སྲོག་སྐྱོབ་བྱ་སྤྱོད་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་བྱ་ སྤྱོད་ནི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཉེས་པ་བསགས་པ་ཞིག་ཡིན།
༡ སྤྱི་བདེའི་མི་སྣ་དང་། སྨན་དོན་མི་སྣ། དེ་བཞིན་མི་གཞན་བཅས་ཀྱིས་རང་སྲེག་བྱེད་མཁན་སྲུང་སྐྱོབ་བྱེད་པར་འགོག་རྐྱེན་བཟོ་མཁན་ལ་《ཉེས་ཁྲིམས།》ཀྱི་ དོན་ཚན་༢༣༢ ཀྱི་གཏན་འབེབས་ལྟར་ཤེས་བཞིན་དུ་མི་ སྲོག་བཅད་པའི་ཉེས་མིང་གི་ཐོག་ནས་བྱེད་གཏེའི་ཉེས་འགན་རྩད་གཅོད་བྱས་ཏེ། སྲོག་ཆད་དང་། ཚེ་བཙོན་ནམ་དུས་བཙོན་ལོ་བཅུ་ཡན་གྱི་ཉེས་ཆད་གཅོད་རྒྱུ། ཉེས་ཚབས་ཆུང་ཙམ་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་ རྒྱུ།
༢ སྤྱི་བདེའི་མི་དམངས་ཉེན་རྟོག་པའམ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོ་མཁན་ལ་《ཉེས་ཁྲིམས།》ཀྱི་ དོན་ཚན་༢༧༧གྱི་གཏན་འབེབས་ལྟར་གཞུང་དོན་ལ་གནོད་སྐྱེལ་བའི་ཉེས་མིང་གྱི་ཐོག་ ནས་བྱེད་གཏེའི་ཉེས་འགན་རྩད་གཅོད་བྱས་ཏེ། དུས་བཙོན་ལོ་གསུམ་མན་དང་། བཙན་ཉར་ལས་སྐུལ། དོ་དམ་མམ་དངུལ་ཆད་གཅོད་རྒྱུ།
༣ རང་ སྲེག་བེད་སྤྱད་ནས་མི་མང་འཛོམས་སར་མང་ཚོགས་ངན་སྐུལ་གྱིས་བསྙད་རྐོ་ཟིང་སློང་དང་། མི་མང་འཛོམས་སའི་སྒྲིག་སྲོལ་དང་སྒྲིག་ཆས་ལ་གནོད་སྐྱོན་གཏོང་མཁན་ལ《ཉེས་ཁྲིམས།》 ཀྱི་དོན་ཚན་༢༩༣གྱི་ གཏན་འབེབས་ལྟར་འཁྲུག་རྐྱེན་ཟིང་སློང་གི་ཉེས་མིང་ཐོག་ནས་བྱེད་གཏེའི་ཉེས་འགན་རྩད་ གཅོད་བྱས་ཏེ། དུས་བཙོན་ལོ་ལྔ་ཡན་ནས་ལོ་བཅུ་མན་བར་གྱི་ ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།
༤ མང་ཚོགས་ངན་སྐུལ་གྱིས་བསྡུ་རུབ་བྱས་ཏེ་ཕུང་ པོ་ཁུར་ནས་ཁྲོམ་སྐོར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོ་བ་དང་ སྤྱི་པའི་སྒྲིག་སྲོལ་དཀྲུག་མཁན་ལ་《ཉེས་ཁྲིམས། 》ཀྱི་དོན་ཚན་༢༩༠དང་༢༩༡གི་གཏན་འབེབས་ལྟར་མི་མང་བསྡུ་ རུབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དཀྲུག་པའི་ཉེས་པའམ་མི་མང་བསྡུ་རུབ་ ཀྱིས་མི་མང་འཛོམས་སའི་སྒྲིག་སྲོལ་དང་འགྲིམ་འགྲུལ་སྒྲིག་སྲོལ་དཀྲུག་པའི་ཉེས་མིང་ཐོག་ནས་བྱེད་གཏེའི་ཉེས་འགན་རྩད་གཅོད་བྱས་ཏེ་དུས་བཙོན་ལོ་ གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་། དེ་ཁོངས་སུ་ཧུར་ཐག་ཞུགས་མཁན་གཞན་ལ་དུས་བཙོན་ལོ་གསུམ་མན་དང་། བཙོན་ ཉར་ལས་སྐུལ། དོ་ དམ་བཅས་བྱ་རྒྱུ།
༥ མི་མང་འཛོམས་སར་རྡུང་ གཅོག་འཕྲོག་སྲེག་གི་བྱ་ངན་སྤེལ་མཁན་ལ་《ཉེས་ཁྲིམས།》ཀྱི་ དོན་ཚན་༢༦༣དང་༢༧༥ཡི་གཏན་འབེབས་ལྟར་འཕྲོག་བཅོམ་བྱས་པའི་ཉེས་པའམ་ཤེས་བཞིན་དུ་གཞུང་སྒེར་གྱི་རྒྱུ་དངོས་ གཏོར་སྐྱོན་བཏང་བའི་ཉེས་མིང་ཐོག་ནས་དེར་ཞུགས་མཁན་གྱི་ཉེས་འགན་རྩད་གཅོད་བྱ་ རྒྱུ་དང་། གྱོང་གུན་གྲངས་ཕོན་ཆེན་པོ་བཟོ་མཁན་ནམ་དམིགས་བསལ་གྱི་གནས་ཚུལ་ཚབས་ཆེན་ཡོད་མཁན་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་ སྦྲགས་སུ་གཅོད་རྒྱུ།
༦ འབར་ གས་རང་བཞིན་དང་། དུག་སྐྱོན་རང་བཞིན། འོད་འཕྲོའི་རང་བཞིན། འཁྲུག་ཟིང་རང་བཞིན་སོགས་ཀྱི་འཇིགས་སྐུལ་ཆ་འཕྲིན་རྫུན་ བཟོ་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ ཚབས་ཆེན་དཀྲུག་མཁན་ལ་《ཉེས་ཁྲིམས།》ཀྱི་ དོན་ཚན་༢༩༠དང་༢༩༡གི་གཏན་འབེབས་ལྟར་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དཀྲུག་པའི་ཉེས་ མིང་ཐོག་ནས་དཀྲོག་གཏམ་བཟོ་མཁན་དང་སྤེལ་མཁན་གྱི་ཉེས་འགན་རྩད་གཅོད་བྱས་ཏེ། དུས་བཙོན་ལོ་ལྔ་མན་དང་། བཙན་ཉར་ལས་སྐུལ་ ལམ། དོ་དམ་གྱི་ཉེས་ ཆད་གཅོད་རྒྱུ། མཇུག་འབྲས་ཚབས་ཆེ་བཟོ་ མཁན་ལ་དུས་བཙོན་ལོ་ལྔ་ཡན་གྱི་ ཉེས་ཆད་གཅོད་རྒྱུ།
གསུམ། མི་མང་འཛོམས་སར་རང་སྲེག་བྱེད་པ་ནི་སྤྱི་ པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་པ་བསགས་པ་ཞིག་ཡིན།
རང་སྲེག་བྱེད་མཁན་མང་པོ་ཞིག་ནི་རྨོངས་ཚོད་ཀྱིས་དཀྲོག་གཏམ་ལ་ཡིད་ཆེས་བྱས་ཏེ་ཉེས་མེད་གནོད་འཚེ་ཕོག་མཁན་ཡིན་ནའང་དེ་དག་གིས་བཟོས་པའི་དོན་དངོས་ནི་བཅའ་ཁྲིམས་ལས་འགལ་བ་ཞིག་ཡིན་པས་གཞན་དང་འདྲ་བར་ཁྲིམས་ཆད་ཕོག་དགོས་ངེས་རེད།
༡ མི་མང་འཛོམས་སར་རང་སྲེག་སོགས་བྱས་ནས་མི་གཞན་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་ལ་《ཉེས་ ཁྲིམས》ཀྱི་དོན་ཚན་༡༡༤དང་། ༡༡༥ ༢༣༢ ༢༩༡བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་“ཉེན་ཁ་ཆེ་བའི་བྱ་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་”ཉེས་མིང་ཐོག་ནས་རང་སྲེག་བྱེད་མཁན་གྱི་ཉེས་འགན་རྩད་གཅོད་བྱ་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། མཇུག་འབྲས་ཚབས་ཆེ་བྱུང་མེད་མཁན་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་། མཇུག་འབྲས་ཚབས་ཆེ་བཟོ་མཁན་ལ་དུས་བཙོན་ལོ་བཅུ་ཡན་དང་ཚེ་བཙོན་ནམ་སྲོག་ཆད་ གཅོད་རྒྱུ།
༢ རང་སྲེག་གི་བྱ་སྤྱོད་སྤེལ་སྐབས་མི་གཞན་ལ་འཐམས་པའམ་ཤེས་བཞིན་དུ་མི་མང་གི་ཁྲོད་དུ་རྒྱུག་འགྲོ་མཁན་ལ་《ཉེས་ ཁྲིམས།》ཀྱི་དོན་ཚན༢༩༡པའི་གཏན་འབེབས་ལྟར། ཤེས་བཞིན་དུ་མི་བསད་པའི་ཉེས་མིང་ཐོག་ནས་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་ རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།
༣ ཁྲིམས་དང་འགལ་ནས་མེ་མདའ་དང་། རྫས་མདེལ། བཀག་སྡོམ་བྱེད་པའི་གྲིའི་རིགས། རླངས་སྣུམ་སོགས་འབར་གས་རང་བཞིན་དང་། འབར་སླ་བའི་རང་བཞིན། འོད་འཕྲོའི་རང་བཞིན། དུག་སྐྱོན་གྱི་རང་བཞིན། རུལ་བསླད་རང་བཞིན་བཅས་ལྡན་པའི་དངོས་རྫས་བཅས་མི་མང་འཛོམས་སར་ཁྱེར་བའམ་འགྲིམ་ འགྲུལ་ཡོ་བྱད་ཐོག་ལ་ཁྱེར་མཁན་ལ་《ཉེས་ཁྲིམས།》ཀྱི་དོན་ཚན་༡༣༠པའི་གཏན་འབེབས་ལྟར། ཁྲིམས་དང་འགལ་ནས་ཉེན་ཁ་ཆེ་བའི་དངོས་རྫས་ཁྱེར་ནས་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་ བཟོས་པའི་ཉེས་མིང་ཐོག་ནས་དོ་བདག་གི་ཉེས་འགན་རྩད་གཅོད་བྱས་ཏེ། དུས་བཙོན་ལོ་གསུམ་མན་གྱི་ཉེས་ཆད་གཅོད་རྒྱུ་དང་། བཙན་ཉར་ལས་སྐུལ་ལམ་དོ་དམ་བྱ་རྒྱུ།
༤ རང་སྲེག་གི་བྱ་སྤྱོད་སྤེལ་མཁན་ལ་སྤྱོད་ཆས་གྲ་སྒྲིག་དང་ཆ་རྐྱེན་སྐྲུན་མཁན་ལ་ཤེས་བཞིན་དུ་མི་གསོད་པའི་ནག་ཉེས་གསོག་རྒྱུའི་གྲབས་གཤོམས་བྱས་པ་ལྟར་ཐག་གཅོད་ བྱ་རྒྱུ།
༥ སླུ་བྲིད་དང་། མགོ་སྐོར། བཙན་སྐུལ་བཅས་ཀྱི་མགོ་སྐོར་འོག་ཏུ་ཚུད་ནས་རང་སྲེག་གི་བྱ་སྤྱོད་སྤེལ་མཁན་ལ་བཅའ་ཁྲིམས་ལྟར་ཉེས་དོན་གྱི་ཆད་གཅོད་ཡང་པོ་བྱེད་པ་དང་། བཅའ་ཡང་དུ་གཏོང་བའམ་རྩ་ཡངས་སུ་བཏང་ཆོག
བཞི། རང་སྲེག་གི་བྱ་སྤྱོད་ཀྱིས་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་གྱི་འཚོ་བར་འགོག་རྐྱེན་བཟོས་པ་དང་གནོད་སྐྱོན་བཏང་བ།
༡༩༧༨ལོར་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་རྗེས། ཀྲུང་དབྱང་གིས་སྔ་རྟིང་དུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་སྐོང་ཚོགས་གནང་སྟེ། བོད་ལྗོངས་དང་བོད་ཁུལ་གཞན་དག་གི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ཡར་རྒྱས་ཡོང་བ་བྱས་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད་ཅིང་། ས་ཞིང་དང་སྒོ་ཕྱུགས་དུད་ཚང་སོ་སོར་བགོས་ནས་འགན་གཙང་ལེན་དུ་བཅུག་པ་དང་། ཞིང་འབྲོག་པའི་དཔྱ་ཁྲལ་ཁག་རྒྱུན་ཆད་མེད་པར་ཆག་ཡང་དང་རྩ་ཆག་བཏང་བ། ཞིང་འབྲོག་པ་མང་ཆེ་བས་སྡོད་ཁང་གསར་རྒྱག་གམ་སྲིད་གཞུང་གིས་རོགས་སྐྱོར་གནང་ནས་བརྒྱབ་པའི་བདེ་སྡོད་ཁང་པའི་ནང་དུ་སྤོས་པ། ཞིང་འབྲོག་པ་དང་དགོན་སྡེའི་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་དང་སྨན་བཅོས་ འགན་བཅོལ་སོགས་གཞི་རྩའི་ཆར་ཡུལ་ཚོ་མི་སོ་སོར་དོན་འཁྱོལ་བྱུང་བ། ཞིང་འབྲོག་པའི་བུ་ཕྲུག་གིས་སྤྱི་ཡོངས་ནས་ལོངས་སུ་སྤྱོད་པའི་ལོ་༡༢ལམ་ལུགས་ཀྱི་འགན་བབས་སློབ་གསོའི་ཁར་ད་དུང་རྒྱུན་ཆད་མེད་པར་མ་དངུལ་འཕར་སྣོན་རྒྱག་པའི་རིན་ཡོན་མི་དགོས་པའི་“འགན་ལེན་གསུམ་”(ཟས་གོས་ སྡོད་གསུམ་འགན་ལེན་)གྱི་གཟིགས་སྐྱོང་ཐོབ་པ། ཞིང་བསྐྱུར་ནགས་སྐྱོང་དང་འབྱུང་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་སོགས་ཀྱི་ སྲིད་ཇུས་ལག་ལེན་བསྟར་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་རི་བོ་མཛེས་ཤིང་ཆུ་མོ་དྭངས་གསལ་བྱུང་བ། ཕྱོགས་བཞི་མཚམས་བརྒྱད་ལ་ཤར་སྐྱོད་ཐུབ་པའི་འགྲིམ་འགྲུལ་གྱིས་ནི་མི་རིགས་ཁག་གི་དམངས་ཚོགས་ཀྱིས་གཞན་ཡུལ་དུ་འགྲོ་འོང་བྱས་ནས་འབྲེལ་འདྲིས་བྱ་རྒྱུར་སྟབས་བདེ་བཟོས་པ་མ་ཟད། ཟམ་མ་ཆད་པར་ཇེ་མང་དུ་འགྲོ་བཞིན་པའི་ལྗོངས་རྒྱུའི་མགྲོན་པོས་ཀྱང་ས་ཆ་དེ་གའི་དམངས་ཚོགས་ཀྱི་དངུལ་ཁུག་རྒྱགས་པ་བཟོས་ཡོད། དེའི་ཁར་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་བོད་ལྗོངས་དང་བོད་ཁུལ་གཞན་དག་གི་དཔལ་འབྱོར་གོང་འཕེལ་དང་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བའི་ཐད་རྒྱབ་སྐྱོར་རོགས་རམ་ཤུགས་ཆེན་གནང་བར་བརྟེན། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚད་དེ་ལོ་རྒྱུས་ཐོག་དཔལ་འབྱོར་འཕར་ཚད་མགྱོགས་ཤོས་དང་། རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་གྲོང་རྡལ་གྱི་རྣམ་པར་འགྱུར་ལྡོག་ཆེ་ཤོས། བོད་རིགས་ཀྱི་རིག་གནས་སྲུང་སྤེལ་དངོས་སུ་བྱུང་ཚད་མཐོ་ཤོས། གྲོང་ཁྱེར་གྱི་གྲོང་མི་དང་རྒྱ་ཆེའི་ཞིང་འབྲོག་པར་ཕན་ཆ་མང་ཤོས་ཐོབ་པ་བཅས་ ཀྱི་དུས་སྐབས་སུ་སླེབས་ཡོད།
ཡིན་ནའང་མི་ཉུང་ཤས་ཤིག་གིས་ནི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྤྱི་ཚོགས་ཡར་ཐོན་བྱུང་ཚུལ་མཐོང་འདོད་མི་བྱེད་པ་དང་། མི་སེར་གྱི་བདེ་སྡོད་ལས་བརྩོན་བྱེད་པའི་བརྟན་ལྷིང་གི་འཚོ་བ་སྐྱེལ་དུ་འཇུག་འདོད་མ་བྱས་པར། རང་སྲེག་སོགས་ཀྱི་བསྙད་རྐོའི་སྤྱོད་ངན་རབ་དང་རིམ་པ་ཇུས་འགོད་ངན་སྐུལ་བྱས་ཏེ། བོད་རིགས་མི་དམངས་རྣམས་མི་རིགས་དང་རིགས་རྒྱུད་སྡང་སེམས་ཀྱིས་གསོད་པ་དང་། སྤྱི་ཚོགས་ལྷིང་འཇགས་མེད་པ་བཟོ་བ། མི་སེར་རྣམས་གནས་བཟོད་མི་བདེ་བའི་འཇིགས་སྐུལ་གྱི་འཚོ་བ་བཅས་ཀྱི་ཁྲོད་དུ་འཁྲིད་གང་ཐུབ་བྱེད་ཀྱི་ཡོད།
རང་སྲེག་བྱས་པ་དེས་རང་སྲེག་བྱེད་མཁན་རང་ཉིད་ཀྱི་ལུས་སྲོག་ལ་གནོད་འཚེ་བཏང་ནས་ཚེ་སྲོག་གསོན་ པོ་ཞིག་སྡུག་བསྔལ་ཚད་མེད་ཀྱི་ནང་དུ་འཕག་འཚག་རྒྱག་བཞིན་དུ་མེད་པར་བཟོས་པ་དང་ཆབས་ཅིག རང་སྲེག་བྱེད་མཁན་གྱི་ཁྱིམ་ཚང་ལའང་གནོད་དུས་ཡུན་རིང་པོ་བསྐྱལ་ནས་ལོ་ན་རྒས་པའི་ཕ་མར་“སྐྲ་དུང་ལྟར་དཀའ་བའི་རྒན་རྒོན་གྱི་སྔོན་ལ་སྐྲ་ནག་ཅིང་སྣུམ་པའི་གཞོན་སྐྱེས་འགྲོ་བ་”ཡི་སྡུག་བསྔལ་ཚད་མེད་མྱོང་དགོས་བཟོས་པ་དང་། ལོ་ན་ཆུང་བའི་བུ་ཕྲུག་ཕ་མ་དང་བྲལ་བའི་སྡུག་བསྔལ་མྱོང་དགོས་བཟོས། རང་སྲེག་བྱེད་མཁན་མེ་ལྕེ་དྲག་པོའི་ཁྲོད་དུ་སྡུག་པོ་མྱངས་ནས་འཕག་འཚག་རྒྱག་པ་དེས་ཉེ་འཁོར་གྱི་དམངས་ཚོགས་ཀྱི་སེམས་ཁམས་དང་སྤྱི་ཚོགས་ལ་མི་ཆོས་ལས་འདས་པའི་སེམས་ནད་ཚབས་ཆེན་བཟོས་ཏེ། མི་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་སེམས་དང་སྐྱིད་སྣང་ལ་གནོད་ཤུགས་ཆེན་པོ་བསྐྱལ་ཡོད། ས་ཕྱོགས་གཞན་པའི་མི་རྣམས་ཀྱི་ལྟ་སྣང་མཐོང་ཕྱོགས་སུ་རང་སྲེག་གི་དོན་གཞི་བྱུང་ཡུལ་དུ་ལྷིང་འཇགས་མེད་པར་ཟིང་ཆ་ཆེ་བའི་སྣང་ཚུལ་འཆར་གྱི་ཡོད་པས། ས་གནས་དེ་གའི་རང་ཡོད་ཐོན་ཁུངས་དང་ལྗོངས་རྒྱུའི་ཐོན་འབྱེད་བྱེད་རྒྱུ་དང་དམངས་ཚོགས་ཀྱི་ལས་ཀར་ཞུགས་ཕོན་ཆེ་རུ་གཏོང་རྒྱུ་སོགས་དཔལ་འབྱོར་དང་དམངས་འཚོའི་རྣམ་གྲངས་སྤེལ་རྒྱུར་གནོད་ཚབས་ཆེན་བསྐྱལ་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་ཕྱུག་འགྱུར་བྱེད་ལམ་ལ་གཏོར་བཤིག་བཏང་ཡོད།
རང་སྲེག་བྱས་པ་དེས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་བར་འགལ་རྐྱེན་བཟོས་པ་དང་། རྒྱ་ཆེའི་དམངས་ཚོགས་ཀྱི་བདེ་སྡོད་ལས་བརྩོན་གྱི་འཚོ་བར་གནོད་སྐྱོན་བཟོས་པར་བརྟེན། རང་སྲེག་བྱེད་པ་དེ་མི་རྣམས་ཀྱི་བློ་ལ་གཏན་ནས་བབ་ཀྱི་མེད།
ལྔ། རང་སྲེག་གི་བྱ་སྤྱོད་ནི་བོད་ཀྱི་སྲོལ་རྒྱུན་ཀུན་སྤྱོད་རིག་གནས་དང་འགལ་བ་ཞིག་ཡིན།
བོད་རིགས་ནི་དགེ་སྡིག་གི་དབྱེ་བ་གསལ་ཞིང་། ཚེ་སྲོག་དང་རང་བྱུང་ཁམས་ལ་གུས་བཀུར་ཡི་རང་བྱེད་པའི་ མི་རིགས་ཤིག་ཡིན་ལ། བོད་རིགས་མི་དམངས་རྣམས་ཁོར་ཡུག་ངན་པར་མགོ་མི་སྒུར་ཞིང་ཚོགས་བསགས་དགེ་སྒྲུབ་དང་། སྐྱེ་འགྲོའི་ཚེ་སྲོག་གཅེས་པར་འཛིན་པའི་རིན་ཐང་གི་ལྟ་བ་དེ་རྒྱུན་ལྡན་གྱི་འཚོ་བ་དང་ཆོས་ལུགས་ཀྱི་འཚོ་བའི་ཕྱོགས་ཡོངས་གང་སར་ཁྱབ་ ཡོད།
བོད་ཀྱི་སྲོལ་རྒྱུན་ཀུན་སྤྱོད་ཚད་གཞིའི་ཁྲོད་དུ་གསུངས་པའི་“དགེ་སྤྱོད་”ནི་དུས་དང་གནས་གང་རུང་ངམ། ཐད་ཀར་རམ་ཐད་ཀར་མིན་པའི་ཐོག་ནས་ཚེ་སྲོག་ལ་གནོད་འཚེ་གཏོང་མི་རུང་། སྐྱེ་འགྲོར་ངེས་ པར་དུ་བྱམས་སྙིང་རྗེ་དང་སེམས་བཟང་ འཆང་དགོས་པ་ཞིག་ཡིན། གལ་ཏེ་མི་ཆེ་གེ་མོ་ཞིག་གི་གཏམ་སྤྱོད་ཀྱིས་ཐད་ཀར་རམ་ཐད་ཀར་མིནཔའི་ཐོག་ནས་གཞན་ལ་ཕོག་ཐུག་བཏང་སྟེ། གཞན་གྱི་ཁེ་ཕན་དང་ཚེ་སྲོག་ལ་གནོད་འཚེ་བཏང་ཚེ་དེ་ནི་“སྡིག་སྤྱོད་”དུ་མཐོང་ཞིང་། དགེ་སྡིག་གི་ལས་ ཇི་ལྟ་ཞིག་སྤེལ་ཡང་དེར་“བཟང་པོར་བཟང་ལན་དང་། ངན་པར་ངན་ལན་”གྱི་ལས་རྒྱུ་འབྲས་འཁོར་ངེས་ ཡིན།
རྒན་རབས་རྣམས་ཀྱིས་རྗེས་རབས་པ་ཚོར་རི་ལ་གཞི་བདག་དང་། ཤིང་ལ་ཤིང་ལྷ། ཆུ་ལ་ཀླུ་མོ་གནས་ཡོད་ཚུལ་དང་། རི་ཡི་རྩི་ཤིང་མེ་ཏོག་དང་། བྱ་བྱེའུ་རི་དྭགས། མཚོ་ནང་གི་ཉ་རིགས་སོགས་འབུ་སྲིན་ཡོད་ཚད་ལ་ཚེ་ སྲོག་ཡོད་པས་རང་དགར་གཅོད་བྲེག་དང་བཟུང་འཛིན་བྱེད་མི་རུང་ཞིང་། རང་དགར་གཞན་སྲོག་གཅོད་པ་དེ་ནི་མི་ཆོས་དང་ཤིན་ཏུ་མི་མཐུན་པའི་ཐོག་ཡུལ་ལྷ་གཞི་བདག་གི་ཆད་གཅོད་འཕོག་ངེས་ཡིན་པའི་བསླབ་བྱ་གནང་གི་ཡོད།
བོད་ཀྱི་ཀུན་སྤྱོད་རིག་གནས་ནང་མིའི་ཚེ་སྲོག་ལ་དེ་བས་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། འཇིག་རྟེན་པ་རྣམས་ལ་འཁོར་བར་ཡིད་ཆེས་དང་། སྔོན་གྱི་ལས་འགྲོར་བརྩི་སྲུང་། སྲོག་གཅོད་སྤོང་བ། ཕྱི་མའི་དོན་དུ་ཚོགས་བསགས་དགེ་སྒྲུབ་བཅས་བྱ་དགོས་པའི་ཁ་ཏ་བྱེད་ ཀྱི་ཡོད། གལ་ ཏེ་མི་ལ་ལས་ཐལ་སྐྱོད་ཀྱི་བྱེད་སྟངས་ལ་བརྟེན་ནས་རང་སྲོག་གཅོད་པའམ་རང་ལུས་རྩ་མེད་བཏང་ཚེ། སྐྱེ་འགྲོའི་སྡུག་བསྔལ་སེལ་བར་མི་ཕན་ལ་སྐྱེ་འགྲོའི་བདེ་བ་ཡང་ལོངས་སུ་སྤྱོད་མི་ཐུབ། ལྷག་པར་དུ་དྲིན་ལན་འཇལ་བའི་འདུན་པ་ཆེན་པོ་དེ་བས་ཀྱང་མི་འགྲུབ་ཐབས་མེད། དེར་བརྟེན་རང་བསྲེགས་ཏེ་གདུག་རྩུབ་ཀྱི་ལམ་ནས་རང་སྲོག་གཅོད་པ་དེ་རང་བྱུང་དང་སྤྱི་ཚོགས་ཀྱི་མི་ཆོས་ལས་འགལ་བ་མ་ཟད། བོད་ཀྱི་སྲོལ་རྒྱུན་ཀུན་སྤྱོད་རིག་གནས་ཀྱི་སྙིང་པོ་དང་དེ་བས་འགལ་བ་རེད།
དྲུག རང་སྲེག་གི་བྱ་སྤྱོད་ནི་ནང་བསྟན་གྱི་རྩ་བའི་དགོངས་པ་དང་འགལ་བ།
སྟོན་པ་ཤཱཀྱ་ཐུབ་པས།“སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། དེ་ནི་སངས་རྒྱས་བསྟན་པ་ཡིན།”ཞེས་ གསུངས་ཡོད། དེར་བརྟེན་“སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད་”ཅེས་པ་ནི་ནང་བསྟན་གྱི་རྩ་བའི་དགོངས་པ་ཡིན་པ་སྟེ། ནང་བསྟན་གྱི་རྗེས་འཇུག་པ་ཁྱིམ་པ་དང་རབ་བྱུང་པ་གང་ཡིན་ཡང་ཚང་མས་ཐོག་མར་དགེ་སྒྲུབ་སྡིག་སྤོང་གི་ལས་ནས་འགོ་རྩོམ་རྒྱུ་ནི་ཆོས་ལུགས་པ་ཞིག་ལ་མཚོན་ན་མི་ཚེ་ཧྲིལ་པོར་སྲུང་བྱའི་རྩ་བ་ཡིན། “སྡིག་པ་ཅི་ཡང་མི་བྱ་ཞིང་”ཞེས་པའི་སྡིག་པ་ནི་མི་དགེ་བའི་ལས་ལ་ཟེར་ཞིང་། ནང་བསྟན་ཆོས་ལུགས་ནང་གསུངས་པའི་མི་དགེ་བའི་ལས་དང་པོ་ནི་སྲོག་གཅོད་ཡིན། དེ་ལ་རང་སྲོག་གཅོད་པ་དང་གཞན་སྲོག་གཅོད་པ་གཉིས་ལས་འཕྲོས་ཏེ་སེམས་ཅན་ཡོད་ཚད་ཀྱི་སྲོག་གཅོད་པ་དེའི་ཁོངས་སུ་གཏོགས། གལ་ཏེ་མི་གསོད་པ་ལྟ་བུར་མཚོན་ན་དེའི་ནང་དོན་ལ་རང་སྲོག་གཅོད་པ་དང་། གཞན་སྲོག་གཅོད་པ། ངན་སྐུལ་གྱིས་གསོད་དུ་འཇུག་པ་སོགས་ཚུད་ཡོད་པའི་བྱ་སྤྱོད་དེ་རིགས་ནི་ནང་བསྟན་ཆོས་ལུགས་ཀྱིས་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་ཞིག་ཡིན། དེ་ལས་ལྡོག་སྟེ་“དགེ་བ་ཕུན་སུམ་ཚོགས་པར་སྤྱད་”ཅེས་པའི་“དགེ་བ་”ནི་དགེ་བའི་ལས་ལ་ཟེར་ཞིང་། སྲོག་མི་གཅོད་པ་ནི་ནང་བསྟན་ཆོས་ལུགས་ཀྱིས་ལག་ཏུ་ལེན་རྒྱུའི་འདོད་ཚུལ་འཛིན་པའི་དགེ་བའི་ལས་ཨང་དང་པོ་དེ་ཡིན་ལ། དགེ་འདུན་པས་རང་སྲེག་བྱེད་པ་དེས་ནང་བསྟན་གྱི་“སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པ་སྤྱོད་”ཅེས་པའི་རྩ་བའི་དགོངས་པ་དང་ཚབས་ཆེན་འགལ་བ་རེད།
བྱམས་སྙིང་རྗེ་དང་གཞན་ཕན་བྱ་རྒྱུ་རྩ་བར་འཛིན་རྒྱུ་ནི་ནང་བསྟན་ཆོས་ལུགས་ཀྱི་རྩ་བའི་དགོངས་པ་ཡིན་ པས་བོད་བརྒྱུད་ནང་བསྟན་གྱིས་ནང་བསྟན་གྱི་བྱམས་སྙིང་རྗེའི་དགོངས་པར་མཐོང་ཆེན་ཞུས་ཏེ། བྱམས་སྙིང་རྗེ་སྐྱེ་བའི་སེམས་ཀྱི་རྩ་བ་ནི་རང་གཞན་འདྲ་མཉམ་དང་། རང་གཞན་གནས་བརྗེ། “རྒྱུ་འབྲས་མན་ངག་བདུན་”སོགས་ཡིན་པར་འདོད། རང་གཞན་འདྲ་མཉམ་དང་རང་གཞན་གནས་བརྗེའི་ཐོག་ནས་ནན་བཤད་བྱས་ཡོད་པ་ནི་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི་བསམ་བློ་དེ་ཡིན། “རྒྱུ་འབྲས་མན་ངག་བདུན་”ནི་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐབས་བདུན་(མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག སེམས་བསྐྱེད།)ཡིན། རང་སྲེག་གིས་རང་ལུས་རྩ་མེད་བཏང་བའི་ཐོག་ཤེས་ནུས་ཉམས་སུ་བཅུག་པ་ཡིན་པས་མར་ཤེས་པ་དང་དྲིན་དྲན་ཐབས་མེད་པ་མ་ཟད། དྲིན་གཟོ་བ་དང་། སེམས་སྦྱོང་། གཞན་ཕན་གྱི་འདུན་པ་ཆེན་པོ་སོགས་ དེ་བས་ཀྱང་འགྲུབ་ཐབས་མེད་སྟབས། རང་བྱུང་དང་སྤྱི་ཚོགས་ཀྱི་མི་ཆོས་ལས་འགལ་བར་མ་ཟད། ནང་བསྟན་གྱི་བྱམས་སྙིང་རྗེ་སྒོམ་པའི་བསམ་བློ་ལས་ཀྱང་དེ་བས་འགལ་ཞིང་། ནང་བསྟན་གྱི་བྱམས་སྙིང་རྗེའི་དགོངས་ཚུལ་རྡོག་བརྫིས་བཏང་བ་ཞིག་རེད།
ནང་བསྟན་ཆོས་ལུགས་ཀྱིས་ཚེ་སྲོག་ལ་བརྩི་འཇོག་དང་། ཚེ་སྲོག་ལ་གཅེས་འཛིན། སྲོག་གཅོད་ལ་ངོ་རྒོལ། སྲོག་གཅོད་བཀག་འགོག་བཅས་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཚེ་སྲོག་ཐད། “སངས་རྒྱས་སྟོན་པའི་དྲིན་གཟོ་ཞིང་། ཤེས་རབ་བཟང་པོ་འཕེལ་བར་འབད། སྐྱེ་འགྲོའི་སྡུག་བསྔལ་སེལ་བ་དང་། ཚེ་སྲོག་རྟག་ཏུ་བརྟན་པར་བསྔོ།”ཞེས་སྨོན་ལམ་འདེབས་གནང་གི་ཡོད། ཚེ་སྲོག་བརྟན་པོ་བྱུང་ཚེ་དྲིན་གཟོ་ཐུབ་ལ་ཤེས་རབ་འཕེལ་ཞིང་། སྐྱེ་འགྲོ་བདེ་བར་འཁོད་ཐུབ་པ་དེ་ནི་ཚེ་སྲོག་གནས་པའི་རིན་ཐང་དང་དོན་སྙིང་ཡིན་ལ་ནང་བསྟན་ཆོས་ལུགས་ཀྱི་ཚེ་སྲོག་ལྟ་བའང་ཡིན། རང་སྲེག་བྱེད་པ་ནི་ནང་བསྟན་ཆོས་ལུགས་ཀྱིས་ཚེ་སྲོག་ལ་བརྩི་འཇོག་དང་གཅེས་འཛིན་བྱེད་པའི་དགོངས་པ་གལ་ཆེན་དང་གཏན་ནས་མི་མཐུན་པ་ཞིག་རེད།
བདུན། རང་སྲེག་གིས་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཆོས་ཁྲིམས་དང་འདུལ་ཁྲིམས་ལས་འགལ་བ།
«དགེ་བ་བཅུའི་བསྟན་པའི་མདོ་»ནི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་སྲུང་བྱའི་རྩ་བའི་ཆོས་ཁྲིམས་དང་། མི་ཞིག་དགེ་སྡིག་གང་དུ་གཏོགས་པར་དཔྱོད་བྱེད་ཀྱི་རྩ་བའི་ཚད་གཞི་ཡིན། “དགེ་བ་བཅུ་”ནི་སྲོག་མི་གཅོད་པ། མ་བྱིན་པ་མི་ལེན་པ། ལོག་གཡེམ་སྤོང་བ། བདེན་པར་སྨྲ་བ། ཕྲ་མ་མི་བྱེད་པ། ཚིག་འཇམ་པོར་སྨྲ་བ། ངག་མི་འཆལ་བ། གཞན་གྱི་ནོར་ལ་ཆགས་སྲེད་མི་བྱེད་པ། གཞན་ལ་གནོད་སེམས་མི་སྐྱེས་པ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་བཅས་ཡིན། “མི་དགེ་བ་བཅུ་”ལས་ལུས་ཀྱི་གསུམ་ནི་སྲོག་གཅོད། མ་བྱིན་ལེན། འདོད་ལོག་སྤྱོད། ངག་གི་བཞི་ནི་རྫུན་དང་། ཕྲ་མ། ཚིག་རྩུབ། ངག་ཀྱལ། ཡིད་ཀྱི་གསུམ་ནི་བརྣབ་སེམས། གནོད་སེམས། ལོག་ལྟ་བཅས་སོ།
«དགེ་བ་བཅུའི་བསྟན་པའི་མདོ་»ཡི་ནང་། “སྲོག་མི་གཅོད་པ་”ནི་སྲུང་བྱའི་གཙོ་དོན་ཨང་དང་པོར་གསུངས་འདུག “སྲོག་ གཅོད་”ཀྱི་སྡོམ་ཁྲིམས་ནང་“སྲོག་གི་ཉེན་ཁ་ཡོད་ པ་ཤེས་བཞིན་དུ་གཞན་ལ་ཁས་ལེན་དམ་བཅའ་བྱེད་དུ་བཅུག་སྟེ་མི་འདོད་བཞིན་དུ་འཆི་བར་བསྔགས་བརྗོད་བྱེད་པ་དག་ནི་སྲོག་གཅོད་ཀྱི་ཉེས་པ་ཡིན་”ཞེས་དང་། “ཤེས་བཞིན་དུ་མི་གཞན་ཆུ་བོ་དང་གཙང་པོར་བསྣུབས་ནས་འཆི་རུ་འཇུག་པའམ་མེས་བསྲེགས་ནས་འཆི་རུ་འཇུག་པ་དེ་ཡང་སྲོག་གཅོད་ཀྱི་ཉེས་པ་ཡིན་”ཞེས་དང་། “ལས་དོན་གཙོ་ཆེན་དང་གལ་ཆེན་ཟེར་བ་དང་། ཡང་ན་མི་དམངས་ཀྱི་བདེ་སྡུག་ཟེར་བའི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་དོར་བར་མཚོན་ན། སྲོག་གཅོད་པ་དེ་དགེ་བའི་ལས་ག་གེ་མོ་ཞིག་གི་མིང་ཐོག་ནས་བྱས་ཀྱང་དོན་དུ་གོང་དང་འདྲ་བར་སྲོག་གཅོད་ཀྱི་ཉེས་པ་བསགས་པ་ཞིག་ཡིན་”ཞེས་གསལ་པོར་བཀོད་འདུག སྲོག་གཅོད་ཀྱི་ཉེས་པ་བསགས་པའི་མི་ཞིག་ལ་མཚོན་ན། ཁྱོད་ཀྱི་བསམ་པའི་འཁྱེར་སོ་ཇི་ལྟ་བུ་ཞིག་ཡིན་ཡང་དམྱལ་ཁམས་སུ་འཕངས་ནས་ཚེ་རབས་ཀུན་ཏུ་འཁོར་བའི་ལས་འབྲས་འཁོར་རྒྱུ་ཡིན་ཞིང་། སྟེས་དབང་དུ་མི་ལུས་ཐོབ་ཀྱང་མདོག་ཉེས་པ་དང་། མི་ཚེ་ནད་ཀྱིས་མནར་བ། སྤུན་གྲོགས་རྒྱང་ཐག་རིང་དུ་འགྲོ་བ། འཇིགས་སྐྲག་ཆེ་ཞིང་ཚེ་ཐུང་དུ་འགྲོ་བ་བཅས་ཆགས་ཀྱི་ཡོད།
འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཐུགས་བསྐྱེད་དམ་བཅའ་ཉག་ཅིག་ཡིན་པས་ནང་ཆོས་ལ་སྲོག་གཅོད་པ་དང་། མི་གསོད་པ། རང་སྲོག་ལྕེབ་པ་བཅས་ཀྱི་འདོད་ཚུལ་གཏན་ནས་མེད་ལ། གཞན་ལ་ངན་སྐུལ་བྱས་ནས་སྲོག་གཅོད་པ་དང་རང་སྲོག་ལྕེབ་པའི་དམ་ཚིག་དེ་བས་ཀྱང་མེད། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་སྡོམ་ཁྲིམས་ལྟར་ན། མི་གསོད་པའི་ནག་ཉེས་ལྕི་ཤོས་ཡིན་པ་སྟེ། མི་གསོད་པའི་གནས་ལུགས་དང་ཐབས་ཤེས་ཇི་ཡིན་ལ་མ་བལྟོས་པར། གསོད་པའི་ངོ་བོ་ཕ་རོལ་པོ་དེ་ཉིད་འཆི་ལམ་དུ་བཏང་བ་དེ་ཡིན། རང་སྲོག་གཅོད་པ་དང་གཞན་སྲོག་གཅོད་པ་གཉིས་དོན་ དུ་གཅིག་པ་གཅིག་རྐྱང་ཡིན་པ་སྟེ། རང་སྲོག་གཅོད་པ་དང་རང་སྲོག་གཅོད་རྒྱུར་ངན་སྐུལ་བྱེད་པ། ཡང་ན་རང་སྲོག་གཅོད་པར་སྐུལ་མ་གཏོང་བ་བཅས་ཚང་ མ་ནང་བསྟན་གྱི་རྩ་བའི་འདུལ་ཁྲིམས་ལས་འགལ་བས་རྩ་བའི་ཉེས་པ་ལྕི་པོ་ཞིག་ཡིན། རྗེ་ཙོང་ཁ་པ་ཆེན་པོས་«བྱང་ ཆུབ་ལམ་རིམ་ཆེན་མོ།»ཡི་ནང་། “སྦྱོར་བ་ལ་སྦྱོར་བ་ནི། རང་གིས་བྱས་པའམ་གཞན་ལ་བྱེད་དུ་འཇུག་པ་གཉིས་གང་བྱས་ཀྱང་འདྲ་”ཞེས་གསུངས་ཡོད་པར་བརྟེན། རང་སྲེག་ བྱེད་པ་དང་རང་སྲེག་བྱ་རྒྱུའི་ངན་སྐུལ་བྱེད་པ་གཉིས་ ཀ་ནི་ནང་བསྟན་གྱི་རྩ་བའི་འདུལ་ཁྲིམས་ལས་ཚབས་ཆེན་འགལ་བ་ཞིག་ཡིན།
བརྒྱད། རང་སྲེག་གི་བྱ་སྤྱོད་ཀྱིས་མིའི་རིགས་ཀྱི་གཞི་རྩར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱོད་དྲང་ལ་རྡོག་བརྫིས་བཏང་བ།
མིའི་ཆེས་གཞི་རྩར་གྱུར་པའི་ཁེ་དབང་ནི་འཚོ་གནས་བྱེད་རྒྱུ་དེ་ཡིན། ཚེ་སྲོག་ལ་བརྩི་འཇོག་དང་། ཚེ་སྲོག་ལ་གཅེས་འཛིན། རང་ལྕེབ་ལ་ངོ་རྒོལ་བཅས་བྱེད་རྒྱུ་དེ་ད་ཆའི་འཛམ་གླིང་གི་ཀུན་མཐུན་རིན་ཐང་དུ་གྱུར་ཟིན། ཆོས་ལུགས་མི་སྣ་རེ་ཟུང་ངམ་ཐལ་སྐྱོད་པས་“བསམ་པ་”དང་། “དད་པ་” “དཔའ་བོ་” “གསེར་དངུལ་”སོགས་ཀྱི་སླུ་ཐབས་ལ་བརྟེན་ནས་ཆོས་དད་མང་ཚོགས་ཀྱིས་རང་ལྕེབ་ཀྱི་ཐོག་ནས་སྐུར་འདེབས་བྱ་རྒྱུའམ་རང་ལྕེབ་ཀྱི་ཐོག་ནས་ལེགས་སྐྱེས་འབུལ་རྒྱུའི་ཇུས་འགོད་ངན་སྐུལ་བྱེད་པ་དེ་རྣམས་ངན་རྩའི་རྟགས་མཚན་དང་སྤྲུལ་པར་བརྩི་གི་ཡོད་པ་དང་ལོག་ཆོས་དང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་ཀྱི་འཇིགས་སྐུལ་བཙན་ཤུགས་ཀྱི་སྤྱོད་ངན་ལ་བརྩི་གི་ཡོད་པས་འཛམ་གླིང་རྒྱལ་ཁབ་ཁག་ཏུ་བྱས་མི་ཆོག་པའི་ཁར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་གི་ཡོད།
༡༩༤༨ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ།》གྱི་དོན་ཚན་གསུམ་པའི་ནང་“ཚེ་སྲོག་དང་། རང་དབང་། མི་ལུས་ཀྱི་བདེ་འཇགས་བཅས་ལོངས་སུ་སྤྱོད་པའི་དབང་ཆ་མི་ཚང་མར་ཡོད།”ཅེས་གཏན་འབེབས་བྱས་ཡོད། ༡༩༧༦ལོར་རྩིས་འགྲོ་བྱུང་བའི་《སྤྱི་དམངས་དང་ཆབ་སྲིད་ཁེ་དབང་གི་རྒྱལ་སྤྱིའི་མནའ་ཆིངས།》ཀྱི་ དོན་ཚན་དྲུག་པའི་ནང་“མི་ཚང་མར་ལྷུན་གྱིས་གྲུབ་པའི་འཚོ་གནས་དབང་ཆ་ཡོད། ཁེ་དབང་དེ་རིགས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འཐོབ་དགོས། མི་སུ་ཞིག་གི་ཚེ་སྲོག་རྒྱུ་མཚན་མེད་པར་འཕྲོག་མི་ཆོག”ཅེས་གཏན་འབེབས་བྱས་ཡོད། 《ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས།》ཀྱི་དོན་ཚན་གཉིས་པའི་ནང་“མི་སུ་ཞིག་གི་འཚོ་གནས་དབང་ཆར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འཐོབ་དགོས། མི་སུ་ཞིག་གི་ཚེ་སྲོག་ཤེས་བཞིན་དུ་འཕྲོག་མི་ཆོག འོན་ཀྱང་ཁྲིམས་ཁང་གིས་མི་དེའི་ཉེས་སྤྱོད་གཏན་འཁེལ་བྱས་རྗེས་དཔྱད་མཚམས་ལག་བསྟར་བྱེད་སྐབས་ཚད་བཀག་དེ་མེད།”ཅེས་གཏན་འབེབས་བྱས་ཡོད་པ་དང་། དོན་ཚན་ལྔ་པའི་ནང་“མི་ཚང་མར་རང་དབང་དང་མི་ལུས་བདེ་འཇགས་ཀྱི་ཁེ་དབང་ཡོད།”ཅེས་གཏན་འབེབས་བྱས་ཡོད། 《ཨ་རི་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས།》ཀྱི་ དོན་ཚན་བཞི་པའི་ནང་དུའང་“མི་ཚང་མར་རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་འཇོག་འཐོབ་པར་ བྱེད་པའི་ཁེ་དབང་ཡོད།”ཅེས་གཏན་འབེབས་བྱས་ཡོད།
ཚང་མས་ཤེས་གསལ་ལྟར། མིག་སྔར་བོད་ཁུལ་ཆ་ཤས་སུ་ཐོན་པའི་རང་སྲེག་གི་བྱ་སྤྱོད་ཀྱི་འབྱུང་ཁུངས་དེ་“ཏཱ་ལས་འདས་བསྔོ་བྱེད་པ་”དང་། “མི་རིགས་ཀྱི་དཔའ་བོ་” “དཔལ་འབྱོར་གྱི་སྐྱིན་གསབ་”བཅས་ཀྱི་སླུ་བྲིད་ཆེན་པོ་གསུམ་གྱི་ཐོག་ནས་བྱུང་ཤིང་། རང་སྲེག་བྱེད་མཁན་མང་ཆེ་བ་ནི་སྤྱི་ཚོགས་ཀྱི་ཉམས་མྱོང་དེ་ཙམ་མེད་པ་དང་ཏཱ་ལའི་བླ་མར་རྨོངས་དད་བྱེད་མཁན་གཞོན་ནུ་ལོ་ཆུང་ཤ་སྟག་ཡིན། དེ་དང་ལོག་ཆོས་ཀྱིས་མགོ་སྐོར་སླུ་བྲིད་ཀྱི་ངན་སྐུལ་བྱས་པའི་ཐོག་རང་ལྕེབ་ལྟ་བུའི་མཐའ་འབྲས་ཐོན་པ་དེ་གཉིས་ངོ་བོའི་ཐོག་གཅིག་མཐུན་ཡིན། རང་སྲེག་བྱེད་པར་འཛམ་གླིང་ཐོག་དོགས་འདྲི་དང་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བ་དེ་ནི་རང་སྲེག་གི་བྱ་སྤྱོད་སྤེལ་རྒྱུར་ངན་སྐུལ་བྱེད་མཁན་གྱིས་ཚེ་སྲོག་ལ་སྣང་ཆུང་དང་། འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད། མི་གཤིས་རྩ་གཏོར་བཅས་བྱེད་པའི་གདོང་རིས་ངན་པ་དེ་མི་རྣམས་ཀྱིས་དེ་བས་གསལ་པོ་མཐོང་བའི་སྟབས་ཀྱིས་ཡིན་ཞིང་། རང་སྲེག་ནི་མིའི་རིགས་ལ་ངོ་རྒོལ་དང་སྤྱི་ཚོགས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཅིག་ཡིན་པས་རང་སྲེག་བྱེད་པ་དེ་མི་སེམས་ལ་བབ་ཀྱི་མེད།
དགུ། རང་སྲེག་བྱེད་པ་དེས་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་ ཀུན་སྤྱོད་ལས་འགལ་བ།
མི་རིགས་ཀྱི་དཔའ་བོ་ནི་མི་རིགས་འདི་ཉིད་འཚོ་གནས་བྱེད་ རྒྱུ་དང་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་འབུལ་མྱོང་བའི་མི་སྣ་ཡིན་ཞིང་། ཀྲུང་ཧྭའི་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་མི་རིགས་ཀྱི་དཔའ་བོ་གྲངས་ལས་འདས་པ་ཐོན་མྱོང་ཡོད་པ་དཔེར་ན། བོད་རིགས་ཀྱི་མི་སྣར་ཆ་མཚོན་ནས་བཤད་ཚེ། སྲོང་བཙན་སྒམ་པོ་དང་། ས་སྐྱ་པཎྜི་ཏ། རྗེ་ཙོང་ཁ་པ། ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པ། པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་བཅས་ཚང་མས་མེས་རྒྱལ་གྱི་གཅིག་གྱུར་དང་། མི་རིགས་ཀྱི་མཐུན་སྒྲིལ། བོད་རིགས་སྤྱི་ཚོགས་ཀྱི་གོང་འཕེལ་དང་ཡར་ཐོན་བཅས་ཀྱི་དོན་དུ་ལེགས་སྐྱེས་གལ་ཆེན་འབུལ་མྱོང་ཡོད་པས་ཁོང་རྣམ་པ་ནི་མི་རིགས་ཀྱི་དཔའ་བོ་ངོ་གནོང་མི་དགོས་པ་ཞིག་ཡིན། འོན་ཀྱང་རང་སྲེག་བྱེད་མཁན་གྱིས་མི་རིགས་ཀྱི་འཚོ་གནས་དང་གོང་འཕེལ་ལ་ལེགས་སྐྱེས་སྤུ་ཙམ་ཡང་ཕུལ་མེད། ཁོ་པ་ཚོའི་རང་སྲེག་གི་བྱ་སྤྱོད་དེས་རང་ཉིད་ཀྱི་ཚེ་ སྲོག་བཅད་པས་མ་ཚད། བོད་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་ཚད་གཞི་ལས་འགལ་ཏེ་རང་ཉིད་ཀྱི་ཁྱིམ་མི་དང་མི་གཞན་གྱི་བདེ་སྐྱིད་འཚོ་བར་གནོད་སྐྱོན་ཚབས་ཆེན་བཏང་བ་མ་ཟད། ངན་སེམས་ཁོག་བཅངས་བྱེད་མཁན་གྱིས་སྤྱི་ཚོགས་ཀྱི་ཞི་འཇགས་ལ་གཏོར་བཤིག་གཏོང་བའི་ཆབ་སྲིད་ཀྱི་དུར་རྫས་སུ་གྱུར་སྟབས། མི་དེ་ལྟ་བུ་མི་རིགས་ཀྱི་དཔའ་བོར་འགྱུར་ཐབས་གཏན་ནས་མེད།
བོད་རིགས་ཀྱི་དགེ་སྡིག་རིན་ཐང་ལྟ་ཚུལ་ལྟར་ཤན་འབྱེད་བྱས་ན། རང་སྒེར་གྱི་ཧམ་སེམས་མངོན་དུ་འགྱུར་བའི་ཆེད་དུ་ཤེས་རྨོངས་པ་དང་ལོང་མཆོངས་རྒྱག་མཁན་འགའ་ཞིག་ལ་ཇུས་འགོད་དང་། ངན་སྐུལ། བཙན་སྐུལ་བཅས་བྱས་ཏེ་འབུལ་བའི་དུར་རྫས་སུ་གྱུར་ནས་རང་སྲེག་བྱེད་དུ་འཇུག་མཁན་དེ་ཚོར་ལས་རྒྱུ་འབྲས་འཁོར་ངེས་ཡིན་པ་དང་འཁོར་བའི་ཆད་གཅོད་ནན་པོ་འཕོག་ངེས་ཡིན་པར་མ་ཟད། རང་སྲེག་བྱེད་མཁན་ཡང་སྲོག་བཅད་པའི་སྡིག་པ་བསགས་པའི་སྟབས་ཀྱིས་དམྱལ་བར་ལྷུངས་ནས་ནམ་ཡང་སྐྱེ་བ་ལེན་ཐབས་མེད་པར་འགྱུར་ངེས་ཡིན་པར་བརྟེན་དམྱལ་བར་ལྷུངས་པའི་མི་ཞིག་མི་རྣམས་ཀྱིས་དད་གུས་ཡིད་སྨོན་ཞུ་སའི་མི་རིགས་ཀྱི་དཔའ་བོ་ཞིག་ཏུ་འགྱུར་ག་ལ་སྲིད་དམ།
བཅུ། མི་གཤིས་ལ་མནར་གཅོད་གཏོང་བའི་རང་སྲེག་གི་བྱ་སྤྱོད་ལ་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
རྒྱལ་ཁོངས་ཕྱི་རོལ་གྱི་“བོད་རང་བཙན་” ཁ་ཕྲལ་སྟོབས་ཤུགས་ཀྱིས་མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་དམིགས་ཡུལ་སྒྲུབ་ཆེད་བོད་རིགས་སྤུན་ཟླའི་ཚེ་སྲོག་སྣང་མེད་དུ་བཏང་སྟེ་ཆོས་ལུགས་དང་མི་རིགས་ཀྱི་བརྩེ་དུང་བེད་སྤྱད་དེ་རང་སྲེག་གི་དོན་གཞི་ཟམ་མི་ཆད་པར་ཇུས་འགོད་བྱས་ནས་སློང་བའི་ནག་ཉེས་སྤྱོད་ངན་ལ་ང་ཚོས་ཁོང་ཁྲོ་ཧ་ཅང་ཆེན་པོ་བྱེད་རྒྱུ་དང་སྦྲགས་བཅའ་ཁྲིམས་ཀྱི་ཐབས་ལམ་བཟུང་ནས་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན། རང་སྲེག་བྱེད་མཁན་མང་ཆེ་བ་ནི་ཉེས་མེད་ཀྱི་གནོད་འཚེ་ཕོག་མཁན་ཡིན་སྟབས་ཁོ་པ་ཚོ་རང་ཉིད་ཀྱི་ཚེ་སྲོག་ཤོར་བར་ང་ཚོས་ཧ་ཅང་ཕངས་པོ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག ཁོ་པ་ཚོའི་བླུན་རྨོངས་ཀྱི་བྱ་སྤྱོད་ལའང་ཕངས་སྣང་བྱེད་ཀྱི་ཡོད།
“ཚེ་སྲོག་ལ་གཅེས་འཛིན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་”ནི་ད་ཆ་མིའི་རིགས་ཀྱི་ཐུན་མོང་གི་རེ་འདོད་ཡིན་པ་དེར་རྒྱལ་ཁབ་ཀྱི་དབྱེ་བ་མེད་ལ་རིགས་ཚོགས་ཀྱི་དབྱེ་མཚམས་ཀྱང་མེད་པ་མ་ཟད། དུས་ཚོད་སྔ་ཕྱིའི་དབྱེ་བ་དེ་བས་ཀྱང་མེད། ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་གསར་སྐྲུན་དང་སྲུང་སྐྱོང་བྱེད་རྒྱུ་དེ་ནི་མི་ཚང་མའི་ཕྲག་སྟེང་གི་གཟི་བརྗིད་ལྡན་པའི་ལས་འགན་ཡིན་པ་སྤྱི་དང་། ལྷག་པར་དུ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་རྣམས་མིག་སྔར་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མགྱོགས་མྱུར་འགྲོ་བཞིན་པ་དང་། མི་དམངས་ཀྱི་འཚོ་བ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་ཡིན་སྟབས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ནི་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འགན་འཁྲི་ཡིན་ལ་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཐུག་ས་དེ་བས་ཀྱང་ཡིན་པས་མི་ཚང་མས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་གཅེས་འཛིན་དང་ སྲུང་སྐྱོང་བྱེད་དགོས།
“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་བ་ཡིན་པ་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན།” ང་ཚོ་སྤྱི་དམངས་ཚང་མས་རང་ཉིད་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་ཡར་ཐོན་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་རྒྱལ་ཁོངས་ཕྱི་རོལ་གྱི་“བོད་རང་བཙན་”ཁ་ཕྲལ་སྟོབས་ཤུགས་ཀྱི་གནོད་རྐྱེན་གསལ་པོ་མཐོང་བ་བྱས་ཏེ་རང་རྟོགས་ངང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ལ་རྒྱ་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཐོག་བསམ་པ་དང་དངོས་པོའི་ཐོག་གི་ཕན་ཆའི་སླུ་བྲིད་སྣ་ཚོགས་ལ་ཡིད་ཆེས་དང་རྗེས་འབྲང་མ་བྱས་པར་བློ་རིག་གསལ་པོ་དང་སེམས་པ་བཟང་པོར་བརྟེན་ནས་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མི་གཤིས་རྩ་མེད་དུ་འགྲོ་བའི་རང་སྲེག་གི་བྱ་ སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
བཅུ་གཅིག་པ། གྱོད་དོན་དཔེ་མཚོན།
གྱོད་དོན་དཔེ་མཚོན་དང་པོ། བློ་བཟང་དཀོན་མཆོག་གིས་རང་སྲེག་བྱ་རྒྱུར་ངན་སློབ་བྱས་ནས་བསླངས་པའི་གྱོད་དོན།
སི་ཁྲོན་གྱི་ཉེན་རྟོག་པས་ཏཱ་ལའི་རུ་ཚོགས་ཀྱིས་སྒྲིག་འཛུགས་དང་ཇུས་འགོད་འོག་རང་སྲེག་མི་གསོད་ངན་སྐུལ་དང་། ངན་སློབ། བཙན་སྐུལ་བཅས་བྱས་པའི་གྱོད་གཞི་ཁག་ཅིག་རྒྱལ་ཁའི་ངང་རྟོག་ཞིབ་རྩད་ཆོད་ཐུབ་པ་བྱུང་བ་ དང་། བློ་བཟང་དཀོན་མཆོག་སོགས་དོགས་ཡོད་ཉེས་ཅན་གཙོ་བོ་གཉིས་འཛིན་བཟུང་བྱས་པ་རེད། བློ་བཟང་དཀོན་མཆོག ཕོ། རང་ལོ་༤༠ སི་ཁྲོན་ཞིང་ཆེན་རྔ་བ་རྫོང་ཀིརྟི་དགོན་གྱི་གྲྭ་བཙུན་ཡིན། བློ་བཟང་ཚེ་རིང་། ཕོ། རང་ལོ༣༡ སི་ ཁྲོན་ཞིང་ཆེན་རྔ་བ་རྫོང་གི་འབྲོག་པ་ཡིན། བློ་བཟང་དཀོན་མཆོག་གིས་ངོས་ལེན་ཞུས་པ་དང་རྩད་གཅོད་ དངོས་ར་འཕྲོད་པར་གཞིགས་ན། ༢༠༠༩ ལོ་ནས་བཟུང་། ཁོ་པས་ཏཱ་ལའི་རུ་ཚོགས་ཀྱི་བཀོད་པ་དང་དུ་བླངས་ནས། སྔ་ཕྱིར་ཉེས་མེད་མི་བརྒྱད་ལ་རང་སྲེག་བྱ་རྒྱུར་ངན་སློབ་བཙན་སྐུལ་བྱས་པ་དང་། མི་གསུམ་གྱི་རང་སྲོག་ཤོར་བ་རེད།
རྩད་ཆོད་གསལ་པོ་བྱུང་བར་གཞིགས་ན། ༢༠༠༩ ལོའི་ཟླ་༢པར་རྔ་བ་རྫོང་ཀིརྟི་དགོན་པའི་གྲྭ་བཙུན་བཀྲ་བྷེས་རང་སྲེག་བྱས་རྗེས། བློ་བཟང་དཀོན་མཆོག་གིས་རྒྱལ་ཁོངས་ཕྱི་རོལ་གྱི་ཏཱ་ལའི་རུ་ཚོགས་ཀྱི་“བོད་རང་བཙན་”རྩ་འཛུགས་ཀྱི་“གསར་འགྱུར་འབྲེལ་གཏུག་ཚོ་ཆུང་”ཟེར་བའི་མི་སྣ་གཙོ་བོ་རྡོ་ཨན་དང་བསམ་གཏན་སོགས་ཀྱི་བཀོད་པ་དང་དུ་བླངས་ཏེ། རང་སྲེག་བྱེད་མཁན་གྱི་ཆ་འཕྲིན་བསྡུ་རུབ་བྱས་ནས་རྒྱལ་ཕྱིར་བཏང་བ་རེད། དེའི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད་བློ་བཟང་དཀོན་མཆོག་གིས་རྒྱལ་ཕྱིའི་“གསར་འགྱུར་འབྲེལ་གཏུག་ཚོ་ཆུང་”གི་རེ་བ་ལྟར་དགོན་པའི་ནང་གི་ཁོ་པའི་གནས་བབ་དང་ཤུགས་རྐྱེན་ལ་བརྟེན་ནས་“རང་སྲེག་བྱས་ན་ཆོས་ཁྲིམས་དང་ཆོས་ཀྱི་དགོངས་པ་ལས་མི་འགལ་བ་”དང་། “རང་སྲེག་བྱེད་མཁན་ནི་དཔའ་ བོ་ཡིན་པ་”སོགས་ཀྱི་སྐད་ཆ་རྟག་ཏུ་སྒྲོག་སྤེལ་ བྱེད་པ་མ་ཟད། ཁོ་པ་རང་ཉིད་ཀྱི་འབྲེལ་བ་བརྒྱུད་ནས། རང་སྲེག་བྱེད་མཁན་རྣམས་རྒྱལ་ཕྱིར་དྲིལ་བསྒྲགས་བྱས་ནས་མི་ཚོའི་དད་གུས་ཐོབ་པ་དང་། རང་སྲེག་བྱེད་མཁན་དང་དེ་ཚོའི་ནང་མིའི་སྙན་གྲགས་ཆེ་རུ་གཏོང་བ་སོགས་ལ་རོགས་རམ་བྱེད་ཐུབ་ལུགས་འུད་སྒྲོག་བྱས་ཤིང་། ཁོ་པའི་ཚ་བོ་བློ་བཟང་ཚེ་རིང་དམིགས་བཙུགས་ཀྱིས་མི་གཞན་རང་སྲེག་བྱ་ རྒྱུར་ངན་སློབ་དང་བཙན་སྐུལ་ བྱེད་ཏུ་བཅུག་པ་རེད།
རང་སྲེག་གི་དོན་གཞི་མ་བྱུང་སྔོན་དུ་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ཀས་རང་སྲེག་བྱེད་མཁན་དང་དེའི་ཁྱིམ་ཚང་གི་གནས་ཚུལ་དང་འདྲ་པར་བསྡུ་ལེན་བྱས་ཡོད་པར་མ་ཟད། “གལ་ཏེ་ཁྱོད་ཀྱིས་རང་སྲེག་བྱས་ཚེ། ཁྱོད་ཀྱི་གནས་ཚུལ་རྒྱ་གར་དུ་བརྒྱུད་སྒྲོག་ཏན་ཏན་བྱེད་ཐུབ་”ཅེས་ཁག་ཐེག་ཁ་གསལ་བྱས་ ཡོད། དོན་གཞི་བྱུང་རྗེས་ལམ་སེང་ལག་ཐོག་ཁ་པར་སོགས་ཀྱི་ཡོ་བྱད་བརྒྱུད་ནས་རང་སྲེག་བྱེད་མཁན་གྱི་འདྲ་པར་དང་། རང་སྲེག་བྱ་སའི་གནས་ཚུལ། ཁོ་ཚོའི་ཁྱིམ་ཚང་སོགས་ཀྱི་འབྲེལ་ཡོད་བརྡ་འཕྲིན་རྒྱལ་ཕྱིའི་“བོད་རང་བཙན་”རྩ་འཛུགས་ལ་མཁོ་འདོན་བྱས་ཡོད། གཞན་ཡང་མང་ཚོགས་ཁག་ཅིག་ལ་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གི་ངན་སྐུལ་ཕོག་ནས། རེ་ཞིག་རང་སྲེག་བྱ་རྒྱུའི་བསམ་པ་བྱུང་ཡོད་ཀྱང་། ནང་མི་དང་། ས་གནས་དེ་གའི་ལས་ བྱེད་པ། མི་དམངས་ཉེན་རྟོག་པ་བཅས་ཀྱིས་དུས་ཐོག་ཏུ་བཀག་སྡོམ་ བསླབ་བྱ་བརྒྱབ་པ་བརྒྱུད་ཆག་སྒོའི་གནས་ཚུལ་བྱུང་མེད། ད་དུང་མང་ཚོགས་གཉིས་ནི་བློ་བཟང་དཀོན་མཆོག་གི་བཙན་སྐུལ་ལས་གཡོལ་ཆེད། རྔ་བ་རྫོང་ནས་ས་ཆ་གཞན་དུ་བྲོས་བྱོལ་དུ་མི་འགྲོ་ཀ་མེད་བྱུང་ཡོད་ཅིང་། བློ་བཟང་དཀོན་མཆོག་གིས་མི་དེ་གཉིས་ས་ཆ་གང་དུ་ཡོད་མིན་ཐེངས་མང་རྩད་གཅོད་བྱས་པ་མ་ཟད་གང་མགྱོགས་རང་སྲེག་བྱ་དགོས་པར་བཙན་སྐུལ་བྱས་པ་རེད། རྗེས་སུ་བློ་བཟང་དཀོན་མཆོག་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཁྲིམས་ལ་གཏུགས་རྗེས་མི་དེ་གཉིས་གཞི་ནས་རང་ཁྱིམ་དུ་ཕྱིར་ལོག་ཐུབ་པ་ བྱུང་ཡོད།
བློ་བཟང་དཀོན་མཆོག་ལ་རང་ཉིད་ཀྱིས་རང་སྲེག་བྱས་ཏེ་“དཔའ་བོ་”མི་བྱེད་པའི་རྒྱུ་མཚན་ཇི་ཡིན་འདྲི་སྐབས། བློ་བཟང་ཀུན་མཆོག་གིས“ངས་རང་ཉིད་ཀྱི་བསམ་ཚུལ་མི་གཞན་ལ་བཤད་པ་ཙམ་ཡིན། ངའི་སེམས་ནང་དངོས་གནས་ཁོང་ཚོ་དཔའ་བོ་རེད་བསམ་གྱི་འདུག འོན་ཀྱང་ང་རང་རང་སྲེག་བྱེད་ཕོད་ཀྱི་མི་འདུག་ལ། འདི་འདྲའི་དཔའ་བོ་ཡང་བྱེད་ཕོད་པ་མི་འདུག གཙོ་བོ་ནི་ང་རང་ཤི་རྒྱུར་སྐྲག་པ་དང་མེས་བསྲེགས་པའི་ན་ཟུག་ལ་སྐྲག་གི་འདུག་”ཅེས་ འགྲེལ་བཤད་བྱས་ཡོད།
སི་ཁྲོན་གྱི་ཉེན་རྟོག་པས་རྩད་ཞིབ་བྱ་ཤུགས་སྔར་བས་ཆེ་རུ་བཏང་ནས། རང་སྲེག་བྱ་རྒྱུར་ངན་སློབ་དང་ བཙན་སྐུལ་བྱས་ནས་ཉེས་མེད་མང་ཚོགས་ཀྱི་ཚེ་སྲོག་ལ་གནོད་འཚེ་གཏོང་བའི་ཉེས་བསགས་སྤྱོད་ངན་ལ་ཁྲིམས་གཅོད་ཚ་ནན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
གྱོད་དོན་དཔེ་མཚོན་གཉིས་པ། ཕུན་ཚོགས་ཀྱིས་རང་སྲེག་བྱས་པའི་གྱོད་དོན།
༢༠༡༡ལོའི་ཟླ་༨ཚེས་༢༩ཉིན་སི་ཁྲོན་རྔ་བ་ཁུལ་སྨར་ཁམས་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་ཞིབ་དང་པོས་ཤེས་ བཞིན་དུ་མི་བསད་ཉེས་པ་བསགས་པའི་མིང་ཐོག་ནས་ཁྲིམས་ལུགས་གཞིར་བཟུང་ལྟར་བོད་ཀྱི་གྲྭ་བཙུན་ཞིག་དུས་བཙོན་ལོ་༡༡བྱ་རྒྱུ་ དང་། ཆབ་སྲིད་དབང་ཆ་ལོ་༢འཕྲོག་རྒྱུའི་ཁྲུན་ཐག་བཅད་ཡོད། མིང་ལ་འབྲོང་ཕྲུག་ཟེར་བའི་གྲྭ་བཙུན་དེ་ནི་རང་ལོ་༤༦ སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཀིརྟི་དགོན་གྱི་གྲྭ་བཙུན་ཡིན། ༢༠༡༡ལོའི་ཟླ་༣ཚེས་༡༦ཉིན་འབྲོང་ཕྲུག་གིས་ ཁོ་པའི་ཚ་བོ་ཡིན་ལ་དགེ་ཕྲུག་ཀྱང་ཡིན་པའི་ཕུན་ ཚོགས་ཀྱིས་རང་སྲེག་བྱས་རྗེས། ཁོ་པས་ཕུན་ཚོགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་མྱུར་དུ་སྨན་བཅོས་བྱེད་དགོས་པ་དང་། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་ཤི་རྒྱུ་ཡིན་པ་ཤེས་བཞིན་དུ། མི་གཞན་ལ་ངན་སྐུལ་བྱས་ཏེ་ཕུན་ཚོགས་གནས་གཞན་དུ་སྤོ་རུ་བཅུག་ནས་དུས་ཡུན་ཆུ་ཚོད་༡༡རིང་སྦས་སྐུང་བྱས་ཏེ་སྨན་བཅོས་མ་བྱས་པ་རེད། མྱུར་སྐྱོབ་དུས་ཚོད་ནར་འགྱངས་སུ་བཏང་བའི་རྐྱེན་གྱིས་ཉིན་གཉིས་པའི་ཐོ་རེངས་སུ་ས་གནས་དེ་གའི་སྨན་ཁང་དུ་ཕུན་ཚོགས་མྱུར་སྐྱོབ་བྱེད་མ་ཐུབ་པར་གྲོངས་པ་རེད། ཕུན་ཚོགས་འདས་རྐྱེན་ནི་སྨན་བཅོས་བྱ་རྒྱུ་འགོར་འགྱངས་སོང་བ་དེ་ཡིན་པས་ཁོ་པའི་བྱ་སྤྱོད་དེ་ནི་ཐད་ཀར་མ་ཡིན་པར་ཤེས་བཞིན་དུ་མི་བསད་པའི་ནག་ཉེས་གྲུབ་ཆ་ ཚང་བ་ཞིག་རེད།
ཁྲིམས་ཁང་གིས་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ནང་གཞུང་ཕྱོགས་ཀྱི་ ཁྲིམས་སྦྱོར་ཞུ་མཁན་གྱིས་ཁྲིམས་ཁང་ལ་ཁྲིམས་ལྟར་ཐོབ་པའི་དཔང་རྟགས་ཁག་བདུན་དང་ཁ་གྲངས་༡༢༠བཏོན་ཡོད་པ་དེ་དག་གི་ནང་གྱོད་ཡའི་ངོས་ལེན་དང་དཔང་པོའི་དཔང་ཚིག་དང་དངོས་དཔང་། དག་ཐེར། ཞིབ་བཤེར་ཟིན་བྲིས་སོགས་ཚུད་ཡོད་པའི་ཐོག་ནས་འབྲོང་ཕྲུག་གིས་ཤེས་བཞིན་དུ་མི་ བསད་པའི་ཉེས་བསགས་དོན་དངོས་ཐེར་འདོན་བྱས་ཡོད། གཞུང་ཕྱོགས་ཞུ་སྦྱོར་ལས་ཁུངས་ཀྱིས་འབྲོང་ཕྲུག་གི་བྱ་སྤྱོད་ནི་ནང་བསྟན་གྱི་དགོངས་པ་ལས་འགལ་བ་དང་། གཉེན་ཉེའི་བར་གྱི་བརྩེ་དུང་དང་ཚེ་སྲོག་སྣང་མེད་དུ་བཏང་བ་ཞིག་ཡིན། ཁོ་པ་རང་ཉིད་ཕུན་ཚོགས་ཀྱི་ཨ་ཁུ་དང་དཔེ་ཁྲིད་དགེ་རྒན་ཡིན་པའི་ངོས་ནས་གཉེན་ཉེའི་བརྩེ་བར་མ་ལྟོས་པར། “ཕུན་ཚོགས་ཕལ་ཆེར་ཤི་རྒྱུ་རང་རེད། གལ་ཏེ་སྲིད་གཞུང་ལ་སྨན་བཅོས་བྱེད་པར་རྩིས་སྤྲད་ན་ཕུང་པོ་ཡང་མཐོང་རྒྱུ་ཡོང་གི་མ་རེད”ཅེས་ཁུངས་ལུང་མེད་པར་ཨུ་ཚུགས་ཀྱིས་སྨན་བཅོས་བྱ་རྒྱུར་བཀག་འགོག་བྱས་པ་དེ་ནི་ཁྲིམས་འགལ་གྱིས་མི་གཞན་གྱི་ཚེ་སྲོག་བཙན་འཕྲོག་བྱས་པའི་བྱ་སྤྱོད་ཅིག་ཡིན་པ་དང་ཉེས་བསགས་མཇུག་འབྲས་ཚབས་ཆེ་ཞིག་ཡིན་པར་བརྟེན་ཁྲིམས་ཆད་གཅོད་དགོས་པའི་ངོས་འཛིན་བྱས་ཡོད།
སྤེལ་དུས། 2013-02-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
http://tb.tibet.cn/2010zf/flfg/201302/t20130228_1863906.htm
རྒྱ་ནག་གི་སྲིད་དབང་སྒེར་གཅོད་པའི་སྐྱག་ཁྲིམས་རང་རེད།
རྩ་ཁྲིམས་མེད་ལ་སྐྱག་ཁྲིམས་བཙན་པོ་ཞིག ཧ་ཧ་ཧ་་་་་་
འོ་ད་ནི་གསོན་རྒྱུ་དང་འཆི་རྒྱུའི་དབང་ཆ་གཉིས་ཀ་མེད་ཀ།
རྒྱ་གཞུང་ནས་རང་སྲེག་གི་ཉེས་དོན་འདི་འདྲ་ཚབས་ཆེན་ཞིག་ཏུ་བརྩི་གི་ཡོད་ན་དེ་ནི་ཁོ་བ་ཚོའི་ལག་ཏུ་ཡོད་པ་ཁོ་པ་ཚོས་ཤེས་དགོས་པ་ཞིག་རེད། རྒྱ་གཞུང་གི་སེམས་ལ་རང་སྲེག་འགོག་ཐབས་བྱེད་པ་དངོས་བདེན་ཡིན་པ་ཡིན་ན་དེ་ནི་ལས་སླ་བོ་དང་སྐད་ཆ་ཚིག་གཅིག་གིས་མཚམས་འཇོག་བྱེད་ཐུབ་པ་ཅིག་རེད། ཉེས་ཁྲིམས་དོན་ཚན་འདི་འདྲ་ཉ་ཉོག་ལུང་བ་གང་རྫུན་སྒྲུག་བྱ་བའི་དཀའ་ལས་རྒྱག་དགོས་དོན་མེད། ཚིག་གཅིག་བུ་དེ་ག་རེ་རེད་ཟེར་ན། ༼ཏྰ་ལའི་བླ་མ་བོད་ལ་གདན་འདྲེན་ཞུ་གི་ཡིན་༽ཟེར་བས་ཆོག ཉིན་དེ་ནས་བཟུང་བཅའ་ཁྲིམས་འདི་འདྲ་མང་པོ་དང་དམག་མི་འདི་འདྲ་མང་པོ་ཞིག་བོད་ཁུལ་དུ་བཀྲམས་དགོས་ཐུག་གི་མ་རེད།
དབུས་བོད་མིའི་བཀའ་ཤག་ནས་ཀྱང་༼ གྲོས་མོལ་བྱེད་པར་གྲ་སྒྲིག་ཡོད་༽ཟེར་པའི་རྒན་མོའི་མ་ཎི་སྒྲེང་བ་ལྟ་བུའི་ཚིག་གཅིག་རང་གཅིག་དེ་བསྐྱར་ཟློས་ཡང་ཟློས་ཀྱིས་དུས་ཚོད་བསྐྱེལ་ཐབས་བྱེད་པ་འདི་མཚམས་བཞག་ནས་རྒྱ་གཞུང་ལ་ཁ་ཚ་དགོས་གཏུགས་གི་རྡ་ལན་རྣོན་པོ་ཞིག་གཏོང་རན་ལ་བསླེབས་ཡོད།
བོད་མི་རང་གི་སྲོལ་རྒྱུན་དང་གཤིས་ལུགས་གི་རེ་བ་བྱས་ན་རང་སྲེག་རྐང་གཅིག་ཀྱང་གཏང་འདོད་མེད་པ་མ་ཟད། འཐབ་རྩོད་ཉི་མ་གཅིག་ཡང་རྒྱག་འདོད་ཡོད་པ་མ་རེད། འོན་ཀྱང་རྒྱ་གཞུང་གིས་མུ་མཐུད་ནས་བོད་མིའི་རང་དབང་འཕྲོག་པ། བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་མཚམས་མི་འཇོག་པ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཕྱི་ཕུད་ནས་རང་ཡུལ་བོད་ལ་ཕེབས་དུ་མི་འཇུག་པའི་སྡིག་རྩུབ་སྲིད་ཇུས་ཀྱིས་དབང་གིས་བོད་མི་ཚོས་རང་སྲེག་མི་གཏོང་ཀ་མེད་དང་། འཐབ་རྩོད་མི་བྱེད་རང་བྱེད་བྱུང་ན་བོད་མི་ཚོས་ལོ་ངོ་ག་ཚོད་ལ་འཐབ་རྩོད་བྱེད་དགོས་བྱུང་ནའང་མཐར་མ་ཐུག་གི་བར་ལ་འཐབ་རྩོད་བྱེད་ཐུབ་གི་རེད། མཐའ་ན་ལོ་ལྔ་བཅུ་ཙམ་མ་ཟད་ལྔ་བརྒྱ་ལྷག་ལ་ཡང་མཚམས་བཞག་གི་མ་རེད།
བོད་མི་ཚོ་ནི་ཞི་བདེ་དགའ་མཁན་ཅིག་དང་ཞི་བདེ་ལ་ཡིད་ཆེས་བྱེད་མཁན་ཅིག ཞི་བདེའི་མི་རིགས་ཅིག་བཅས་རེད། ཡིན་ན་ཡང་རྒྱ་གཞུང་གིས་སྲིད་ཇུས་ཧམ་པ་ཚ་བོ་དང་གནག་སེམས་རྩུབ་པོ་འདི་འདྲ་མུ་མཐུད་ནས་མཚམས་མ་བཞག་པ་ཡིན་ན་བོད་མིའི་འཐབ་རྩོད་དང་བོད་མིའི་རང་སྲེག་ནི་འགོག་ཐབས་མེད་པ་དེ་རྒྱ་གཞུང་གིས་ཤེས་པ་བྱེད་དགོས་གི་རེད། དེ་འདྲ་བྱེད་དགོས་དོན་ནི་བོད་མི་ཚོ་འཐབ་རྩོད་ལ་དགའ་བ་དང་། དཀའ་སྡུག་ལ་དགའ་བ། རང་སྲོག་གཅོད་པར་དགའ་ཙང་མ་རེད། བོད་མི་ཚོའི་ངོས་ནས་འཐབ་རྩོད་ཉིན་མ་གཅིག་ཡང་རྒྱག་མ་དགོས་ན་བསམ་གི་ཡོད་པ་དང་། མི་གཅིག་ཡང་རང་སྲེག་གིས་ཤི་མ་དགོས་ན་འདོད་གི་ཡོད།
ཁྲིམས་ཡིག་གསར་བཟོ་དམིགས་ས་ནི། སུས་ནག་ཉེས་ཁྲིམས་འགལ་བྱེད་པར་འགེལ་དགོས། དེ་ནི་རྒྱ་དམར་གཞུང་དེ་རང་ལས་གཞན་ལ་བསྙོན་འདིང་ཁག་འདོགས་བྱ་ས་ཁྱོན་ནས་མེད་དེ། རྒྱ་དམར་གྱི་བོད་ཐོག་འཛིན་པའི་གདུག་རྩུབ་མནར་གཅོད་དང་། བོད་མེད་པར་བཟོ་རྒྱུའི་འཆར་ལྡན་ཇུས་འགོད་དང་གཅིག བོད་ས་དྲག་པོས་ཟིན་ནས་ཀྱང་ཧམ་འདོད་རྔམ་སེམས་མ་ཁེངས་པར་བོད་མི་ནང་ཁུལ་དཀྲུག་རྒྱུའི་འཆར་གཞིར་ལྐོག་དངུལ་བསླུ་ཁྲིད་ངན་སློབ་གང་མགུར་བྱས་པ་དང་གཉིས། རྒྱལ་གཅེས་ཆོས་གཅེས། འཆམ་མཐུན་བརྟན་ལྷིང། འདྲ་མཉམ་རོགས་རེས་ཅེས་ངན་ཇུས་ཁ་བསླུ་འགྲོ་ཚོད་མེད་སར་ཁྲིམས་བཅད་སྲོག་བཅད། མནར་གཅོད་བཟོད་དཀའ་བ་བཏང་ནས་ང་ཚོའི་སྤུན་ཟླ་ས་ཡ་དང་ས་ཡའི་ཁྲག་འཐུང་ཀྱང་ངོམས་མེད་ད་དུང་བཙན་ཤེད་མ་རུངས་ཁྲིམས་བཅད་མ་རབས་སུ་ལའང་ལྟོས་མི་དགོས་རང་སྣང་གང་ཤར་གྱི་བཙན་སྐུལ་དང་གསུམ་ནི་སྡིག་ཅན་ལག་དམར་ཁྱོད་ཚོར་ལྷག་དང་བཅས་པར་ཚང་བས་ཁྲིམས་ཡིག་གི་དོན་ཚན་དང་པོ་དེ་གུན་བྲན་རིང་ལུགས་པ་ཁྱེད་ཚོས་འགན་ལེན་བྱོས་དང་། ད་དུང་མི་གསོད་ནག་ཉེས་སྐད་ཆ་བཤད་ནས་དགོས་པ་གང་ཡོད། ལག་དམར་བའི་གཙོ་འཛིན་གཅིག་གིས་མི་ས་ཡ་དྲུག་ཅུ་བསད་ནས་འཛམ་གླིང་ནང་གདུག་རྩུབ་དཔའ་བོ་ཡིན་པ་དྲ་ལམ་དུ་གསལ་ཡོད། དཔེ་ལ་འདི་འདྲའི་མི་གསོད་ནག་ཉེས་དེ་སུ་ལ་འཛུགས་དགོས་མནོ་བསམ་ལེགས་པོར་ཐོངས་ཞིག་ཁྲིམས་བཟོ་བ་ཀྱེ།།
གུང་ཁྲན་གྱི་ཁྲིམས་དང་རྡ་སའི་ནམ་གཤིས་གཉིས་གཅིག་པ་རེད་།
གཉིས་པར། ཞི་བདེ་ལྷིང་གཏོར་བསྟན་དགྲར་བཅིང་འགྲོལ་དམག་ཏུ་རྫུས་ནས་བོད་ཡུལ་བཤས་རར་བཟོས། ཉེན་རྟོག་རྒྱུགས་ཁྱི་གང་སར་བཀྲམས་ནས་ནག་མེད་སྙོམ་ཆུང་འཛིན་བཟུང་རྡུང་རྡེག་རྡོག་བརྫིས་བཙོན་འཇུག་གིས་སྲོག་འཕྲོག་དག་གིས་མདོ་དཀྲུག་ཕུག་དཀྲུག་ལས་བདེ་འཇགས་ནམ࿒ཡང་ེད་ཁར་རྟག࿒ཏུ་ཉེན་ཟོན་སྒང་མི་ཚེ་བསྐྱལ་ནས་ཉིན་གཅིག་སྐྱིད་སྣང་མེད་པ་ཡང་རང་ལྕེབས་ཀྱི་རྐྱེན་ཞིག་ཡིན།
གསུམ་པར། ད་ལྟ་བར་བོད་མི་ལྐོག་གསོད། ལྐོག་འཛིན་དང་གར་སོང་ཆ་མེད། དཔེར་ན་པཎ་ཆེན་ཆུང་སྲིད་རིན࿒པོ་ཆེས་ནག་ཉེས་ཁྲིམས་འགལ་གང་ཞིག་གནང་ཡོད། བྱིས་པ་རང་བཞིན་དག་པར་བཙན་འཇུག་ཆ་མེད་ཏཱ་ལའི་བླ་མས་ངན་སློབ་བརྒྱུད་སྐུལ་ཡིན་ནམ། དངོས་བརྒྱུད་མདུན་ལྐོག་ཐབས་ཚུལ་ཡོད་རྒུས་རང་སྐྱོན་རི་བོ་བཀབ་ནས་རྒྱུན་འཁྱོལ་རེ་ངན་དེ་ད་རིང་མི་མང་གི་མདུན་སར་གཅེས་པའི་སྲོག་ལྕེབས་མེ་ལྕེས་ནག་ཉེས་གསལ་བར་བྱེད་པ་ནི། གཞན་ཆེད་རང་སྲེག་བྱས་པའི་དགོས་འདུན་གྱི་ཆ་ཞིག་ཡིན།
གུན་བྲན་གྱི་ཁྲིམས࿒དང་རྡ་སའི་གནམ་གཤིས་མཚུངས་ཀྱང་། རྡ་སའི་གནམ་གཤིས་དང་རྡ་སའི་བུས་སྒྲིག་འཛུགས་གཉིས࿒ག་ནས་མཚུངས།
གུང་ཁྲན་གྱི་ཁྲིམས་ནི་དཔོན་རིགས་ཚོས་ག་རེ་བཟོ་བཟོ་རེད། འདི་ཚོ་རྣ་རྒྱབ་ཀྱི་རླུང་བུར་བཞག་ན་ཡག་ཤོས་རེད།
དོན་ཚན། ༥ ༦ ༧ གསུམ་པོ་གཅིག་དྲིལ་གྱིས་དགག་བཞག་མ་ཞུས་གོང་། ཀྲུང་གོ་གུན་བྲན་ནས་ནང་བསྟན་རྩ་བའི་དགོངས་པར་ཞིབ་འཇུག་གནང་བ་ཙམ་ཡང་གཏམ་བཟང་རེད་ཅེས་ཞུ་བར་འདོད། འདིར་ཅུང་ཟད་འགྲེལ་བར་འདོད་པ་གཙོ་བོ་ནི། ང་རང་ཚོ་ནང་བསྟན་ལ་དད་མོས་ཡོད་པ་དག་ལའང་ཐུགས་མ་བདེ་ཤིག་ཤིག་ཡོད་པར་གསལ་བཤད་དུ་རེ། ལྷག་དོན་སྤྱི་ཚོགས་རིང་ལུགས་འོག་བོད་ཀྱི་ནང་ཆོས་ཀྱིས་དངོས་གནས་རང་ཞབས་འདེགས་ཕན་རླབས་ཡོད་པ་དང་། སྤྱི་ཚོགས་ཞི་བདེ་བརྟན་ལྷིང། འདྲ་མཉམ་གཞོགས་རེས་ཀྱིས་ཕན་ཚུན་འཆམ་མཐུན་ཡོང་བར་ཆོལ་གསུམ་ཆིག་སྒྲིལ་གྱི་བོད་ཁུལ་དུ་ལྷིང་འཇགས་ལ་ཏན་ཏན་ཕན་ཐོགས་ཁ་ཞེ་མེད་པར་སྒྲུབ་ཐུབ། བོད་ནང་དུ་དོན་དམ་པའི་ཆོས་དད་རང་དབང་མེད་པས་རང་སྲེག་གི་ལས་འགུལ་དེ་བྱུང་བ་རེད། ནང་ཆོས་ལ་དད་མོས་རང་དབང་དངོས་གནས་ཡོད་ན་ནང་བསྟན་དང་འགལ་བར་ཟོལ་བའི་ཟིང་ཆ་དེ་མ་བྱུང་སྲིད།
དེ་ནས་མཉམ་མེད་ཐུབ་པའི་དབང་པོས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ལ་བསྟན་པ་འཚེ་བ་མེད་པར་བསྟན་པའི་སྟོན་པ་བླ་ན་མེད་པ་དེ་རང་ཉིད་ཀྱང་ལམ་གང་ནས་བྱོན་པའི་གནས་སྐབས་སུ་ཡང་དམ་ཆོས་འདི་ཡི་ཕྱིར་དུ་ཅི་དང་གང་གནང་བར། འཇམ་མགོན་བླ་མ་བཙོང་ཁ་པ་ཆེ་ནཔོས། འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི། །ལ་ལར་སྐུ་དང་གཞན་དུ་སྲོག །སྡུག་པའི་གཉེན་དང་ལོང་སྤྱོད་ཚོགས། །གྲངས་མེད་སྐལ་བར་ཡང་ཡང་བཏང་། །ཇི་ལྟར་གསལ་བར་མཛད་པ་དང་། དེ་བཞིན་གང་གིས་ཐུགས་སྨོན་དུ། བརྟེན་ནས་འབྱུང་བ་དེ་ཉིད་གསལ་མཛད་པ། །ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །ཅེས་པའི་སྙིང་སྟོབས་ལ་གཟིགས་དང་། ད་ལན་གཅིག་པུ་མིན་པར་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བཏང་བ་ཙམ་དུ་མ་ཟད་སྐད་ཅིག་ཀྱང་མི་ལྷོད་པའི་ཛ་དྲག་ཇི་འདྲ་གསུངས་འདུག་དེ་འདྲའི་རྗེས་འཇུག་པ་ཞིག་ལ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། དེ་དག་རྣམས་ལ་རང་ལུས་དང་། །ནོར་རྣམས་བྱིན་པ་ངོ་མཚར་མིན། །དོ་གལ་ཆེན་པོའི་གནས་སྟངས་འོག་འདི་འདྲའི་སྐབས་ཞིག་ཡོད།
འོན་ཀྱང་རང་དོན་འབའ་ཞིག་དོན་གཉེར་ལ་ལུས་བཏང་བ་བཀག་ཡོད་པ་ནི། རྒྱལ་སྲས་ཞི་བ་ལྷས། སྙིང་རྗེས་བསམ་པ་མ་དག་པར། །ལུས་ནི་བཏང་བར་མི་བྱ་འོ། །ཞེས་དང་། བདག་ཕྱིར་གཞན་ལ་གནོད་བྱས་ན། །དམྱལ་ལ་སོགས་པར་གདུང་བར་འགྱུར། །ཞེས་རང་དོན་འབའ་ཞིག་དོན་དུ་རང་ལ་གནོད་ན་སྡིག་པར་གསུངས་ཞིང་། འོན་ཀྱང་གལ་ཆེན་དོན་ཆེན་དགོས་པ་ཡོད་ན་གནང་བ་ཡོད་པ་ནི། ཅི་ནས་འདི་དང་གཞན་དུ་ནི། །དོན་ཆེན་སྒྲུབ་པའི་རྒྱུར་བཏང་ངོ། །ཞེས་དང་། གཞན་ཕྱིར་བདག་ལ་གནོད་བྱས་ན། །ཕ྄ུན་སུམ་ཚོགས་པ་ཐམས་ཅད་འཐོབ། །ཅེས་དང་།་གཙོ་ཕྱིར་གཞན་གྱི་དོན་བསམ་མོ། །ཞེས་གསལ་གསལ་ཐིང་ཐིང་གསུངས་ཡོད། ད་དུང་དེ་ལས་ཛ་དྲག་ཏུ་བཏང་ན། གཞན་དོན་དུ་རང་ལ་གནོད་པ་བྱས་རུང་བ་ལྟ་ཅི། གཞན་མངས་པོའི་ཆེད་གཞན་གཅིག་གི་སྲོག་ལེན་དགོས་ཀྱི་གནས་སྐབས་ཀྱང་སྲིད་པ། དེད་དཔོན་སྙིང་རྗེ་ཅན་གྱིས་ཚོང་པ་མངས་པོའི་སྲོག་སྐྱོབ་ཆེད་མི་ནག་དུམ་དུམ་གྱི་སྲོག་བླངས་པ་བཞིན་ནོ།
དེ་ནས་མི་དགེ་བ་བཅུ་ལས་ཐོག་མར་ཉིད་དུ་སྲོག་གཅོད་པ་འཇོག་པ་ནི། སྲོག་ནི་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡིན། འདི་ལ་ཐུག་དུས་ཚང་མས་གཟབ་གཟབ་བྱེད་པ་ནི་ལས་འགན་དང་ཐོབ་ཐང་ཡང་ཡིན། ང་ཚོས་གཅེས་སྤྲས་གང་ལས་ཆེ་བས་རྩིས་སྲུང་འདིས་ཚེ་འགོ་དང་འདི་བྲལ་བས་ཚེ་མཇུག་བསྒྲིལ་བ་རེད། དེར་བརྟེན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཅེས་དངོས་གནས་རྩིས་མཐོང་ཆེན་པོར་འཇོག་པས་སྲོག་གཅོད་པ་སྤྱི་དང་མི་གསོད་ནི་དེ་བས་གཙིགས་སུ་མཛད་དེ་དངཔོར་འདི་བཀག་གནང་། ༧གོང་ས་ཆེན་པོས། ནང་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པར་ཡོངས་སུ་བསྡུས་པར་གསུངས། སློབ་དཔོན་འཕགས་པ་ལྷས། ཆོས་ནི་མདོར་ན་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་པར་དཔལ་ལྡན་ཟླ་བས། འཚེ་བ་ནི། གཞན་ལ་གནོད་པར་ཞུགས་པའི་ཕྱིར་སེམས་ཅན་ལ་གནོད་པའི་བསམ་པ་དང་། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཡིན་ལ། ཞེས་ཟླ་འགྲེལ་གྱིས་དགོངས་དོན་ནི། རང་ལ་ཞེས་མིན་པར་གཞན་དང་སེམས་ཅན་ལ་དམིགས་བཀར་མཛད་དགོས་སུ་གཟིགས་ཡོད་ལ། འོན་ཀྱང་གཞན་ཇོ་བོ་སེམས་ཅན་བརྗོད་པ་ཉིད་ཀྱིས་རང་སྲོག་ཆུད་ཟོས་སུ་གཏོང་དགོས་དངོས་ཤུགས་ཟུར་བསྟན་གནང་མེད། བོད་ཀྱི་ནང་བསྟན་དཔལ་ན་ལཎཌ་ནས་བརྒྱུད་པའི་ཟབ་རྒྱས་ཆོས་ཚུལ་དེའི་རྩ་བའི་དགོངས་ས་གཞན་སེམས་ཅན་ཡོངས་དང་དེའི་དོན་དང་། རྨང་ནས་བཤིག་རྒྱུ་ནི། རང་གཅེས་འཛིན་དང་བདག་འཛིན་གཉིས་ཡིན། ནང་བསྟན་གྱི་རྩ་བའི་དགོངས་དོན་རང་རྩ་ཆེན་མི་འཛིན་པར་གཞན་རྩ་ཆེན་འཛིན་པས་རྩ་བ་ཆེན་པོ་ཆགས་པ་ཡིན། རང་ལས་གཞན་གཅེས། རང་ཡལ་བར་དོར། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་དཔལ་ལྡན་དམ་པ་རྣམས་ལན་མང་གསུངས་ཡོད། མདོར་གཞན་གྱི་ཚེ་སྲོག་གཅོད་པ་དེ་སྲོག་གཅོད་པ་དངོས་དང་གཞན་ལ་གནོད་བསམ་གྱི་རྒྱུའི་ཀུན་སློང་ལ་བརྟེན་བྱུང་བ་ཞིག་ལ་སྲོག་གཅོད་ཀྱི་འཚེ་བའི་ལས་སུ་འདོད། དཔེར་ན་རང་ལ་བདག་པའི་ནོར་མ་བྱིན་པར་ལེན་པ་རྐུན་མར་མི་བརྩི་བ་བཞིན། རང་གི་ལུས་ནི་རང་ལ་བདག་པ་དང་རང་ལ་རང་དབང་ཡོད། འོན་ཀྱང་དགོས་པ་མེད་པར་ལུས་རྟེན་འདི་རྩ་ཆེན་འཕྲོ་བརླག་བཏང་ན་ཉེས་པ་ཡོད་པས་ཡིན། དཔེར་ན་རྒྱུ་ནོར་བསགས་དཀའ་བ་དང་དོན་ཆེན་པོར་གཏོང་ཡས་ཡོད་པ་དེ་བྱབ་མེད་སར་བཏང་ན་ཆུད་ཟོས་སུ་གྱུར་བ་བཞིན་ནམ་སྙམ།
ཡིག་ཆ་འདི་ཀྲུང་གོ་གུང་ཕྲན་ཏང་གི་རྩ་ཁྲིམས་དང་རྒྱབ་འགལ་ཡིན། རྒྱུ་མཚན་ནི་འདི་ཉིད་གཏན་འབེབ་བྱེད་པོ་ཏང་གི་འགོ་ཁྲིད་ཚོ་ཡིན་སྟབས། ཏང་གི་རྩ་ཁྲིམས་ནང་དུ་རང་ཉིད་ཏང་མི་ཞིག་ཡིན་ཚེ་འདི་ལྟ་བུའི་ཆོས་གཞུང་གི་གྲུབ་ཆ་དང་ཆོས་ཀྱི་བྱ་ལས་ལ་བློ་གཏད་ནས་རྒྱལ་དོན་སྒྲུབ་མི་ཆོག དེ་བཞིན་ཏང་མི་ཚོས་ཀྱང་དམངས་ཕལ་གྱི་འདུ་ཤེས་ཆོས་ཕྱོགས་ཀྱི་བྱ་འགུལ་ལ་གཏན་ནས་ཡིད་ཆེས་བྱ་མི་ཆོག ཀྱང་འདིར་དྲངས་པའི་ཆོས་གཞུང་གི་ལུང་ཚིག་ཚང་མར་ཁོ་ཚོས་ཡིད་ཆེས་དང་དཔང་རྟགས་བརྩིས་ནས་རྩ་ཁྲིམས་སུ་བགྲངས་འདུག་སྟབས། ངས་ནི་དང་པོར་ཉམས་ཆུང་བོད་མི་དེ་ཚོ་ཁྲིམས་རར་འཁྲིད་པ་ལས་རྩ་ཁྲིམས་ཟེར་བའི་ཡིག་ཆ་འདི་གཏན་འབེབ་བྱེད་པོ་ཚོ་ཏང་ཡོན་དམར་པོའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བས་ཁྲིམས་རར་ངེས་པར་འགྲོ་དགོས་ཞེས་ཞུ་དགོས།
གུང་བྲན་རིང་ལུགས་ཕྱི་སྲིད་པ་ཝང་ལི་ནས། ཨ་རི་འགྲོ་བ་མིའི་ཐོབ་ཐང་སྐོར་དེ་བོད་མིའི་ཐོབ་ཐང་འབྲེལ་བ་མེད་ཅེས། ང་ཚོར་མི་ཙམ་གྱི་འདུ་ཤེས་མེད་པས་འུ་ཐུག་ནས་རང་སྲེག་བྱ་དགོས་བྱུང་ཡོད་ན། རང་སྲེག་གི་འགན་ལེན་ཡོངས་རྫོགས་ཁྱེད་ཚོར་ཡོད། ད་དུང་ཆོས་རྒྱལ་མེས་དབོན་རྣམ་པས། རྒྱ་དང་བོད་ཅེས་རང་དབང་རང་བཙན་པ་སོ་སོར་ཕྱེ་ནས་བོད་མི་རིགས་ཀྱི་གཟི་བརྗིད་འོད་སྟོང་བཀྱེ་ཡོད། རླབས་ཆེན་གྱི་ཆོས་རྒྱལ་སྐབས་རྒྱ་ཡང་ང་ཚོའི་མངའ་འོག་ཏུ་ཚུད་ཡོད་པས་རྒྱ་ནག་དེ་བོད་ཀྱི་མངའ་ཁོངས་སུ་གྱུར་པའི་ལོ་རྒྱུས་ཡོད། མངའ་དབང་བསྒྱུར་ས་ཁུལ་ཁག་བོད་པའི་རེད་ཅེས་རྩོད་ན་ཧམ་པ་ཨེ་ཡིན།
རྗེ་ཙོང་ཁ་པ་ཆེན་པོས། སྲིད་དང་འབྲེལ་བ་མེད་པར་ལམ་རིམ་ཆེན་མོའི་ནང་། ཐབས་དང་ཤེས་རབ་ཀྱི་དབྱེ་བ་གནང་སྐབས། དཔེར་མ་རྒྱ་ལ་ཕ་བོད་པའི་བུ་དེ་བོད་པ་ཡིན་པ་གསུངས་ཡོད་པས་རྒྱ་བོད་སོ་སོར་བསྟན་གནང་ཡོད། དེ་བཞིན་ཁོང་ནས་རྒྱ་ནག་འགྲེལ་ཆེན་དང་རྒྱའི་ཧ་ཤང་གི་ལྟ་གྲུབ་དོར་ནས་དཔལ་ན་ལཎཌའི་ཆོས་ཚུལ་རྨ་མེད་པ་གངས་ཅན་ལྗོངས་ལ་ཁྱབ་པར་མཛད་པའི་སྐུ་དྲིན་ནི་ནམ་ཡང་གཞལ་བར་དཀའ། ཁོང་གི་ཞལ་ནི་རྒྱ་གར་འཕགས་པའི་ཡུལ་བཏད་དེ་ཁ་བ་ཅན་དུ་དབུ་མའི་སྲོལ་དྲི་མ་མེད་བཏོད་དེ་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་བཀུར་བར་མཛད། ཁོང་ལ་རྩིས་བཀུར་ཞུ་ན། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པས་གཏན་ལ་ཕབ་ནང་པའི་ཆོས་ལ་དད་མོས་རང་དབང་དང་། དེ་ཉམས་སུ་ལེན་མཁན་ལ་རྩིས་མཐོང་བྱེད་རྒུ། ཁོང་གི་གདན་སར་གསན་བསམ་སློབ་གཉེར་ལ་དང་དོད་དང་ཁོང་ལ་བཀའ་ལ་ཆ་འཇོག་ཞུ་དགོས། གང་ལགས་ན་དེ་ནི་དགོངས་བཞེད་ཡིན་ལ་བློ་མཐུན་མཁས་གཙུག་རྒྱན་ཡིན་པས་སོ།།
དེ་འདྲ་ཞིག་བྱུང་ན་མེས་རྒྱལ་གཅིག་གྱུར་མི་རིགས་མཐུན་སྒྲིལ། བོད་ཁུལ་བརྟན་ལྷིང་འཆམ་མཐུན་མཉམ་གནས་ཡོང་ཐུབ། དེ་མིན་གུན་བྲན་རིང་ལུགས་ཀྱི་ལྟོ་གོས་རྒྱས་སྤྲོས་གཅིག་ཉིད་ཀྱི་འགྲན་རྩོད་དང་དཔལ་འབྱོར་རྐྱང་རྐྱང་དོན་སྙིང་དུ་ལྟ་ཞིང་དེ་ལས་གཞན་པར་རྡོག་བརྫིས་གཏོང་ཀྱང་བྱེད་ཚུལ་དེ་བསྐྱར་བཅོས་བྱས་རན་ཏག་ཆོད་ཡོད། དེ་དང་དུས་མཚུངས་ཁོང་ཚོར་མེས་གྱུར་གཅིག་གྱུར་ལ་ཞབས་འདེགས་ཞུ་མཁན་རླབས་ཆེན་དུ་བཀུར་བར་འོས་སོ།།