རེབ་ཐོག་མདའ།
ལོ་ཟླ་ཞིག་གི་ཁུགས་སོ་ཞིག་ནས་ངེད་གཉིས་འཛོམས་པའི་ཉི་མ་ནས།།
ཁྱོད་ཀྱིས་བསྐུར་བའི་འཕྲིན་གྱི་ཕོ་ཉ་མ་བརྗེད་སེམས་ངོགས་བྲིས་ནས་ཡོད།།
ཁྱོད་རང་འཚོ་བའི་རྒྱང་རིང་གྲུ་ལ་སྨོན་ལམ་ཐེངས་གསུམ་འདེབས་བཞིན་དུ།།
ཐོག་མར་ལན་གཅིག་མཇལ་འཛོམས་ལེགས་སྐྱེས་ད་ནངས་ཁྲོམ་ནས་ཉོས་ཏེ་ཡོད།།
ས་སྲོད་ཞིག་གི་སྨག་རུམ་ཁྲོད་ནས་བསམ་གཞིགས་ཁྱོད་ལ་བཏེགས་ནས་ཡོད།།
ངོ་དེབ་དྲ་བའི་སྒོ་གླེགས་རྡུང་དུས་ཁྱོད་རང་མིག་གིས་འཚོ་བཞིན་ཡོད།།
ཁྱོད་ཉིད་ཁོ་ན་ཁེར་རྐྱང་བདག་གི་སེམས་པ་འདི་ཡི་ཟབ་ས་ན།།
ཉི་ནུབ་ཞིག་གི་ངོགས་སུ་བབས་པའི་མ་བྲིས་ལྷན་སྐྱེས་རི་མོ་ཡིན།།
ན་ནིང་ལོ་ཡི་ལོ་མགོ་ཞིག་ལ་ཁྱོད་རང་བདག་གི་མིག་ཟུང་ན།།
ད་ལོའི་ལོ་འདིའི་ལོ་མགོ་དེ་ནས་སེམས་ལ་ལྷུང་བའི་བུ་མོ་ཁྱོས།།
འཇིག་རྟེན་སྣང་བའི་སེམས་པ་ཞིག་གིས་བདག་ལ་ལག་གཡུག་བྱེད་བཞིན་དུ།།
འཛུམ་ཆུང་དགོད་པའི་མེ་ཏོག་རྐང་གཅིག་བདག་གི་སྙིང་ན་འཁྲུངས་ནས་གདའ།།
དང་བོ་ཁྱོད་རང་ཚིག་གིས་གླེང་དུས་ཁྱོད་ཀྱི་གདོང་པ་དམར་ལམ་ལམ།།
བར་ལ་ཁྱོད་རང་སེམས་ཀྱིས་སྐྱོང་དུས་ཁྱོད་ཀྱི་དུངས་པའི་མིག་ཟུང་གི།།
ལན་རེར་བལྟ་ཞིང་ལན་རེར་འཛུམ་པའི་ངང་ཚུལ་བདག་གིས་དྲན་དུས་སུ།།
མཚམས་རེར་བདག་གིས་དབང་མེད་ཁྱོད་ཀྱི་མཚན་ནས་ཐེངས་ཅིག་འབོད་དགོས་སྙམ།།
ཁྱོད་རང་ཐུགས་ཀྱི་ཉི་མ་དེ་ལ་རྟགས་དང་རྟེན་འབྲེལ་འགྲིག་སོང་སྙམ།།
ངེད་གཉིས་འཛོམས་པའི་ཉིན་མོ་དེ་ལ་ནམ་ཟླ་དེ་ཡང་དྲོད་ཡོད་སྙམ།།
ཁྱོད་ཀྱི་ལང་ཚོའི་སྒེག་ཉམས་དོད་པོ་བདག་གི་སེམས་ལ་ཟུག་སོང་སྙམ།།
བདག་གིས་གླེང་བའི་ཚིག་གི་ཐོག་མ་ཁྱོད་ཀྱི་སེམས་ལ་བབས་སོང་སྙམ།།
ཁྱོད་དང་ངེད་གཉིས་ཉིན་དང་མཚན་ལ་ངོ་དེབ་དྲ་བའི་གླེང་མོལ་ཁྲོད།།
ནམ་ཕྱེད་ཡོལ་བ་མ་བརྗེད་བདག་གི་སེམས་པའི་ངོགས་སུ་བྲིས་ཏེ་ཡོད།།
སེམས་ཀྱི་སྐད་ཆ་ཡི་གེར་ཕབ་པའི་ལོ་ཟླ་ཞིག་གི་འཁོར་བསྐྱོད་ཁྲོད།།
བརྩེ་བ་ཚང་གི་སྒོ་འགྲམ་ཞིག་ལ་ཕལ་ཆེར་ངེད་གཉིས་སླེབས་ཡོད་བསམ།།
རྫུན་དང་ཕྲ་མའི་ཚིག་ཉོག་འཁུར་ནས་ཁྱོད་ལ་བསླུ་བྲལ་བདག་མི་འདོད།།
རྒྱུ་དང་འབྱོར་བའི་ངོ་སོར་འཇུས་ནས་ཁྱོད་རང་ཚོང་དུ་བསྒྱུར་མི་འདོད།།
འཇིག་རྟེན་མྱི་ཡི་ཚོར་བའི་ཀློང་ནས་དུང་སེམས་ཁྱོད་ལ་གཏོད་བཞིན་དུ།།
བརྩེ་དུང་མེ་ཏོག་སྤང་ནས་བཞད་པའི་དཔྱིད་དཔལ་དེ་ལ་སྒུག་གི་ཡིན།།
ཁམས་ནས་ཡོང་བའི་ཁམས་པའི་བུ་མོ་གཤིས་ཀ་ཡག་རབས་གོ་མྱོང་ཡོད།།
ཁ་ཆེན་དབང་ཆེན་དབང་དུ་མ་སོང་ཁམས་ཀྱི་བུ་མོ་ཞེ་མཐུན་མ།།
སེམས་པ་དམར་པོའི་ཟབ་ས་འདི་ནས་མི་ཚེ་གཅིག་གི་ཁ་བྱང་དེ།།
ལས་དང་དབང་གིས་བྲིས་བཞག་ཡོད་ན་བདག་གི་སྙིང་ནས་སྲུང་གི་མིན།།
དུས་རབས་ཉི་ཤུའི་བུ་མོ་འདི་ཚོར་བརྩེ་བ་མེད་རབས་འཆད་ན་ཡང་།།
མ་གསང་དྲང་བ་ཁོ་མོའི་གཏམ་ལ་བདག་ནི་ཐེ་ཚོམ་མི་སྐྱེས་པར།།
ངེད་གཉིས་ཐུག་པའི་ཉི་མ་དེ་ནས་ད་ནངས་ཞོགས་པའི་ཉི་ཤར་བར།།
ཁྱོད་ཀྱིས་བཤད་པའི་ཚིག་གི་སྣེ་ན་རྫུན་གྱི་དྲི་ཙམ་མེད་གི་འདོད།།
ཁྱོད་ཀྱིས་འཆད་པའི་ཚིག་སྣེ་རེ་ན་བརྩེ་བའི་མེ་ཏོག་བཞད་འདུག་སྙམ།།
ང་ཡིས་གླེང་བའི་བརྗོད་བྱ་རེ་ལ་ཁྱོད་ཀྱི་སེམས་དེ་ཤོར་འདུག་སྙམ།།
རང་སེམས་ཤོར་བའི་བུ་མོ་ཁྱོད་རང་བདག་གི་བྲང་ལ་བབས་པ་ནས།།
བློ་སེམས་དཀར་པོ་མི་འགྱུར་དམ་བཅའ་དེ་རིང་ཁྱོད་ལ་འཇོག་གི་ཡིན།།
ཁྱོད་ཀྱི་མིང་དེ་སྙན་པའི་སྒང་ལ་བདག་གི་ངག་ལ་ཧ་ཅང་བདེ།།
ཁྱོད་ཀྱི་གཤིས་ཀ་འཇམ་པའི་སྟེང་ལ་མཛེས་པའི་འཛུམ་དེ་མཐོང་འདོད་པས།།
བདག་གི་སེམས་པ་བྲེལ་བའི་ཀློང་ན་རླུང་གིས་སྤུར་བའི་དར་ལྕོག་བཞིན།།
གངས་རིའི་བུ་མོའི་ཁ་དོག་ལྡན་པའི་བུ་མོ་མྱུར་དུ་མཇལ་ན་སྙམ།།
ལས་ཀྱིས་བསྐོས་པའི་མཛའ་མོ་ཡིན་ན་མཛའ་བརྩེའི་ས་བོན་འདེབས་ཀྱི་ཡིན།།
དུས་ཀྱིས་འཕྲད་པའི་བུ་མོ་ཡིན་ཡང་སེམས་ལ་སྡུག་ཅིག་མི་འཇོག་པར།།
བརྩེ་བ་ཞིག་གི་ཟབ་ས་དེ་ནས་ལག་ཟུང་ཁྱོད་ལ་བརྐྱངས་ཀི་ཡིན།།
དུངས་པ་ཞིག་གི་ནང་རོལ་དེ་ནས་སེམས་པ་ཁྱོད་ལ་བཅོལ་གྱི་ཡིན།།
སྒོར་གྱིས་ཉོས་པའི་ནུབ་ཕྱོགས་གྲུ་ལ་ཁྱོད་རང་མནའ་མར་མ་ཆས་ཐལ།།
ཕོ་གསར་གཟུགས་པོའི་གཟུགས་ཉམས་དོད་པོས་ཁྱོད་ཀྱི་སེམས་དེ་མ་ཁུག་པར།།
གཟུགས་མེད་བརྩེ་བའི་ལང་ཚོ་རུམ་པའི་སེམས་ཀྱི་སྐད་ཆ་ལྷད་མེད་དེས།།
རྒྱང་རིང་བུ་མོའི་སེམས་པའི་ཁ་ཕྱོགས་ང་ཡི་སྔུན་ལ་སླེབས་ལ་ཉེ།།
མཛའ་བརྩེའི་མེ་ཏོག་མཉམ་ཏུ་བཞད་ན་ལག་རྡང་གཅིག་ཏུ་སྦྲེལ་ན་ཆོག།
གནས་ཡུལ་གང་ཞིག་འགྲིམ་དགོས་བྱུང་ཡང་ཁྱོད་རང་ང་ཡི་མི་ཚེ་ཡིན།།
སྐྱིད་སྡུག་ལས་དབང་ཅི་ལ་འཕྲད་ཀྱང་ཁྱོད་ནི་ང་ཡི་བདེ་སྐྱིད་ཡིན།
སྡུག་གི་དུས་ངན་འཇབ་ནས་སླེབས་ཀྱང་གདོང་གི་འཛུམ་མདངས་བོར་གི་མིན།།
ཁྱོད་ཀྱི་སེམས་པ་དཀར་པོའི་ངོགས་ལ་ནག་ནོག་དྲི་མ་མེད་པར་ཤོག།།
ངེད་གཉིས་དུངས་པའི་སེམས་པའི་གཏིང་ལ་མི་འདོད་བར་ཆད་མེད་པར་ཤོག།།
ང་ཡིས་རེ་བའི་ལྷ་མོ་ཁྱོད་རང་རྒྱང་རིང་གྲུ་ཁའི་སྡེ་དེ་ནས།།
མི་འགྱངས་བདག་གི་སེམས་ཀྱི་ལྡུམ་རྭར་བརྕེ་བའི་མེ་ཏོག་བཞད་པར་ཤོག།
ཕྱི་ལོ ༢༠༡༣ ཟླ ༢ ཚེས ༢༦ ལ་རྡ་སའི་རང་ཤག་ནས།
བརྩེ་བའི་ཀློང་ནས་བརྡོལ་བའི་དུངས་བའི་ཚིག། བུ་མོའི་སེམས་ལ་སིམ་ནས་འདོད་པའི་བློ།། ཆུ་དང་འོ་མ་འདྲེས་པའི་དཔེ་ཇི་བཞིན།། དུས་གསུམ་དཔྱིད་དུ་སྨིན་པའི་རེ་སྨོན་ཞུ།། ཀློག་མཁན་ཐོག་མ་ཡིན། དངོས་ནས་སྙན་མོ་བྱུང་སོང།
དང་པོར་དུང་གི་གསུང་སོང་དེ་ནས་སུན་གྱི་གསུང་པའི་དུས་ཤིག་ཡོང་། །
སྒྱུ་མའི་བརྩེ་དུང་འདི་ནི་ན་ཆུང་བུ་མོའི་སེམས་པ་འགུག་པའི་ཐབས། །
གཡོ་སྒྱུའི་སེམས་ཀྱིས་འཛུམ་འདང་བསྟན་ནས་བརྩེ་བ་ཡོད་རབས་བཤད་པ་འདིས།།
སྨན་ཆུང་བུ་མོ་ལག་རྩེད་བྱེད་སའི་འཁོར་ཡུག་ཞིག་ཏུ་འཁིད་པར་འདོད། །