གཅན་འོད་འབར།
དབང་ཤུགས།
ཚོན་མདོག་ཉམས་པའི་ཁང་ཆུང་དེའི་རྩིག་པར་འཁེན་ནས།
ཡུན་རིང་ཞིག་ལ་རྫོགས་རྒྱུ་མེད་པའི་གྲལ་མཇུག་འདིར།
ཅིས་ཀྱང་རང་ལ་ཐོབ་འོས་པའི་ལག་འཁྱེར་དེར་སྒུག་ཀྱང།
རྗེས་ནས་ཡོང་བའི་མི་ཆེན་འགའ་སྔོན་ལ་ཐོན་སོང་ལ།
སྔོན་ལ་སླེབས་པའི་མི་ཆུང་ཚོ་རྗེས་ལ་ལྷག་འདུག
མདུན་ན་མགོ་བོ་ལག་པས་སྐྱོར་བའི་རྒན་པོ་དེས།
དེ་ནི་དམག་ཞྭ་གྱོན་ཞིང་རིགས་རུས་མཐོ་བས་རེད་ཟེར།
རྒྱབ་ན་མིག་ཟུང་ཀེམ་ཀེམ་གཡོ་བའི་བུད་མེད་དེས།
མ་རེད། དེ་ནི་དཔོན་པོ་དང་ཚོང་པ་ཡིན་པས་རེད་ཟེར།
གང་ལྟར། ངག་ལྐུགས་སོང་བ་ལྟ་བུའི་རྒྱབ་མདུན་གྱི་མི་འདི་ཚོའི་གདོང་ན།
ཅི་ཞིག་བཤད་འདོད་པའི་རྣམ་འགྱུར་དྲག་པོ་ཞིག་མངོན་ཡང།
གྲགས་འགུལ་ཅི་ཡང་མེད་པར།
ཕན་ཚུན་གྱི་ངོ་གདོང་ལ་ཉམ་ཆུང་གིས་ཅེར་ཚུལ་ནི།
སུ་ཞིག་ལ་ལེ་བདའ་བྱེད་པ་འཚུངས།
ང་ཡང་ཁོང་ཚོའི་གྲས་ཀྱི་གཅིག་ཡིན།
འཁོར་བ།
རེ་བའི་ཉི་འོད་མི་ཕོགས་པའི་གྲུ་ཟུར་དོག་མོ།
གྲུ་ཟུར་དོག་མོ་འདིའི་གྲིབ་མའི་འཇིན་རྟེན་ཆུང་ཆུང།
འཇིག་རྟེན་ཆུང་ཆུང་འདིའི་འགྲོ་བ་མང་པོ།
སྐད་ཅིག་ལ་ཡང་མི་སྡོད་པའི་རྡུལ་ཕྲན་ལྟར།
ཅི་ཞིག་གི་ཆེད་དུ་གནས་འདིར་འདུས་པ་ཤེས་མ་སོང་ལ།
གང་ཞིག་གི་སླད་དུ་གནས་འདི་ནས་གྱེས་ཀྱིན་པ་ཡང་རྟོགས་མ་བྱུང།
ཡང་སྙིང་འཁོར་བ་ནི་སྐྱེས་ནས་འཆི་རུ་ཡོང་བ་དེ་རེད་ལ།
འཆི་ནས་སྐྱེ་རུ་འགྲོ་བ་དེ་ཡང་ཡིན་པ་འདྲ་ཨང།
ལྟ་སྟངས།
མི་ཚོགས་ཀྱི་རྦ་རླབས་འཕྱུར་བའི་ལམ་ཟུར་ཞིག་ཏུ།
ངོ་གདོང་ཆ་མེད་དེ་དག་གི་རྣམ་འགྱུར་ཀློག
ཤེལ་མིག་ནག་པོ་གྱོན་པའི་སྐྱེས་པ་ཞིག་མཐོང་མ་མྱོང་བའམ།
ཕྱི་ལྭ་སྲབ་མོ་གོན་པའི་བུད་མེད་ཅིག་རིག་མ་མྱོང་བའི་འདྲ་བའི་མིག་མདངས་དེ་དག་གིས།
གོམ་པའི་འདེགས་འཇོག་གི་སྟངས་སྟབས་འཁྲུག་ཏུ་བཅུག་ཅིང།
མི་ཡིན་པའི་ཚོར་བའི་འདུ་ཤེས་ཡང་འཁྲུལ་དུ་བཅུག་སོང།
ཚེར་མ་ལྟ་བུའི་མིག་མདའ་དེ་དག
འདི་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་ཟུགས་ཡོང་དུས།
ང་གློ་བུར་དུ་གྲང་འདར་ཞིག་ཤོར་ཞིང་།
ཞོར་ལ་དེ་རིང་ཁ་སང་གི་བཙན་གཡེམ་དོན་རྐྱེན་དག་ཀྱང་དྲན་བྱུང།
༢༠༡༢།༡༢།༢༦