མི་ཉག་དུང་བརྡས་ཕབ་བཤུས་བྱས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས།
ཉེ་བའི་ལོ་ནས་བཟུང་། བོད་ལྗོངས་དང་། ཟི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་རང་སྲེག་གི་དོན་རྐྱེན་ཐེངས་མང་བྱུང་བ་མ་ཟད། ད་རུང་དུས་སྐབས་ཤིག་གི་རིང་ཁྲིམས་འགལ་འདུ་འཛོམས་རྡུང་གཅོག་གི་དོན་རྐྱེན་བྱུང་། བྱུང་ཟིན་པའི་རང་སྲེག་གི་དོན་རྐྱེན་རབ་དང་རིམ་པར་དབྱེ་ཞིབ་ཟབ་མོ་བྱས་དུས། རང་སྲེག་དོན་རྐྱེན་དེ་རྩ་བ་ནས་བཤད་ན་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་རེད། དོན་དངོས་གང་མང་ལས་ཏཱ་ལིའི་ཚོགས་པ་ནི་བོད་ཁུལ་གྱི་རང་སྲེག་དོན་རྐྱེན་རབ་དང་རིམ་པའི་ལྐོག་ཇུས་འགོད་མཁན་དང་ངན་སྐུལ་གཏོང་མཁན་ཡིན་པ་བདེན་དཔང་བྱས་ཡོད། དེང་སྐབས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐན་ཕྱིན་ཟབ་མོ་བྱེད་པ་དེ་བློ་ཐག་རྦད་ཆོད་སྒོས་རང་སྲེག་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་བ་དང་ཟུང་སྤྲེལ་དམ་པོར་བྱས་ཏེ། དངོས་གནས་བོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་དང་ཀན་ལྷོའི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་དགོས།
རང་སྲེག་དོན་རྐྱེན་གྱི་ཆབ་སྲིད་ཀྱི་ཉེན་ཁའི་རང་བཞིན་དང་སྤྱི་ཚོགས་ཀྱི་ཉེན་ཁའི་རང་བཞིན་ཤེས་རྟོགས་གསལ་པོ་ཡོད་དགོས། རང་སྲེག་དོན་རྐྱེན་གྱིས་མང་ཚོགས་ཀྱི་མི་ལུས་རིན་པོ་ཆེ་ལ་ཐད་ཀར་གནོད་སྐྱོན་བཏང་བ་དང་མི་ཆོས་རིང་ལུགས་ཀྱི་བསམ་པར་རྡོག་བརྫིས་བཏང་བ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་བརྗིད་ཉམས་ལ་གནོད་འཚེ་ཚབས་ཆེན་བཟོས་ཤིང་སྤྱི་ཚོགས་གཏན་འཇགས་དང་རྒྱལ་ཁབ་བདེ་འཇགས་པ་ཉེན་ཁ་བཟོས་ཚེ་སྲོག་གི་དབང་ཆ་ནི་མིའི་ཆེས་གཞི་རྩ་དང་ཆེས་གལ་ཆེའི་དབང་ཆ་ཡིན། རང་སྲེག་འདི་འདྲའི་ཐལ་དྲགས་ཀྱི་བྱེད་ཐབས་ཀྱིས་རང་གི་ཚེ་སྲོག་མཇུག་རྫོགས་པའི་བྱ་སྤྱོད་དེ་མིའི་རིགས་ཀྱི་འཕེལ་སྐྱེད་འཚོ་གནས་ཀྱི་མི་ཆོས་ཀྱི་ངོ་བོར་རྒྱབ་འགལ་བྱས་ཡོད་ལ། དེང་རབས་སྤྱི་ཚོགས་ཀྱིས་ཆེ་སྲོག་ལ་བརྩི་སྲུང་དང་འཚོ་བར་གཅེས་སྤྲས་བྱས་པའི་དཔལ་ཡོན་གྱི་རིག་གཞུང་ལའང་རྒྱབ་འགལ་བྱས་ཡོད་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོག་གཅོད་པ་སྤང་པའི་རང་སྲོག་གཅོད་མི་ཆོག་པ་དང་གཞན་ལ་ངན་སྐུལ་བྱས་ནས་སྲོག་གཅོད་མི་ཆོག་པ་བཅས་ཚུད་པའི་འདུལ་ཁྲིམས་ལ་ཡང་རྒྱབ་འགལ་བྱས་ཡོད་པས། དེ་ནི་ཧ་ཅང་བླུན་རྨོངས་དང་ནོར་འཁྲུལ་ཆེན་པོ་ཡིན། རང་སྲེག་ལ་ལྐོག་ཇུས་འགོད་པ་དང་ངན་སྐུལ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་ལོག་ཆོས་སུ་ཁྲིད་སྟོན་བྱེད་པ་དེ་ཡིན་ལ། རང་སྲེག་ལ་སྙིང་རྗེ་དང་གུང་བཀུར་བྱེད་པ་ནི་ཡིན་མིན་གོ་ལྡོག་དང་ངན་རྒྱབ་ངན་སྐྱོར་བྱེད་པ་ཡིན། རྒྱལ་ཁབ་གང་དང་ས་ཆ་གང་ཞིག་ཡིན་རུང་ཆོས་ལུགས་ཀྱི་ཁ་གཡར་ནས་མི་གཞན་ལ་ངན་སྐུལ་བཏང་ནས་རང་སྲེག་སོགས་ཀྱི་ཐལ་དྲགས་བྱེད་ཐབས་ཀྱི་ཚེ་སྲོག་ལ་གནོད་འཚེ་དང་སྤྱི་ཚོགས་ལ་གནོད་འཚེ་བཟོ་བ་ཚང་མ་དེ་རྒྱལ་ཁབ་དང་བཅའ་ཁྲིམས་གང་ཞིག་གིས་ཀྱང་གཏན་ནས་མི་རུང་བ་རེད།
རང་སྲེག་དོན་རྐྱེན་གྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྗིད་ཉམས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་ངེས་ཟིན་གང་ལེགས་ཐོབ་དགོས། ཉེ་ཆར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་མཛུབ་སྟོན་བསམ་འཆར་མར་བཀྲམས་པ་ལས་གསལ་པོ་བསྟན་པར། རང་སྲེག་ལ་རྩ་འཛུགས་དང་ལྐོག་ཇུས། ངན་སྐུལ་བཅས་གང་དང་གང་། ཡང་ན་སྤྱི་པའི་ཁྲོམ་ར་རུ་རང་སྲེག་གཏོང་མཁན་དང་རང་སྲེག་གི་ཡུལ་དངོས་སུ་འཛོམས་ནས་དོན་དག་བཙལ་བ་ཚང་མ་ནི་ཁྲིམས་འགལ་ཉེས་བཟོའི་བྱ་སྤྱོད་ཡིན། རང་སྲེག་གི་གནོད་པ་སྐྱེལ་ཡུལ་ནི་སྤྱི་པའི་བདེ་འཇགས་ཡིན་ཏེ། མི་སྣ་ཤི་རྨས་འབྱུང་བ་མ་ཟད། ད་དུང་གནས་ཚུལ་ངོ་མ་མི་ཤེས་པའི་མང་ཚོགས་འཛོམས་ནས་དོན་དག་འབྱུང་སྲིད་པ་དང་སྤྱི་ཚོགས་སྟེང་འཇིགས་སྣང་སྐུལ་བས་སྤྱི་ཚོགས་གཏན་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཐུབ་པས་མཐོང་ཆུང་བྱེད་མི་རུང་། རང་སྲེག་དོན་རྐྱེན་ནི་རྒྱལ་ཁབ་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ཀྱིས་ཕན་ཚུན་འབྲེལ་བ་བྱས་ཏེ། ངན་ཇུས་སྔོན་འགོད་ཡོད་པ་དང་རྩ་འཛུགས་ལྐོག་ཇུས་ཡོད་པ། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོ་བའི་གྱོད་དོན་ཚབས་ཆེན་བཟོས་པ་ཡིན་ལ། དེང་སྐབས་བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ཀྱི་ཁྱོན་ཡོངས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད།
རང་སྲེག་དོན་རྐྱེན་ཁྲོད་ཀྱི་རང་སྲེག་མཁན་དེ་འཇིག་རྟེན་ལ་སུན་སྣང་སྐྱེས་ནས་རང་སྲོག་བཅད་པ་རྐྱང་རྐྱང་མ་ཡིན་ལ། རྒྱལ་ཁབ་ལ་ཁ་བྲལ་གྱི་ངན་སེམས་བཅངས་ཡོད་པ་མ་ཟད། སྤྱི་པའི་བདེ་འཇགས་དང་སྤྱི་ཡོངས་ཀྱི་སྒྲིག་ལམ་ལ་གནོད་འཚེ་བཟོས་ཡོད་པས་རང་སྲེག་བྱ་སྤྱོད་དེ་ཁྲིམས་འགལ་ཉེས་བཟོའི་བྱ་འགུལ་ལ་གཏོགས་འདུག གལ་ཏེ་རང་སྲེག་བྱ་སྤྱོད་ལ་ངན་སྐུལ་དང་སླུ་བྲིད་བྱེད་པའི་ཉེས་བཟོ་མཁན་ལ་རྡུང་རྡེག་ནན་པོ་མ་བྱས་ཚེ། ཁྲིམས་འགལ་ཉེས་བཟོའི་བྱ་འགུལ་རྒྱ་ཡན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་བརྗིད་ཉམས། ཁེ་དབང་བཅས་སྲུང་མི་ཐུབ་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་ལག་བསྟར་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པ་རེད།
ཡག་པོ་བསྒྱུར་འདུག་་་རྗེས་སུ་ཡི་རང་ཡོད་་་་་
རྒྱ་དམར་ཚང་གིས་རྫིག་རྫིག་བྱེད་ཀི་འདུག་ཀ་་་་་
རྒྱ་དམར་གྱི་ཁྲིམས་ཡིག་གསར་བཟོ་ཞེས་པར་ལན་ཕུལ་ཟིན། འཇིག་རྟེན་སྲིད་ཐོག་ནས་རང་སྲེག་མ་གཏོགས་གཞན་མ་སྲེག་མཁན་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་ཡིནཔས་བསྔགས་འོས་རང་རེད།
གཞན་དག་རང་གི་དོན་དུ་ནི།།
གཞན་གྱི་སྲོག་གི་སྦྱིན་སྲེག་བྱས།།
ཁྱེད་ཀྱིས་གཞན་གྱི་དོན་དུ་ཡང་།།
རང་གི་སྲོག࿒གི་སྦྱིན་སྲེག་མཛད།།ཅེས་ཁྱད་པར་དུ་འཕགས་པའི་བསྟོད་པ་མཛད་པ་དོན་ལ་གནས་ཡོད།།
རྒྱ་དམར་གུན་བྲན་པས་རང་སྣང་གང་དྲན་དམར་གསོད་སྲོག་ཐོག་ཁྲིམས་བཅད་ཡ་ང་བ་བྱས་པའི་སྡིག་ཉེས་གྲངས་མེད་པ་དང་། རྒྱལ་སྤྱི་ཁྲིམས་འགལ་ནག་ཉེས་རཀུན་ཇག་མི་རུང་བྱ་བའི་རང་སྐྱོན་རི་བོར་བརྩིགས་བཞིན་དུ། རང་ལ་དབང་བའི་རང་སྲོག་གཏོང་བར་རྩིག་ཟ་བྱ་དགོས་དོན་མེད།
་་་་་ཏཱ་ལིའི་ཚོགས་པ་ནི་བོད་ཁུལ་གྱི་རང་སྲེག་དོན་རྐྱེན་རབ་དང་རིམ་པའི་ལྐོག་ཇུས་འགོད་མཁན་དང་ངན་སྐུལ་གཏོང་མཁན་ཡིན་པ་བདེན་དཔང་བྱས་ཡོད། ་་་ཞེས་པ་འདི་བདེན་པ་མ་རེད།
་་་་་རང་སྲེག་དོན་རྐྱེན་ཁྲོད་ཀྱི་རང་སྲེག་མཁན་དེ་འཇིག་རྟེན་ལ་སུན་སྣང་སྐྱེས་ནས་རང་སྲོག་བཅད་པ་རྐྱང་རྐྱང་མ་ཡིན་ལ། རྒྱལ་ཁབ་ལ་ཁ་བྲལ་གྱི་ངན་སེམས་བཅངས་ཡོད་པ་་་་་་ རྒྱལ་ཁབ་ཁ་བྲལ་དུ་འུ་ཐུག་པར་བྱེད་བཅུག་མཁན་དེ་རྒྱ་གཞུང་རང་ཉིད་ཡིན་པ་དེ། ཤེས་དགོས་པ་མི་འདུག་གམ།
སྤྲང་པོ་ཁྲམ་པ་བསྟན་འདྲ་རྒྱ་དམར་གུང་ཁྲན་མཇོག་ནས་མྱུར་དུ་མགོ་གཏིང་ལྷོག་པར་ཤོག་།
ཧཧ། ཇག་ཚོགས་ཤིག་གིས་ཁྲིམས་ཀྱིས་རྒྱལ་ཁབ་ཅི་ལྟར་སྐྱོང་།
རང་སྲེག་ནི་རང་ལ་བདག་པའི་ལུས་པོ་རང་མི་རིགས་དང་རིག་གཞུང་ཆེད་བཏང་བ་ཡིན། སུ་ལ་ཡང་ཇུས་གཏོགས་ཡོད་མ་རེད། དེ་བས་དགྲ་བོ་རྒྱ་དམར་ལ་ག་ནས་ཡོད། ༧ གོང་ས་མཆོག་གིས་སྟངས་འཛིན་གནང་གི་མ་རེད་ལ་སོ་སོས་རང་དབང་རེད། དགོས་པ་དེ་འདྲ་ཡོད་ན་ག་རེ་བྱ་སྲིད་པ་རེད། རང་སྲེག་པར་དོ་བདག་གི་དབང་ཆ་རེད། དེ་ལས་རྫབ་ཆེ་ཤོས་གཞན་ལ་དོན་མེད་ཁྲིམས་གཅོད་དང་དམར་གསོད་གཏོར་རྒོལ་གཞི་རྩ་དང་འགལ་བའི་ནག་ཉེས་པ་གཞན་སྲེག་པ་རྒྱ་དམར་རང་ཉིད་ལ་ཁྲིམས་བཅད་དང་ངོ་རྒོལ་ཡིད་གཉིས་སོམ་ཉི་མེད་པར་བྱེད་ན་གཞི་ནས་བོད་ཁུལ་དུ་བདེ་སྐྱིད་ལྷིང་འཇགས་ངེས་པར་ཡོང་ངེས། རང་སྲེག་བོད་མིར་ངོ་རྒོལ་མ་བྱས་གོང་གཞན་སྲེག་རྒྱ་དམར་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། རྒྱ་དམར་གྱི་གཞན་སྲེག་བྱས་པའི་རྒྱུ་རྐྱེན་ཉིད་ལས་བོད་མིས་རང་སྲེག་བྱ་དགོས་བྱུང་ཡོད། གཞན་སྲེག་ལ་ངོ་རྒོལ་བྱོས་དང་རང་སྲེག་རང་བཞིན་གྱིས་འགག་ངེས། དཔེར་ན་ལྟག་ཆུ་ཆདཔའི་རྫིང་བུ་བཞིན་རེད། ཡང་གལ་ཏེ་རང་སྲེག་གིས་རྒྱ་དམར་ལ་གནོད་ཀྱི་འདུག་ཅེ་ན། ཇ་འཁོལ་བར་མེ་བཏང་དུས་ཤིང་འཚིག་ན་བྱ་ཐབས་མེད། གུན་བྲན་གྱི་རང་གི་ཆེད་གཞན་སྲེག་རྒྱུའི་རིང་ལུགས་ངན་ཞན་དེ་གཞན་ཆེད་རང་སྲེག་མ་ཐུབ་ཀྱང་གཞན་ལ་གནོད་པ་མ་བསྐྱལ་བའི་རིང་ལུགས་སུ་བཅོས་ན། ད་གཟོད་གཏན་འཇགས་དང་བརྟན་ལྷིང་ཡོང་གི་རེད།