ཀླུ་སྨྱོན།
ཟླ་ཚེས་གསལ་བོ་ཞིག་མི་དྲན་ཡང་དུས་ཚིགས་དེ་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་ཧ་ཅང་གྲང་བའི་དགུན་ཁ་ཞིག་ཡིན་ཞིང་། རི་ཀླུང་ཐང་གསུམ་གྱི་དབྱེ་བ་མེད་པར་གཡུགས་པའི་གྲང་རླུང་དེ་ཡིས་སྨན་བུ་མོའི་མྱོས་བུམ་དང་སྟག་ཤ་རའི་དཔུང་ཤ་ཡང་འཁུམ་དུ་བཅུག་ཡོད་པར་ཐེ་ཚོམ་མེད། དེ་དུས་ཀྱི་ང་རང་ལ་མཚོན་ན་ཉིན་རེའི་བྱ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་ནི་རྩོམ་ཡིག་འབྲི་རྒྱུ་དེ་ཡིན་ཞིང་། རྩོམ་ཡིག་གི་ཁྲོད་ནས་ཀྱང་བརྩམས་སྒྲུང་འབྲི་རྒྱུ་དང་བརྩམས་སྒྲུང་གི་རྩོམ་པ་པོ་ཚོར་གྲོགས་འབྲེལ་བསྒྲིག་རྒྱུ་དང་ཁོང་ཚོའི་ས་ནས་བསླབ་བྱ་དང་བཀའ་སློབ་ཞུ་རྒྱུ་དེ་དོན་དག་གཞན་གང་ཞིག་ལས་ཀྱང་གལ་ཆེན་དུ་གྱུར་ཡོད། དེ་དུས་ཀྱི་བོད་ཀྱི་རྩོམ་པ་པོའི་ཁྲོད་དུ་སྒྲུང་རྩོམ་པ་གྲགས་ཅན་ཚེ་རིང་དོན་གྲུབ་དང་སྟག་འབུམ་རྒྱལ་གཉིས་ནི་ངའི་སེམས་གཏིང་གི་ཉི་མ་དང་ཟླ་བ་ལྟ་བུར་གྱུར་པ་དང་། ཁོ་གཉིས་ལ་ཅིག་ཐུག་འདོད་པའི་ཚོར་བ་དྲག་པོ་ཞིག་གིས་ངའི་མགོ་ལུས་ཡོངས་སུ་ཁྱབ་བསྡད་ཡོད། ཡིན་ན་ཡང་ཚེ་རིང་དོན་གྲུབ་རྩེ་ཁོག་རྫོང་དུ་ཡོད་པས་དེ་དུས་ཀྱི་ལུང་ཁུག་གི་མི་ང་ལྟ་བུར་མཚོན་ན་ཧ་ཅང་ཐག་རིང་ཞིག་ཏུ་སྣང་། ཡིན་ན་ཡང་སྟག་འབུམ་རྒྱལ་དང་ངེད་གཉིས་རྫོང་གཅིག་གི་མི་ཡིན་པས་མི་ཚད་ངའི་ཁྱིམ་གཞིས་དེ་ཡང་ལོ་ངོ་དྲུག་ཅུའམ་བདུན་ཅུའི་ཡར་སྔོན་དུ་ཁོ་ཚོའི་སྡེ་བ་དེ་ནས་ས་འདིར་གནས་སྤར་བ་ཞིག་རེད་འདུག་པས། ཕྱོགས་གང་ཐད་ནས་སྟག་འབུམ་རྒྱལ་ལ་ཐུག་འཕྲད་བྱེད་དུ་འགྲོ་རྒྱུ་དེ་ལ་ཆ་རྐྱེན་ངེས་ཅན་ཞིག་ལྡན། དེའི་ཕྱིར་ངས་རང་གི་ལས་གནས་ནས་ཉིན་གཉིས་གསུམ་ཞིག་གི་དགོངས་པ་ཞུས་རྗེས་རྒྱ་མི་ལྕི་བ་སྐམ་པོ་སྒྲུག་མཁན་ཞིག་ལ་རྒྱ་སྒོར་ལྔ་སྤྲད་དེ་ཁོའི་ལག་སྐྱོར་འཕྲུལ་འཁོར་དུ་བསྡད་ནས་རྫོང་མཁར་གྱི་ཕྱོགས་སུ་བསྐྱོད། ལམ་ཞོར་དུ་ཨང་གཉིས་པ་དང་གསུམ་པ་ཟེར་བའི་རྒྱ་གྲོང་ཞིག་བརྒྱུད་ནས་འགྲོ་དགོས་ཤིང་། རིག་གསར་སྐབས་རྒྱ་མི་སྟོང་ཕྲག་མང་པོ་ཞིག་ངལ་རྩོལ་སྒྱུར་བཀོད་ཀྱི་ཆེད་དུ་ས་འདིར་འོངས་ནས་གཞིས་ཆགས་ཏེ་ས་རྐོ་རྡོ་སློག་བྱེད་བཞིན་གང་འཚམ་ཞིག་བསྡད་པ་རེད་ལ། དེ་དུས་ཀྱི་རྒྱ་མི་ན་གཞོན་སྐོར་ཞིག་གིས་བོད་རིགས་ལུག་རྫི་རྒན་པོ་ཞིག་ལ་ཁོའི་ལུག་གིས་རྒྱ་མིའི་ཞིང་ཁའི་ལོ་ཏོག་ཟོས་པར་བསྙད་བཏགས་ཏེ་རྐུབ་ལ་དབུགས་མདའ་བརྒྱབ་ནས་མངགས་པའི་བཤད་རྒྱུན་ཞིག་ཀྱང་ཡོད་ལ། ང་རང་ཆུང་དུས་སློབ་གྲྭ་ན་ཡོད་སྐབས་ཁྱིམ་མཚེས་དག་གི་ཁྱི་དང་ཞི་མི་རྐུན་མ་བརྒྱབ་ནས་ས་འདིའི་རྒྱ་མིར་བཙོངས་ཏེ་ཆང་དང་ཐ་མག་ཉོས་པ་ཡང་ཉུང་ཉུང་མིན། ཡིན་ན་ཡང་དེ་དུས་ཀྱི་བྱིས་པ་སྣབས་ལུག་དེ་ད་ལྟ་ཕོ་བཟོ་དོད་པའི་གསར་རྒོད་ཅིག་ཏུ་གྱུར་ནས་རྩྭ་ཐང་གི་བུ་མོ་ཚོའི་སྙིང་གི་ནོར་བུ་ཞིག་ཏུ་འགྱུར་བཞིན་པ་མ་ཡིན་ནམ།
རྫོང་མཁར་དུ་བསླེབས་ནས་དགོང་མོ་དེར་རིན་གོང་དམའ་བའི་འགྲུལ་ཁང་ཞིག་ཏུ་འཛུལ་བ་ན། ངའི་ངོ་ཤེས་ཤིག་དང་ཁོའི་ཕ་རྒན་གཉིས་ཀྱང་ཆབ་ཆ་ལ་འགྲོ་ཕྱིར་དེར་ཡོང་ནས་བསྡད་འདུག དགོང་མོའི་ཁ་ཟས་ཟོས་རྗེས་ཁོང་གཉིས་གློག་བརྙན་ལ་བལྟ་རུ་འགྲོ་གི་ཡིན་ཟེར་ནས་ཕྱི་རོལ་ཏུ་བུད་སོང་ལ། ངས་ལྕགས་ཐབ་ཏུ་རྡོ་སོལ་གང་འཚམ་ཞིག་བརྫངས་རྗེས་སྒོ་གཏན་ཏེ་ཉལ་ནས་བསྡད། དུས་ཡུན་ཅི་ཙམ་ཞིག་འགོར་བ་མི་ཤེས་པར་མི་མང་པོ་ཞིག་གི་སྐད་སྒྲས་ང་རང་གཉིད་གོང་ནས་དཀྲོགས་སོང་ལ། མགོ་བོ་དགྱེ་ནས་ཅིག་བལྟ་བསམས་དུས་ཐོག་མར་མིག་འབྱེད་འཛུམ་ཡང་བྱེད་ཧ་ཅང་དཀའ་ཡང་བཙན་གྱིས་མིག་གདངས་ནས་ཅིག་ལྟ་དུས། ཁང་པའི་ནང་ཧྲིལ་བོར་རྡོ་སོལ་གྱི་དུ་བས་ཁེངས་པའི་ཀློང་ན་གློག་འོད་རབ་རིབ་ཅིག་འཕྲོ་བ་དང་། སྒེའུ་ཁུང་ཕྱི་རོལ་ཏུ་མི་མང་པོ་ཞིག་གིས་སྐད་ཅོར་རྒྱག་བཞིན་སྒོ་རྡུང་གིན་འདུག ང་ཡར་ལངས་གྲབས་བྱས་པ་ན། ཨ་ཁ། ངའི་མགོ་ནང་ཧྲིལ་བོར་སྨུག་པ་ཞིག་འཐིབས་ནས་ཡར་ལངས་གྲབ་བྱེད་དུས་མར་རིལ་ཡོང་གི་འདུག ཡིན་ན་ཡང་ངས་ཨུ་ཚུགས་ཆེན་པོས་ལུས་པོ་གོག་མ་ནུར་གྱིས་སོང་སྟེ་སྒོ་ཕྱེ་བ་ན། འགྲུལ་ཁང་བདག་པོ་རྒྱ་མི་ལོ་གཞོན་ཁྱོ་ཤུག་གཉིས་ཀྱིས་གཙོས་པའི་རྒྱ་བོད་སྐོར་ཞིག་གིས་ང་ལ་ཁྱོད་རང་འཆི་ན་འདོད་དམ་ཞེས་གཤེ་གཤེ་སྣ་ཚོགས་གཏོང་ཞོར་དུ་ཁང་པའི་སྒོ་དང་སྒེའུ་ཁུང་ཆེ་ཆེར་ཕྱེས་ནས་ནང་དུ་འཐིབས་པའི་རྡོ་སོལ་གྱི་དུ་བ་ཕྱིར་འགྲོ་ཐབས་བྱེད་བཞིན་འདུག་ན་ཡང་། ངའི་ལུས་ཧྲིལ་བོར་བཟི་སྨན་བརྒྱབ་པ་ལྟར་ཡམ་མེ་ཡོམ་མེར་གྱུར་ནས་སྟོབས་ཟད་ཤུགས་རྫོགས་སུ་གྱུར་འདུག
དེ་ལྟར་འཇིགས་སུ་རུང་བའི་མཚན་མོ་ཞིག་བསྐྱལ་རྗེས་ཀྱི་ཉིན་གཉིས་པ་དེར། ང་རང་རྫོང་མཁར་ནས་ཁྲི་ཀར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བསྡད་ནས་མགོ་མང་གྲོང་བརྡལ་དུ་བསྐྱོད། ཉིན་དེར་རླུང་དམར་དྲག་པོ་ཞིག་གིས་ས་མང་གཞོང་སྟོད་སྨད་བར་གསུམ་ཡོངས་སུ་བཏུམས་པས། སྤྱི་སྤྱོད་རླངས་འཁོར་ཡང་སྐབས་རེར་མདུན་སྐྱོད་བྱེད་མ་ཐུབ་པར་སྐར་མ་འགའ་རེར་གློག་གཞུ་སྤར་ཏེ་སྡོད་དགོས་ཀྱི་འདུག གང་ལྟར་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་དུ་བསྐྱོད་མཐར་མགོ་མང་གྲོང་བརྡལ་དུ་བསླེབས་སོང་། མགོ་མང་གྲོང་བརྡལ་ནི་རླངས་འཁོར་སྣ་ཚོགས་མང་རྫོང་ནས་ཁྲི་ཀ་དང་། ཁྲི་ཀ་ནས་རྩེ་ཁོག་དང་འབའ་རྫོང་དུ་བསྐྱོད་ལམ་གྱི་བཞི་མདོ་ཞིག་ཏུ་གྱུར་ཡོད་པས། གྲོང་བརྡལ་འདིར་ནམ་རྒྱུན་རྒྱ་མི་འབྲས་འཚོང་མཁན་དང་ཁ་ཆེ་པགས་ཉོ་མཁན། རོང་བ་ནས་འཚོང་དང་འབྲོག་པ་ལུག་འཚོང་། རྒྱལ་ཁམས་འགྲིམ་པའི་སྨད་འཚོང་མ། དགོན་པ་ཁག་གི་གཉེར་བ་ཞལ་འདེབས་སློང་མཁན། ཁྲི་ཀའི་ཆུ་ཁོལ་དུ་འགྲོ་བའི་ནད་པ། ཐག་རིང་ནས་ཡོང་བའི་རྐུན་ཇག ཐག་ཉེ་ནས་འདུས་པའི་ཁྲམ་པ་སོགས་མི་རིགས་སྣ་མང་འདུས་ནས་དོན་རྐྱེན་འདྲ་མིན་འབྱུང་སའི་མཐོ་སྒང་གི་ཧོང་ཁོང་ཆུང་ཆུང་ཞིག་ཡིན་པས། ངས་རྩད་ཞིབ་ཧ་ཅང་ཞིབ་ཚགས་པོའི་སྒོ་ནས་རང་གི་སྒོར་རྡོག་དེ་ཚོར་ཉེན་ཁ་དང་རིན་གོང་གཉིས་ཀ་ཆུང་བའི་སྒེར་གཉེར་མགྲོན་ཁང་ཞིག་རང་གི་ཞག་གཅིག་གི་གནས་མལ་དུ་བདམས་རྗེས། ཐད་ཀར་མི་ཞིག་གི་ལམ་སྟོན་བཞིན་གྲོང་བརྡལ་དེའི་སློབ་ཆུང་གི་ཕྱོགས་སུ་སོང་བ་དང་། ཅུང་མ་འགོར་བར་ངའི་སེམས་གཏིང་ནས་ཡི་རང་ཞུ་སའི་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྡོད་ཁང་ཡང་རྙེད་བྱུང་། ངས་རང་གི་ལང་ལོང་དུ་འཕྱུར་བའི་སེམས་ཁམས་ཅུང་ཟད་ལྷོད་དུ་བཏང་རྗེས་ཐག་ཐག་ཐག་ཅེས་ཁང་པའི་སྒོ་ལན་འགའ་བརྡུངས་པ་ན། ནང་ནས་སུ་ཡིན་ཞེས་པའི་མོ་སྐད་ཅིག་གྲགས་པ་དང་མཉམ་དུ་སྒོ་ཕྱེས་བྱུང་ལ། ངའི་མིག་མདུན་དུ་མངོན་པ་ནི་གཟུགས་པོར་ལྡེམ་ལྡེམ་འཁྱུག་འཁྱུག་གི་སྒེག་ཆོས་ལྡན་ཞིང་ངོ་གདོང་ལ་དཀར་དཀར་དམར་དམར་གྱི་སྐག་ཚོས་བྱུགས་པའི་བུད་མེད་གཞོན་ནུ་མ་ཞིག་རེད་ལ། མོས་ངའི་བཟོ་ལྟ་དང་ངོ་གདོང་ལ་ལྟ་ཙམ་དང་ངོ་གདོང་སྙེར་ཙམ་གྱིས། ཁྱོད་ཀྱིས་སུ་འཚོལ་གྱིན་ཡོད། ཅེས་སྐད་ཆ་ཞིག་དྲིས་པ་དང་། ངས་རང་གི་སེམས་པ་དང་ངོ་གདོང་གཉིས་ཀ་རང་བབས་སུ་ཡོང་བའི་རེ་བ་དང་བཅས། ངས་སྟག་འབུམ་རྒྱལ་འཚོལ་བཞིན་ཡོད། འདི་ཁོང་ཚང་ཨེ་རེད། ཅེས་དྲིས་པ་ན། ལྕམ་སྐུ་ཞབས་དེས་གདོང་ལ་ཨུ་ཚུགས་ཀྱི་འཛུམ་མདངས་ཤིག་བཟུང་ནས། རེད་རེད། ཡིན་ན་ཡང་ཁོ་ད་ལྟ་ཁྱིམ་ན་མེད། ཟེར་ཞོར་ཕྱིར་ཁྱིམ་དུ་འགྲོ་གྲབས་བྱེད། ངས། ཁོ་གང་དུ་བུད་སོང་། ང་མང་རྫོང་ནས་ཁོ་ལ་དོན་དག་ཅིག་གི་ཆེད་དུ་ཐུག་འཕྲད་བྱེད་པར་ཡོང་བ་ཡིན། སྐད་ཆ་དེ་གོ་མ་ཐག་ལྕམ་མོ་འདིའི་གདོང་གི་རྣམ་འགྱུར་ལྡབས་འགྱུར་གྱིས་ལྐོག་གྱུར་ཅིག་ཏུ་སྣང་བ་དང་འབྲེལ་ཁ་ནས། ཨོ། སྟག་འབུམ་རྒྱལ་འབྲུ་རིགས་ཁང་དུ་གྲོ་ཕྱེ་ཞིག་ལེན་དུ་བུད་སོང་། ཁྱེད་ལ་འདིར་སྒུག་པའི་དུས་ཚོད་མེད་ན་འབྲུ་རིགས་ཁང་དུ་ཐད་ཀར་སོངས་དང་ཁོ་ལ་ཐུག་གི་རེད། རེད། འབྲུ་རིགས་ཁང་དེ་མི་དམངས་ཁྲོམ་རའི་སྒོ་ཆེན་གྱི་གཡས་ཕྱོགས་སུ་ཡོད་པའི་སྨན་ཁང་དེའི་རྒྱབ་ལོགས་སུ་ཡོད། ་་་ ་་་ དེ་ནས་ང་རང་ལྕམ་སྐུ་ཞབས་དེ་དང་ཁ་གྱེས་ནས་མིང་དུ་གྲགས་པའི་རྩོམ་པ་པོ་དེའི་ཁང་པའི་ནང་གི་གཡེར་བག་ཅན་གྱི་ལྕམ་སྐུ་ཞབས་དེའི་ལུས་ཀྱི་སྒེག་ཆོས་དང་གདོང་གི་མང་དྲགས་པའི་སྐག་ཚོས་དང་གྲང་དྲགས་པའི་རྣམ་འགྱུར་སོགས་ལ་བསམ་བློ་འདྲ་མིན་ཞིག་གཏོང་བཞིན་འབྲུ་རིགས་ཁང་གི་ཕྱོགས་སུ་བསྐྱོད་པ་ཡིན།
འབྲུ་རིགས་ཁང་དུ་བསླེབས་པ་ན། དེ་རུ་རླུང་དམར་འུར་འུར་དུ་ལྡང་བའི་ཁྲོད་དུ་འབྲོག་པ་ཕོ་མོ་རྒན་གཞོན་མང་པོ་ཞིག་གིས་ལོ་གསར་གྱི་ཆེད་དུ་གྲོ་ཕྱེ་ལེན་བཞིན་ཡོད་པ་དང་། མི་མང་ཆེ་བའི་ངོ་གདོང་ལ་གྲོ་ཕྱེ་འགོས་ནས་མི་ཞིག་ལས་སླ་བོའི་སྒོ་ནས་རྩད་གཅོད་ཐུབ་རྒྱུར་དཀའ་ངལ་འདུག ངས་དེར་ཆུ་ཚོད་ཕྱེད་ཀ་ཙམ་ཞིག་ལ་བསྒུགས་པ་ན་ལུས་པོ་ཡོངས་ལ་གྲོ་ཕྱེ་འགོས་པའི་གསར་བུ་ཞིག་གིས་ཚུར་ང་ལ་ལྟ་ཙམ་བྱེད་བཞིན་འདུག་ལ། ངས་སྔོན་ཆད་དུས་དེབ་ཁག་ཅིག་ལས་མཐོང་མྱོང་བའི་འདྲ་པར་དག་གིས་བདེན་དཔང་བྱས་པ་ལྟར་ན་མི་དེ་ནི་རྩོམ་པ་པོ་སྟག་འབུམ་རྒྱལ་ལགས་རེད་འདུག དེར་ང་རང་ཕར་ཁོའི་གམ་དུ་སོང་ནས་ཁྱེད་རང་སྟག་འབུམ་རྒྱལ་ཡིན་ནམ། ཞེས་དྲིས་པ་ན། ཁོང་གིས། ཨ། ཨོ། ང་སྟག་འབུམ་རྒྱལ་ཡིན། ཁྱོད་གང་ནས་ཡོང་བ་ཡིན། ང་མང་རྫོང་ནས་ཡོང་བ་ཡིན། ཁྱེད་ཀྱི་ཁང་བའི་ནང་དུ་སོང་བ་ན་ཁྱེད་མི་འདུག ཨོ། དེས་ན་ཁྱོད་ཀྱིས་ཇ་ཞིག་བཏུངས་པ་ཡིན་ནམ། མ་འཐུངས། ཅིའི་ཕྱིར། དམྱལ་བ་མ་དེས་ཇ་ཞིག་འཐུང་ཡང་མི་ཟེར་རམ། མོས་དེ་འདྲ་མི་ཟེར་ཡང་། སྐབས་དེར་ང་ཡང་ཁྱེད་རང་འཚོལ་རྒྱུར་བྲེལ་བ་ཆེ་བས་མོ་ལ་དེ་ལྟར་འདྲི་བའི་དུས་ཚོད་མ་བྱུང་བ་ཡིན་རྒྱུ་རེད། ཁྱོད་ཀྱིས་ང་རང་འཚོལ་དགོས་དོན་ཅི་ཡིན། དེ་ལ་རྒྱུ་མཚན་མང་ཡང་གལ་ཆེན་ཞིག་ནི། ང་རང་ཁྱེད་ཀྱི་སྒྲུང་རྩོམ་དག་གི་ཀློག་པ་པོ་ཞིག་ཡིན་ཞིང་། ནམ་རྒྱུན་སྦྲང་ཆར་ལ་སོགས་པའི་དུས་དེབ་གསར་བ་ཞིག་ལག་ཏུ་འབྱོར་མ་ཐག་དང་པོར་ཁྱེད་ཀྱི་སྒྲུང་གཏམ་ཞིག་དེ་རུ་ཨེ་ཡོད་ལྟ་གིན་ཡོད་ལ། ད་ལྟ་ངས་ཀྱང་ཚོད་ལྟའི་ཆེད་དུ་སྒྲུང་གཏམ་རེ་གཉིས་འབྲི་གིན་ཡོད་མོད། རང་ཉིད་ལ་རྩོམ་རིག་གི་ཆེད་སྦྱོང་ཅི་ཡང་མེད་པས་ངོ་མ་དཀའ་མོ་ཞིག་རེད། དེ་རིང་ང་ས་འདི་རུ་ཁྱེད་རང་འཚོལ་བར་ཡོང་དོན་ནི་འདིའི་སྐོར་ལ་སྐད་ཆ་ཞིག་འདྲི་རྒྱུའི་ཆེད་དུ་ཡིན། ཨོ་ཨོ། ཁྱེད་ཀྱིས་དེ་རིང་རླུང་དམར་འདི་འདྲའི་ནང་ལ་ས་ཐག་རིང་ནས་ཡོང་སྟེ་དཀའ་ངལ་མྱངས་འདུག ཡ་ཡ། ཐོག་མར་འུ་གཉིས་ངེད་ཚང་ལ་འགྲོ ཁོང་གིས་གྲོ་ཕྱེ་རས་ཁུག་གང་ཕྲག་ཏུ་བཀྱགས་ནས་ངེད་གཉིས་ཁོ་ཚང་ལ་སོང་། ད་གིན་གྱི་ལྕམ་ཆུང་མ་དེས་རང་གི་ཁྱོ་བོའི་མདུན་དུ་ང་ལ་རྣམ་འགྱུར་སྡུག་པོ་ཅི་ཡང་བསྟན་མ་བྱུང་ལ་མོ་རང་གི་ལག་གཉིས་འགུལ་ནས་ངེད་གསུམ་ལ་ཐུག་པ་ཚ་བོ་ཞིག་ཀྱང་བསྐོལ་སོང་བས། ངས་ལོ་ངོ་ཉི་ཤུའི་རྗེས་ཀྱི་ད་ལྟ་ཡང་མོ་ལ་ཐུགས་རྗེ་ཆེ་ཞུ་འོས། གང་ལྟར་དགོང་མོ་དེར་སྟག་འབུམ་རྒྱལ་བཟའ་ཟླ་གཉིས་ཉལ་མ་རན་བར་དུ་ངས་ཁོང་གི་རྩ་ནས་སྒྲུང་རྩོམ་འབྲི་བའི་སྐོར་གྱི་སློབ་ཁྲིད་དམ་མན་ངག་མི་ཉུང་བ་ཞིག་ཞུས་པ་ཡིན་ལ། རང་གིས་བྲིས་པའི་”སྦྲ་ནག་ལས་གྱེས་པའི་རྐང་རྗེས་”ཞེས་པའི་སྒྲུང་ཐུང་དེ་ཡང་ཁོང་ལ་སྤྱན་བསྟར་ཞུས་པ་ཡིན། ཁོང་གིས་ངའི་སྒྲུང་ཐུང་དེར་གདེང་འཇོག་ཡག་པོ་ཞིག་གནང་སོང་ལ་རྗེས་སུ་ང་རང་རྒྱ་གར་དུ་འབྱོར་ནས་ཅུང་མ་འགོར་”གངས་རྒྱན་མེ་ཏོག་”ཅེས་པའི་དེབ་དེབ་ཅིག་གི་སྟེང་དུ་བཀོད་འདུག དགོང་མོ་དེར་སྟག་འབུམ་རྒྱལ་ལགས་ཀྱིས་ང་ལ་བཞག་པའི་བག་ཆགས་ལས། ཁོང་ནི་སྒྲུང་རྩོམ་འབྲི་རྒྱུར་མངའ་བརྙེས་པ་ཞིག་དང་། ངག་སྒོ་དེ་ཙམ་བདེ་བོ་མེད་པ། མི་བབ་ཆགས་དང་གཤིས་རྒྱུད་དྲང་མོ་ཞིག་རེད་ལ། བཤད་བཤད་པའི་མཐའ་མར་ཁོང་གི་ལྕམ་མོ་སྒེག་མོ་དེ་ཡང་ངའི་གཉེན་འབྲེལ་ཞིག་རེད་འདུག ང་རང་འགྲོ་ཁར་ཁོང་གིས་ང་ལ་ཁོང་གི་སྒྲུང་འབྲིང་”མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མ”ཞེས་པ་ཞིག་བསྟན་བྱུང་ལ། རྗེས་སུ་དེ་མཚོ་སྔོན་མང་ཚོགས་སྒྱུ་རྩལ་ཞིག་གི་སྟེང་ནས་མཐོང་སོང་། དགོང་མོར་ཕྱིར་མགྲོན་ཁང་དུ་ལོག་ནས་མར་ཉལ་རྩིས་བྱེད་དུས་མགོ་ནང་དུ་ཟུག་གཟེར་དྲག་པོ་ཞིག་ལངས་ཏེ་བཟོད་ཐབས་མེད་པའི་གནས་སུ་གྱར་བས། མགྲོན་ཁང་གཅིག་ཏུ་ཁེལ་བའི་བླ་རྒན་གྲྭ་ཞྭ་སེར་པོ་བཙོང་མཁན་ཞིག་གིས་མགོ་སྨན་དཀར་ལེབ་གཉིས་བྱིན་པ་ཟོས་ནས་ཅུང་མ་འགོར་བར་ན་ཟུག་དེ་མེ་ནང་དུ་ཆུ་བླུགས་པ་བཞིན་འཇགས་སོང་། ་་་ ་་་
ད་ལྟ་སྟག་འབུམ་རྒྱལ་དང་ངའི་གཉེན་ཚན་ལྕམ་མོ་དེ་གཉིས་མཉམ་དུ་བསྡད་མེད་པ་དང་། ཁོང་ཡང་ལས་གནས་བརྗེས་ནས་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན་རབས་འདུག ཡིན་ན་ཡང་ངའི་གཉེན་ཚན་ལྕམ་སྐུ་ཞབས་དེ་ད་ལྟ་ས་གནས་གང་ཞིག་ཏུ་ཡོད་མེད་ང་ལ་ཆ་རྒྱུས་ཅི་ཡང་མེད། ་་་ ་་་
ཀླུ་བླ་ཡེ་ཤེ་རིན་པོ་ཆེའི་དེ་རིང་གི་རྩོམ་ཡིག་འདི་མཐོང་དུས་ངས་དྲན་སོས་པ་ཞིག་ལ་ ༢༠༠༤ ལོར་ང་
བལ་ཡུལ་དུ་ཡོད་དུས་ཤིག་ལ་ངས་ཀླུ་བླ་ཡེས་ཤེས་རིན་པོ་ཆེས་བརྩམ་པའི་སྙ་རྩོམ་གྱི་དེབ་ཞིག་མཇལ་མྱོང་། ཚིག་ཧ་ཅང་སྙན་པས་ངས་ཁོང་གཅིག་མཇལ་འདོད་ཡོད་ལ་ཁོང་གི་དྲུང་ནས་སྙན་ངག་ཅིག་ཞུ་འདོད་ཡང་བྱུང་།
ལྷག་པར་པད་ནོར་རིན་པོའི་ཆེའི་བསྟོད་པ་ཞིག་འདུག་པ་དེ་ཧ་ལས་པའི་སྙན་པོ་ཞིག་ཡིན་པ་ད་དུང་དྲན་གྱི་
འདུག ཡིན་ན་ཡང་ངས་ཁོང་མཇལ་ཐུབ་ལ་ངོ་ཡང་ཤེས་མ་ཐུབ་ཁོང་ནི་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་ཚར་
འདུག ངའི་མིང་ལ་དེ་རིང་གསེར་ཆོས་ཟེར་བ་རེད་མིང་འདི་སུས་ཀྱང་ཤེས་ཀྱི་མ་རེད།
རེད་ལགས། གུས་པས་བདུད་འཇོམ་ཡོངས་འཛིན་གོ་འཇོ་བ་མཁན་པོ་རིག་འཛིན་པད་མ་མཆོག་གི་དྲུང་ནས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས་བརྒྱུད་པའི་མི་ཕམ་ཆོས་སྐོར་གྱི་ལྗགས་ལུང་ཞུས་པའི་རྗེས་སུ། ཁོང་གི་ཐུགས་བཞེད་བཞིན་གྲུབ་དབང་པད་མ་ནོར་བུ་རིན་པོ་ཆེའི་སྐུ་བསྟོད་ཅིག་བརྩམས་ནས་ཁོང་ལ་ཕུལ་བ་ཡིན། སྐུ་ཉིད་ནས་པའི་སྙན་རྩོམ་དག་ལ་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ་གིན་ཡོད། ལོ་ན་ཆུང་དུས་ཚིག་རྒྱན་གྱིས་སྤྲས་པའི་སྙན་ངག་ཐར་ཐོར་རེ་བྲིས་པ་ཡིན་ལ། ད་ལྟ་རྒན་རྒོན་ཆགས་དུས་འདིར་ཁ་གསལ་བའི་ཚིག་བཅད་རེ་འབྲི་ན་འདོད། དེ་ཡང་རང་སེམས་ལ་ཆགས་པ་སྐྱེ་ན་དེ་ལུགས། ཁོང་ཁྲོ་སྐྱེས་ན་དེ་ལུགས། གཏི་མུག་སྐྱེ་ན་དེ་ལུགས་ཀྱི་ཚིག་བཅད་ཐར་ཐོར་རེ་སྤེལ་བཞིན་ཡོད། རང་རེ་ཚེ་འདིར་མ་མཇལ་རུང་ཕྱི་མ་མཧྰ་རུ་གུའི་ཞབས་དྲུང་དུ་སྐྱེ་བའི་སྨོན་ལམ་འདེབ། རྗེ་བླ་མ་ཙོང་ཁ་པ་དང་གུ་རུ་རིན་པོ་ཆེ་ཐུགས་རྒྱུད་གཅིག་པ་ཡིན་པས་གཅིག་གི་དྲུང་དུ་སྐྱེས་ན་གཅིག་གི་ཞབས་དྲུང་དུ་རང་བཞིན་གྱིས་སྐྱེས་པ་ལོས་ཡིན།
གསེར་ཆོས་ལགས། གུས་པས་བལ་ཡུལ་དུ་བཞུགས་པའི་བདུད་འཇོམ་སྤྲུལ་སྐུའི་ཡོངས་འཛིན་གོ་འཇོ་མཁན་པོ་རིག་འཛིན་པད་མ་མཆོག་གི་སྐུ་མདུན་ནས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས་བརྒྱུད་པའི་མི་ཕམ་ཆོས་སྐོར་གྱི་ལྗགས་ལུང་ཞུས་རྗེས། ཁོང་གི་ཐུགས་བཞེད་བཞིན་གྲུབ་དབང་པད་མ་ནོར་བུ་མཆོག་གི་སྐུ་བསྟོད་ཅིག་བརྩམས་ནས་ཁོང་ལ་ཕུལ་བ་ཡིན། རྗེས་སུ་སྐུ་བསྟོད་དེ་འདི་ག་ཨ་རིར་ཁུར་ཡོང་བ་ཡིན་ལ། ཁ་སྔོན་གྲུབ་དབང་ཚང་ཞིང་ཁམས་གཞན་དུ་གཤེགས་དུས་ཚར་གཅིག་འདོན་བསམས་ནས་བཙལ་ཀྱང་སྐབས་དེར་རྙེད་མ་སོང་། གང་ལྟར་ངས་ལོ་ན་གཞོན་དུས་ཚིག་རྒྱན་གྱིས་སྤྲས་པའི་སྙན་རྩོམ་ཐར་ཐོར་དང་ད་ལྟ་རྒན་རྒོན་ཆགས་དུས་དོན་གནད་རང་གི་སྟེང་ནས་ཚིག་རྐང་རེ་ཟུང་འབྲི་གིན་ཡོད། རང་རེ་ཚེ་འདིར་མ་མཇལ་ན། །ཕྱི་མར་མཧྰ་གུ་རུའི་དྲུང་། །ངོ་ཤེས་བཞིན་དུ་འཕྲད་གྱུར་ནས། །ཟབ་གསང་ཆོས་ལ་སྤྱོད་པར་སྨོན། །
འ་རོགས་ཀླུ་སྨྱོན་ལགས། དེ་ཁྱེད་ཀྱི་གཉེན་ཚན་བུ་མོ་དེ་ཁྱེད་ཀྱི་སྒྲུང་གི་ནང་ལྟར་མཛེས་མ་ཞིག་ཡིན་ན་ང་ལ་མནའ་མ་ལྟེར་རོགས། སྟག་འབུམ་རྒྱལ་ལ་མནའ་མ་ཟོ་མཛའ་ནི་མ་རེད། དྲིན་ཆེན་པོ།
དྲ་ཐོག་འདི་ན་གྲྭ་རྒོད་སྨྱོ་གི་ཁུ། །
དགེ་སློང་ཟིག་གིས་རྒན་མོ་སློང་གོ་ཁུ། །
འདི་མོ་འདི་ཟོ་འདང་རེ་བརྒྱབ་བཏང་ན། །
མར་ལ་ཉལ་རུང་གཉིད་ཀྱི་མི་ཡོང་གི །
གནའ་རབས་སྦོམ་དགའ་མོ་དང་འཆར་ཀ་དང་།།
དེང་སང་ང་འདྲའི་དགེ་སློང་མེད་སོང་ན།།
བཅོམ་ལྡན་འདས་ཀྱིས་འདུལ་བ་སུ་ལ་གསུངས།།
མ་ནིང་སྡོམ་མི་ཆགས་པའང་འདི་ལ་ཐུག།
དེང་སང་ཡོ་རོབ་སོགས་ཀྱི་བུ་མོ་འགའ།།
རྨག་པ་བཙལ་ཕྱིར་གྲྭ་སར་འགྲོ་གི་ཡོད།།
གྲྭ་སའི་གྲྭ་གསར་འགའ་རེ་ཁྲིད་ཀྱི་ཡོད།།
ང་ལ་དེ་འདྲའི་གོ་སྐབས་མ་རེག་ཐ།།
དེ་བས་རང་གི་གྲོགས་པོ་དགའ་བོ་ལ།།
ནང་གཏམ་བཤད་ནས་མནའ་མ་བཙལ་ན་འདོད།།
འོན་ཀྱང་གྲོགས་པ་ཤ་ཀྱོང་རུས་ཀྱོང་འདིས།།
གྲོགས་པོའི་ནང་གཏམ་རྣ་ཡིས་མི་གོ་གི།
ཀླུ་སྨྱོན་ལགས།
ཁྱེད་ཀྱིས་༧སྐྱབས་རྗེ་བཀའ་དྲིན་མཚུངས་མེད་༧གྲུབ་དབང་བླ་མ་དམ་པའི་བསྟོད་ཚིག་སྙན་མོ་ཞིག་བྲིས་ཡོད་ཚུལ་འདུག
ངོ་མ་ལན་གཅིག་མཇལ་སྙིང་འདོད་ཀྱི་ཡ། བླ་མ་གཤེགས་པའི་རྗེས་ཤུལ་གྱི་སྐྱོ་ལྷང་ལྷང་གི་སེམས་པ་འདིས་བླ་མའི་རྣམ་ཐར་དང་བསྟོད་པ་འདྲ་ཀློག་ན། སྣང་བ་ཅུང་བདེ་བོ་འདྲ་རེད།
ཁྱེད་ཀྱིས་མི་འགྱང་མེད་ཁ་བརྡའི་དྲྭ་ཐོག་ཏུ་གཅིག་བཀོད་རོགས་ཞཱུ།།
ཕ་གཞིས་དཀར་པོ་དགྲ་བོའི་ལག་ཏུ་ཤོར།།
བྱམས་ལྡན་ཕ་མ་རྒྱང་རིང་ཡུལ་དུ་གྱེས།།
དྲིན་ཆེན་བླ་མ་དག་པའི་ཞིང་ལ་ཕེབས།།
མི་ཚེ་མིག་ཆུས་བང་བའི་འཆམ་ར་བས།།
གྲོགས་པོ་ལགས། ངས་དེ་འཚོལ་བཞིན་པའི་སྒང་ཡིན་ཡང་དེབ་གསར་རྙིང་བརྩིགས་པའི་གསེང་ཞིག་ལ་ཤོར་ནས་རེ་ཞིག་རྙེད་ཁག་པོ་འདུག ཡིན་ན་ཡང་ཉི་མ་གཅིག་ལ་སྤྱན་བསྟར་ཞུ་ཐུབ་བསམ།
དམ་ཚིག་གཅིག་པའི་གྲོགས་པོ་ཁྱེད། །ཕ་ཅིག་པདྨ་རྒྱལ་པོའི་དྲུང་། །མཇལ་ཞིང་ངོ་ཤེས་ཆོས་ལ་སྤྱོད། །
འགྲོ་བ་འདྲེན་པའི་མཐུ་ཐོབ་ཤོག །
དྲྭ་གྲོགས་ཀླུ་བླ་ཚང་གི་ལྗགས་རྩོམ་སྐྱབས་རྗེ་པད་ནོར་པོ་ཆེའི་བསྟོད་པ་དེ་ཤམ་བྷ་ལའི་དུད་སྤྲིན་ཡིན་ནམ་
ཀླུ་བླ་ཁོང་གི་རྩོམ་དེབ་ཞིག་ཏུ་འདུག་པས་དཔེ་དེབ་དེ་རྒྱ་གར་མང་པོ་ཡོད་ཀྱི་རེད།
སྐུ་བསྟོད་དེ་ངའི་དེབ་གཞན་པའི་སྟེང་དུ་མེད། ཆོས་དཔེའི་གཟུགས་སུ་པར་སྐྲུན་བྱས་པ་ཡིན་ཡང་ད་ལྟ་བཙལ་ནས་མི་རྙེད་ཀི ཁ་སང་ཡང་བཙལ་བ་ཡིན།
ཀླུ་སྨྱོན་ཞེས་པ་ལགས། རྩོམ་པ་པོ་ཚེ་རིང་དོན་གྲུབ་རྩེ་ཁོག་ནས་མ་རེད། ཁོ་རྨ་ལྷོ་སོག་རྫོང་ཞེས་པ་དེ་ནས་རེད།
མདའ་ཚན་པ་ལགས། ཐུགས་རྗེ་ཆེ། ས་མིང་ནོར་འདུག ཉིད་ས་གནས་དེ་རང་གི་མི་ཡིན་པས་ས་རྒྱུས་མི་རྒྱུས་ཡོད་པ་རེད། མི་ཚོས་ནམ་རྒྱུན་ཚེ་རིང་དོན་གྲུབ་ཀྱིས་རྩེ་ཁོག་རྫོང་དུ་བྱ་བ་སྒྲུབ་ཀྱིན་ཡོད་ལུགས་ཤིག་རྗོད་བཞིན་པའི་སྟབས་ཀྱིས་འདིར་དེ་ལྟར་བྲིས་ནོར་ཤོར་བ་རེད།
གཅིག་བྱས་ན་འདི་ཁྱུང་ཐར་རྒྱལ་དང་ནོར་བ་ཡིན་སྲིད།
ཁྱེད་ཚོས་ངའི་ཆང་རོགས་ཚེ་པ་རག་ཤིང་ཟེར་གི་ཡོད་པ་འདྲ། ཁོས་རྩེ་ཁོག་རྫོང་དུ་བྱ་བ་བྱས་མྱོང་ཡོད་པ་མ་རེད།
གཞོན་ནུ་་་་་་་་་་་་་་
ཀླུ་སྨྱོནགྱིས་”ངས་ལོ་ངོ་ཉི་ཤུའི་རྗེས་ཀྱི་ད་ལྟ་ཡང་མོ་ལ་ཐུགས་རྗེ་ཆེ་ཞུ་འོས།” ཞེས་པའི་ཚིག་དུམ་འདི་ཡག་པོ་ཞིག་ཀློག་དང་གཉེན་ཚན་ལྕམ་སྐུ་ཞབས་དེ་སྒྲུང་གི་ནང་དུ་བཤད་པ་ལྟར་མཛེས་པོ་ཡོད་སྲིད་་་་་་་་་
འོན་ཀྱང་གཞོན་ནུ་ལགས་དེ་ལོ་ཉི་ཤུའི་ཡར་སྔོན་ལ་རེད་ད་་་་་ མ་གཞི་ནས་ཀླུ་རིན་པོ་ཆེས་གཞོན་ནུས་རེ་བ་སྟོན་པའི་རྗེས་སུ་བྲིས་བའི་ཤོ་ལོ་ཀའི་ནང་དུ་ “དགེ་སློང་ཟིག་གིས་རྒན་མོ་སློང་གོ་ཁུ། །” ཟེར་བ་ལ་སོམས་དང་་་་་
འོ་རེད་ང་ལ་ཐབས་ཤེས་ཡག་པོ་ཞིག་ཡོད་ངའི་ཨ་མ་དེ་ད་ཆ་ཕ་རྒན་དེ་གྲོངས་ནས་མེད་པས་གལ་ཏེ་ཁྱོད་རང་ངའི་ཕ་ཚབ་བྱེད་འདོད་ན་ཨ་མ་དེ་མནའ་མ་ལ་སྤྲད་ཆོག་ཆོག་ཡིན་ད་
ལོ་ཤས་ཀྱི་གོང་ལ་ཚེ་རིང་དོན་གྲུབ་ལགས་མཇལ་པའི་གོ་སྐབས་ཤིག་བྱུང་མོད། ཆང་གི་དབང་དུ་སོང་ནས་ཁ་བརྡ་ཙམ་ཡང་བྱེད་མ་ཐུབ་པ་ལ་ད་དུང་ཡང་ཕངས། དྲ་ཐོག་འདིར་མགོན་པོ་ཕྱག་གཉིས་ཀྱི་ཆང་རོགས་དེ་ཚོ་འཛོམས་ནས་ཁ་བརྡ་བྱེད་པའི་ཉི་མ་དེ་འདྲ་ཞིག་ཤར་རྒྱུ་ཡོད་ཆོག་ཨང་།
འ་རིན་ཆེན་དྲིན་ཆེན་པོ། ང་ཚོ་བོད་ལ་ཕ་མས་བུ་ཕྲུག་གི་གཉེན་དོན་ཐག་གཅོད་བྱེད་པ་མ་གཏོགས་བུ་ཕྲུག་གིས་ཕ་མའི་གཉེན་དོན་ཐག་གཅོད་བྱེད་པའི་ལུགས་སྲོལ་ཅིག་ག་ལ་ཡོད། ད་དུང་ངས་ཀླུ་སྨྱོན་ལ་བཤད་ཡོད། དེ་འདྲའི་སྙིང་རྗེ་མོ་ཅིག་ཡོད་ན། ཟེར་ཡོད་ནི་རེད། བློ་ལྡན་ཤེས་རབ་ནས་ག་དུས་ཡིན་ན་ཡང་ང་ཚོ་ལ་འདི་འདྲ་ཅིག་བཤད་ཀྱི་རེད། ཁྱོད་ཚོས་ཟམ་གདོང་རིན་པོ་ཆེའི་གཏམ་བཤད་གནང་དུས་༼ན༽འདི་ལ་དོ་སྣང་བྱེད་དགོས་ཟེར་བ་རེད། ད་དུང་ཁོས་བཤད་རྒྱུར། ངས་སུམ་རྟགས་ཟེར་བ་རྩ་ནས་སྦྱང་མ་མྱོང་ན་ཡང་། ༼ན༽བོད་སྐད་ནང་ནས་ཤིན་ཏུ་གལ་ཆེན་ཅིག་རེད་ཟེར། ཁྱོད་གྱི་བསམ་ཚུལ་འདི་དག་མཐོང་ན་ངས་བློ་ལྡན་ཤེས་རབ་ཤིན་ཏུ་དྲན། ད་རུང་དེའི་མི་ཚད། ཨ་ཁུ་བྱ་ཤ་ཡང་ཤིན་ཏུ་དྲན། ད་ཁྱོད་ཚོས་ཡི་གེ་འདི་འདྲ་རྐྱང་བྲིས་ན། ངས་བྱ་ཤ་དང་བློ་ལྡན་ཤེས་རབ་གཉིས་ཀྱི་ལྟ་བ་བཀོད་ནས་དྲ་ཁང་འདི་ནང་གི་དྲ་གྲོགས་ཚང་མ་ལ་ཁ་གཏད་གཅོག་རྒྱུ་ཡིན།
ཨ་ཁུ་བྱ་ཤ་དང་བློ་ལྡན་ཤེས་རབ་གཉིས་ནི། གདན་ས་ཆེན་པོ་དེ་ན། དཔེ་ཆ་རྩ་ནས་བལྟས་མ་མྱོང་ལ་སུམ་རྟགས་སོགས་ཀྱང་རྩ་ནས་སྦྱང་མ་མྱོང་། འོན་ཀྱང་འདི་གཉིས་ལ་རྩོད་པ་བརྒྱབ་ན་ཐུབ་མཁན་ཅིག་རྩ་ནས་མེད། འདི་གཉིས་ལ་ངས་བསམ་བློ་བཏང་ན་ལྷན་སྐྱེས་ཟེར་བའི་ཤེས་རབ་དེ་ཡིན་རྒྱུ་རེད་བསམ། འདི་གཉིས་ཀྱི་གདན་སའི་ལས་ཀའི་ཞབས་ཞུ་རྐྱང་སྒྲུབ་ནས་བསྡད་པ་རེད་མི་ཚེ་ལ།
དགེ་ཆོས་ཀྱིས་་་་་་་་་་་་་་་་
ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ། །ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི། །རང་སྡེ་མཁས་པའི་དགྲ་ལྷའི་དཔུང་བསྟོད་འདིས། །གཞན་སྡེའི་དཔའ་བོ་ད་དུང་བསད་པ་མིན། །
དྲྭ་གྲོགས་ཀླུ་སྨྱོན་དང་གཞོན་ནུ་རྣམ་གཉིས་ལ་ཆེད་གསོལ་་་་་་་་་་་་་་་་
ཚིག་འདི་ཚོ་གོ་དཀའ་སེ་འདུག་པས་འགྲེལ་བཤད་ཅིག་གསུང་ད་
ཕར་ཕྱོགས་དེས་བཤད་པའི་སྐད་ཆའི་ནང་གི་བརྒྱ་ཆ་གོ་ལྔ་འགྲིགས་ན་ཡང་བརྒྱ་ཆའི་ལྔ་ཙམ་མི་འགྲིགས་པ་དེ་རང་དམིགས་སུ་བཟུང་སྟེ་དགག་སྒྲུབ་བྱེད་པའི་མཁས་རློམ་ཅན་དག་ལ་ཟེར་བ་ལོས་ཡིན།
ཨ་རོགས་ལྕགས་རྒྱ། ཁྱོད་ཡུན་རིང་པོ་ཞིག་ལ་མཐོང་རྒྱུ་མེད་པ་གང་ཟིག་ག་སོང་ནི། ད་བར་ང་ཚོའི་དྲ་གྲོགས་རྙིང་པ་སྟག་སྨྱོན་དང་སྤོབས་པ་མཐའ་ཡས་སོགས་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་གི དྲ་འདྲེ་ཚོས་དཔུང་རུབ་བྱས་ནས་ཁོ་གཉིས་བདའ་དང་ཟིག
ད་ང་ར་མང་པོ་ཡོང་གི་མེད། སྨྱོན་པའི་མིང་ཅན་དེ་ཚོས་ཀ་བཤད་འདྲ་འབྲི་ཁ་བྱས། སེར་མོ་བ་ཡིན་ན་སེར་ལོག་ཡིན་ན་མི་གསར་བ་མང་པོ་ཞིག་ཡོང་ནས་སྟོང་ཉིད་ཀྱི་སྐོར་དང་སྟོན་པ་ཡུམ་གྱི་གློ་གཡས་ནས་འཁྲུངས་མ་འཁྲུངས་དེ་འདྲ་རྐྱང་ཤོད་སྡོད་ཀྱི་འདུག
རང་རང་སོ་སོའི་བསམ་ཚུལ་དང་མི་མཐུན་པ་ཞིག་བྱུང་ན་ཁོང་ཁྲོ་ཟ། གཤེ་གཤེ་འདྲ་བཏང་དེ་འདྲ་བྱས་བསྡད་འདུག་ག
ཏུན་ཧོང་ཡིག་ཆ་ཟེར་བའི་རྩོམ་དེའི་ནང་ལའང་རིན་ཆེན་ཟེར་བའི་ཁོག་རྒྱ་དོག་མོ་ཁབ་མིག་ལྟ་བུ་ཞིག་ཡོང་ནས་ཚངས་དབྱངས་ཟེར་མཁན་རང་གི་བསམ་ཚུལ་འཚེར་སྣང་མེད་པར་དྲང་པོར་ཤོད་མཁན་ཞིག་ལ་སྐྱག་དབྱངས་ཟེར་ན་ཅིག་ལབ་ནས་བཀའ་བཀྱོན་ཞེ་དྲག་གཏོང་གི་འདུག འདིའི་ནང་ལ་འཛུལ་བ་ལས་ཕྱི་ནས་བལྟས་བསྡད་ན་ལྟད་མོ་ཞེ་དྲག་འདུག སྐད་ཆ་ཁྱད་མཚར་པོ་དགོད་ཤོར་བ་དེ་འདྲ་མང་པོ་འདུག
ཡེ་ཤེས་་་་་་་་་
སྤྱི་ཆ་ནས་དོན་དེ་མོ་ཟིག་ཡིན་ནོ་རེད་དེ་་་་་་་་ དགེ་ཆོས་ཀྱིས་འདིར་གཟུགས་རྒྱན་ལྟ་བུ་ཞིག་འདུག་པ་འདི་གོ་དཀའ་མོ་འདི་མོ་ཟིག་རེད་ཨ་་་་་་ འདི་ལ་བཤད་པ་ཟིག་ཡོད་ན་རྒྱོབ་དང་་་་་་་་
མགོན་པོ་ཕྱག་གཉིས་་་་་
སྐྱག་དབྱངས་ཀྱིས་ནང་པ་སངས་རྒྱས་སྤྱི་ལ་བཟོད་དཀའ་བའི་འཕྱ་སྨོད་ཅིག་བྱས་འདུག་པས་ཁོས་མི་འདི་མོ་མང་པོ་ཟིག་གི་སེམས་ཁམས་དཀྲུགས་པ་ལ་ཐེ་ཚོམ་ཙམ་ཡང་མ་བྱེད་པར་བསམ་རྐྱང་དང་བྱེད་རྐྱང་བྱེད་པ་ཀུན་གྱི་ཤེས་གསལ་རེད་ཨ་་་་་་་
ངས་ཀྱང་ཁོ་ལ་འཕྱ་སྨོད་ཡག་ཐག་ཆོད་ཅིག་བྱས་ཡོད་པ་དེ་ལས་འབྲས་ཟེར་བ་དེ་ཡིན་ནོ་རེད་ཨ། ཁྱད་པར་ཞིག་ཡོད་པ་ནི་ཁོས་མི་འདི་འདྲ་མང་པོ་ཞིག་ལ་འཕྱ་ཕོད་པ་ཞིག་ཡིན་མོད་ང་ཁོ་ཙམ་ལ་འཕྱ་པ་ཞིག་ཡོད་པ་འདི་ཞིབ་ཚགས་ཀྱིས་ལྟོས་དང་ཁྱད་པར་དེ་རེད་་་་་་་་་་