རྫ་ཚེ་རིང་བཀྲ་ཤིས།
༼དེ་རིང་ནི་གངས་ལྗོངས་ཡང་དར་གྱི་བསྟན་པའི་རྩ་ལག ངེས་པ་དོན་གྱི་རླབས་ཆེན་གྱི་སྐྱེས་བུ་ཆེན་པོ་རྫ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་པོ་བཅུ་གཅིག་འཁོར་བའི་དུས་དྲན་སྟེ། དུས་ཆེན་འདིར་བོད་གཞི་ཕྱེས་དང་རྒྱལ་ཕྱི་ནང་གི་སློབ་འབངས་ཡོངས་ཀྱིས་སྒོ་སྣ་ཚོགས་ནས་བླ་མའི་རྗེས་དྲན་ཞུ་བཞིན་ཡོད༽
ཕྱི་རོལ་མ་ཡིན་ནང་ཡང་མ་ཡིན་པའི། །
གསང་བའི་གནས་དང་གཞན་གྱི་གནས་གང་ཞིག །
ཕྲ་བའི་ཡིད་ཀྱིས་ཅུང་ཟད་ཚོར་གྱུར་པའི། །
མྱོང་བ་ཉིད་ཀྱི་ལྷ་ལ་ཕྱག་འཚལ་ལོ། །
ལྷན་ཅིག་སྐྱེས་པ་ཉིད་ཅེས་དང་པོར་གསུངས། །
རྟག་ཏུ་བརྩོན་པས་འཚོལ་བར་སླར་ཡང་གདམས། །
ཚིག་དང་ཚིག་གི་བར་ཐག་ཕྲ་མོ་ལས། །
དོན་ནི་དོན་གྱི་རྗེས་སུ་འབྲངས་ཏེ་ཤེས། །
བདག་ནི་དོན་གྱི་དེ་ཉིད་འཚོལ་བ་སྟེ། །
ཚེ་འདིར་དངོས་སུ་བསྙེན་པའི་ལམ་མཁན་ཞིག །
ཡང་དར་རིས་མེད་བསྟན་པའི་མཆོད་སྡོང་སྟེ། །
མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་དཔལ། །
དུལ་བ་འབའ་ཞིག་པ་ཡི་སྤྱོད་པའི་མཐའ། །
བརྩེ་བ་འབའ་ཞིག་པ་ཡི་གསུང་གི་མཆིད། །
ཞི་བ་འབའ་ཞིག་པ་ཡི་བདེན་པའི་ཐུགས། །
དྲང་སྲོང་འབའ་ཞིག་པ་ཡི་མགོན་དེ་དྲན། །
བདག་ཉིད་དུལ་བས་གཞན་ཡང་དུལ་མཛད་དེ། །
རང་རྒྱལ་བཞིན་དུ་ལུས་ཀྱིས་ཆོས་སྟོན་པ། །
ས་འདིར་ཁོ་བོའི་བླ་མ་ཙམ་ཞིག་ལས། །
རེ་ཞིག་མང་པོ་མེད་ཅེས་བདག་གིས་སྨྲ། །
དྲན་པའི་ངོགས་ན་ཟླ་བ་བཞིན་དུ་བཀྲ །
དད་པའི་གཙུག་ཏུ་ཐོར་ཅོག་བཞིན་དུ་ལྡེམ། །
སྨྲ་བའི་སྒོ་ན་མ་ཎི་བཞིན་དུ་ཟློ། །
ངས་ནི་རྟག་ཏུ་རྩ་བའི་བླ་མ་དྲན། །
དེ་རིང་ཉེར་ལྔ་མཁའ་འགྲོ་འདུ་བའི་ཉིན། །
རྗེ་ཁྱོད་ཞི་བའི་དབྱིངས་སུ་གཟིམས་པའི་ཉིན། །
མཆེད་ལྕམ་གདུང་བའི་མཆི་མ་བཀུ་བའི་ཉིན། །
བུ་ངས་དྲན་པའི་སྙན་ངག་འབྲི་བའི་ཉིན། །
བླ་མ་མ་བཞུགས་དག་པའི་ཞིང་དུ་བཞུད། །
བུ་ང་མ་བསླེབས་འཁོར་བའི་གྲོང་དུ་འཁྱམས། །
གནས་དང་ཡུལ་གྱིས་བསྐལ་བས་ཐ་དད་ཀྱང་། །
སེམས་ནི་ཁྱེད་ཀྱི་རྗེས་སུ་ཕྱོགས་ཏེ་མཆི། །
སྔོན་ཞིག་འོག་མིན་དཔལ་གྱི་བསམ་ཡས་སུ། །
ཐ་མའི་བཀའ་སློབ་རྣ་བར་ཕེབས་པའི་དུས། །
མཇམ་པའི་ཕྱག་ཟུང་མགོ་ལ་འཇོག་པའི་དུས། །
མ་འདུག་བཤད་གྲྭར་ལོག་ཅེས་ཕེབས་པའི་དུས། །
མཚར་སྡུག་ཡུད་ཙམ་སྣང་བའི་གཞའ་ཚོན་བཞིན། །
མཛེས་ཀྱང་ཕྱིར་འོང་མེད་པའི་བྱུང་བ་དག །
འཁྲེང་ཡང་ཁ་གསབ་མེད་པའི་སྐྱོ་ཤས་དག །
དེ་རིང་དྲན་པའི་ངོགས་སུ་རོབ་ཙམ་བླངས། །
གཞན་དུ་རྡོ་རྗེའི་མཆེད་དང་ཐབས་གཅིག་ཏུ། །
སྐོམ་པའི་མིག་གིས་བླ་མའི་ཞལ་འཚོས་ཏེ། །
ལེགས་བཤད་བདུད་རྩི་འཐུང་བའི་སྐལ་བཟང་གི །
བླ་ན་མེད་པའི་དཔལ་ཡང་དྲན་ཙམ་བྱེད། །
འོན་ཀྱང་འདི་ནི་སེམས་ཀྱི་འགྱུ་འཕྲོ་སྟེ། །
འགྱུ་བའི་རླབས་འདི་ཇི་ལྟར་སྤྲོས་བཞིན་འཕེལ། །
ད་ནི་དོན་གྱི་བླ་མ་དྲན་པའི་བློས། །
གཉུག་མའི་ངང་ལ་ཡུད་ཙམ་ཀློད་པར་བྱེད། །
བཙལ་བས་མ་རྙེད་བདས་པས་མ་ཟིན་པའི། །
འགྱུ་བ་ངོས་བཟུང་མེད་པའི་སྣང་བ་འདི། །
ཡིན་ནི་ཆོས་སྐུའི་སྣང་བ་ཟང་མ་སྟེ། །
འདི་ཡི་མིང་ལ་དོན་གྱི་བླ་མར་བརྗོད། །
ཚེ་འདིར་ཀློང་ཆེན་དགོངས་པའི་རྗེས་ཟིན་ཏེ། །
གདམས་པའི་གནས་ཀྱང་ཅུང་ཟད་མཆིས་ལགས་ན། །
ཚིག་གི་ཆོ་ག་ཙམ་གྱི་འདུ་བྱེད་ཀྱང་། །
དོན་དང་ཉེ་བའི་ཉིད་ཀྱི་རྟེན་འབྲེལ་བྱེད། །
མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །
སྐྱེ་དང་སྐྱེ་བ་ཚེ་ཡི་རབས་གང་དུ། །
མགོན་པོ་ཡེ་ཤེས་ཉི་མའི་སྣང་བ་དང་། །
དུས་རྣམས་ཀུན་ཏུ་འབྲལ་བར་མ་གྱུར་ཅིག །
དེ་བཞིན་རྡོ་རྗེའི་མཆེད་དང་ལྕམ་དག་ཀྱང་། །
བླ་མས་བསྟན་པའི་གནས་དང་མི་འབྲལ་བས། །
རང་རྒྱུད་དུལ་ཞིང་གཞན་རྒྱུད་འདུལ་བ་ཡི། །
བསྟན་འགྲོའི་དཔལ་མགོན་མཚུངས་པ་མེད་གྱུར་ཅིག །
ཞེས་པ་འདི་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་བླ་མ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་མཆོག་དགོངས་པ་ཞི་བར་གཤེགས་ནས་ལོ་ངོ་ཧྲིལ་པོ་བཅུ་གཅིག་འཁོར་བའི་རྗེས་དྲན་དུ་རྫ་ཚེ་རིང་བཀྲ་ཤིས་ཀྱིས། སྦྲུལ་ལོ་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་ལྔའི་ཞོགས་པ་བྲེལ་སྟབས་སུ་བྲིས། །
རྫ་ཚེ་བཀྲ་པའི་༼ ཕྱི་རོལ་མ་ཡིན་ནང་ཡང་མ་ཡིན་པའི། །
གསང་བའི་གནས་དང་གཞན་གྱི་གནས་གང་ཞིག །
ཕྲ་བའི་ཡིད་ཀྱིས་ཅུང་ཟད་ཚོར་གྱུར་པའི། །
མྱོང་བ་ཉིད་ཀྱི་ལྷ་ལ་ཕྱག་འཚལ་ལོ། །༽ སྙན་ཚིག་འདི་འདྲ་ཞིག་བྲིས་འདུག ཕྲ་བའི་ཡིད་ཀྱིས་ཀྱང་ཅུང་ཟད་ཙམ་ལས་མི་ཚོར་ན་ད་ལྟའི་རགས་ཚོར་གྱིས་དེ་བས་ཚོར་མི་སྲིད་པས་མ་ཚོར་མི་ཤེས་པའི་མུན་ནག་ནང་གི་ལྷ་བླ་ཞིག་ལ་ཕྱག་འཚལ་བ་འདྲ། ཧཧཧཧཧ། གཞན་དང་མ་འདྲ་བ་གཅིག་བྲིས་དགོས་བསམ་ནི་བསམ། ཡོང་ནི་མ་ཡོང་པ་འདྲའོ། །
རྫ་བཀྲིས་ཚེ་རིང་ལགས།
མཁན་པོ་ཁོང་གི་ལོ་རྒྱུས་ཐུང་ངུ་ཞིག་མཁོ་སྤྲོད་གནང་ན་ཨེ་ཡོང་།
རྫ་བཀྲིས་ཚེང་རིང་ལགས།
ཨེ་མ་ཧོས་བྲིས་པའི་རྟོག་བརྗོད་དེ་མཐོང་སོང་བས་ལོ་རྒྱུས་དགོས་མིན་འདུག་ ཐུགས་རྗེ་ཆེ།
མཁས་དབང་ཁོང་ལ་མངོན་པར་བསྟོད་དོ། །ཡིན་ན་ཡང་ཁོང་གི་ཚ་བོ་དེ་ཡིད་ལ་འཐད་པོ་ཞིག་མི་འདུག འཕྲིན་ཕྲན་སོགས་སུ་རང་ཉིད་རང་གིས་བསྟོད་དེ་རྒྱུགས་བཞིན་པའི་རྣམ་པ་མཐོང་སོང་།
སྐྱབས་སུ་མཆི། སྙན་ངག་དང་བླ་མའི་ཡོན་ཏན་སློབ་མའི་དད་པ་ལ་ཡི་རང་ཞུ། ཁོང་ལ་འཇམ་དཔལ་མཚན་བརྗོད་ཀྱི་ཁྲིད་ལུང་རྒྱུད་རིམ་དེ་ཇི་འདྲ་བྱུང་བ་ཡིན་ནམ། རྩོམ་པ་པོས་གསུང་རོགས་ཞུ།
ངས་ཀྱང་མཁན་ཆེན་ཁོང་གི་དྲུང་ནས་འཇམ་དཔལ་མཚན་བརྗོད་ཀྱི་ལུང་ཁྲིད་ཞུ་མྱོང་ཡོད། ཡིན་ནའང་ཁྲིད་ལུང་གི་བརྒྱུད་པ་ཇི་ལྟར་ཡིན་ཤེས་མ་བྱུང༌།