རེབ་ཐོག་མདའ།
ལས་དང་རྒྱུ་འབྲས་དེ་ཅུང་ཙམ་བསྣོག་ན།།
སྒེར་དོན་ཁོ་ན་ལ་སེམས་ཤིག་འཁོར་ན།།
རྒྱུ་དང་འབྱོར་བ་ཡི་བམ་ཁ་མཐུག་པོ།།
བདག་གི་མདུན་ཅོག་ལ་སྟུག་སེར་ལྷུང་གི།
ཕྱི་མའི་ཕ་རོལ་དེ་ཅུང་ཙམ་གཡུག་ནས།།
རྒྱ་བོད་དབྱིན་གསུམ་གྱི་དབྱེ་བ་མེད་པར།།
རྫུན་དང་ཕྲ་མ་ཡི་ཁ་ལྕེ་བརྡར་ན།།
ན་ཆུང་བུ་མོ་དག་རུམ་ལ་འཁོར་གི།
སྐྱབས་གནས་དཀོན་མཆོག་ལ་གསལ་ཁ་མེད་ཀྱང་།།
ཆ་ཡོད་ཆ་མེད་ཀྱི་ཕྱི་ཡི་མྱི་ལ།།
མི་ཤེས་ཤེས་མདོག་གིས་ཆོས་ཤིག་བཤད་ན།།
མགོ་ནག་མགོ་སེར་ཚོས་སྐྱབས་སུ་བཀུར་གི།།
གྲྭ་ཆས་དམར་པོ་དེས་ལུས་པོ་བཏུམས་ནས།།
བསྟན་པའི་འདུལ་ཁྲིམས་ལ་རྒྱབ་འགལ་བྱུང་ཡང་།།
རྣམ་དག་དགེ་སློང་གི་ཚུགས་ཀ་བསྟན་ན།།
སེམས་ཀྱི་དམིགས་ཡུལ་དེ་ཞོར་ལ་འགྲུབ་གི།
སྟོད་ལྭ་གསར་པ་ཞིག་གསར་དུ་གྱོན་ཏེ།།
ལག་འཁྱེར་གློག་ཀླད་ཞིག་ཕྲག་དུ་འཁུར་བཞིན།།
མྱི་ཚོགས་འདུ་ས་ཡི་གྲལ་མགོ་སྙེགས་ན།།
མཁས་པའི་མིང་བྱང་ཞིག་ཞོར་ལ་སླེབས་ཀི།
སྦྱིན་བདག་ལས་ངན་ཚོས་གཞུག་ལ་ཁྲིད་ནས།།
གོང་ཆེན་རླངས་འཁོར་དེའི་མདུན་ནས་འགྱིང་ན།།
ལུག་ཤ་ཉ་ཤ་ཡི་སྡེར་ཁ་མང་པོས།།
ཐུན་གསུམ་བཟའ་བཏུང་ལ་འདང་རྒྱག་མེད་ཀི།
མཐོ་རིམ་མི་སྣ་ཡི་མིང་གི་ཕག་ནས།།
སྒེར་དོན་སྤྱི་དོན་གཉིས་མཉམ་ཏུ་བསྲེས་བཞིན།།
ཤ་ཁྲག་ཉེ་རིང་ཀུན་ནུབ་ལ་འདྲེན་པའི།།
ཁ་སང་དེ་རིང་གི་སྐུ་ངོ་སྐྱིད་ཀི།
གསུང་གི་བདུད་རྩི་དེ་རྣ་བར་བླུགས་ཀྱང་།།
སེམས་ཀྱི་འགྱུར་བ་དེ་ཕར་རིའི་སྤང་རྒྱན།།
ཚེ་གཅིག་བློས་བཏང་གི་ཉམས་ལེན་ཟབ་ཀྱང་།།
འཁོར་བའི་གྲུ་ཁ་ལ་སེམས་འདི་ཐོག་གི།
བླ་མའི་སྐུ་མདུན་ནས་མིག་ཆུ་ཤུར་ཤུར།།
ཁྲོམ་དང་ཚོང་ར་ནས་མགོ་སྐོར་ལྷུག་ལྷུག།།
ཁ་འདོན་མ་ཎི་དེ་ཁ་ནས་ཟ་བཞིན།།
ཕྱི་མས་སྡུག་བསྔལ་དེ་བརྗེད་དེ་ཡོད་ཀི།
སྐྲ་ལོ་ནག་པོ་དེའི་ཁ་དོག་བསྒྱུར་ནས།།
རང་ལུས་འདོམ་གང་དེ་ཕྱིེར་ལ་བཏོན་བཞིན།།
ཆང་དང་ཐ་མག་གི་བཟི་ཁའི་ཀློང་ན།།
ཁ་བ་བོད་པ་ཡི་ན་གཞོན་སྐྱིད་ཀི།
སློབ་ཆེན་སྒོར་ར་ནས་ལོ་གསུམ་འདས་ཐལ།།
ཀ་ཁ་སུམ་ཅུ་ཡི་འབྲི་ཀློག་དབེན་ཀྱང་།།
ངོ་སོ་མཐུག་པོ་དེའི་རྟགས་སྒོའི་བར་ནས།།
གཞུང་གི་ལས་བྱེད་ཀྱི་མིང་དེ་ཡག་གི།
འཆར་གཞི་ཟུར་གསུམ་ཞིག་ན་ནིང་འཆད་ཐལ།།
ལས་ཀ་ཐ་ཐོར་ཅིག་ད་ལོར་ལས་བཞིན།།
ཕྱི་ཡི་ཉམས་འགྱུར་དེ་ཅུང་ཙམ་དོད་ཀྱང་།།
དོན་གྱི་འབབ་ས་དེ་ནུབ་ཕྱོགས་རེད་འདུག།