– གྲོགས་འཇམ་བློའི་[བོད་ཀྱི་ཇ་ཟས་ཟ་ཁང་།]གི་དབུ་འབྱེད་མཛད་སྒོར་སྤྲིངས་པ།
རིང་རྒྱུ་མེད་ལ་ཐུང་རྒྱུ་མེད་པའི་རྡ་སའི་གྲོང་གི་ལམ་འགྲམ་ན།།
ཆེ་རྒྱུ་མེད་ལ་ཆུང་རྒྱུ་མེད་པའི་ཨ་མདོའི་ཐུག་ཟས་[ལཱ་མེན]ཟ་ཁང་ཞེས།།
སྙན་པའི་གྲགས་པ་ཅུང་ཙམ་རྒྱས་པར་ཟ་མ་ཟ་རུ་སོང་བ་ཡིས།།
ཁ་ལྕེ་བདེ་ཞིང་གཞུང་རྒྱུད་དྲང་པའི་གྲོགས་པོ་ཁྱོད་ལ་ཐོག་མར་འཕྲད།།
ལམ་ཟུར་དེ་ཡི་ཟ་ཁང་ཆུང་ཡང་ཁ་ཟས་ཞིམ་པའི་བྲོ་བ་གཅིག།།
གྲོགས་པོ་ཁྱོད་ལ་རྒྱུས་མངའ་བྲལ་ཡང་གཤིས་ཀ་མཐུན་པའི་ངང་ཚུལ་གཉིས།།
ལོ་ཆུང་གཞོན་ནུ་ཁྱུ་གཅིག་འདུས་པས་སྤྲོ་སྣང་དོད་པའི་རྒྱུ་མཚན་གསུམ།།
འུ་ཅག་ཚེ་འདིར་གྲོགས་པོར་གྱུར་བའི་རྟེན་འབྲེལ་ཀུན་གྱི་རྩ་བ་ཡིན།།
གཞས་དང་བྲོ་ལ་ཤིན་ཏུ་དགའ་བ་ཁྱོད་དང་ང་ཡི་གཤིས་སུ་གྲུབ།།
ཆང་དང་བུ་མོར་ཧ་ཅང་དུངས་བ་ང་དང་ཁྱོད་ཀྱི་རྒྱུད་དུ་འདྲེས།།
རྩོམ་དང་སྙན་ངག་འབྲི་ཀློག་གོམས་པ་ཁྱོད་དང་ང་ཡི་ཁྲག་རྩར་བརྒྱུད།།
ཐུན་མོང་དགའ་བའི་ཁྱད་ཆོས་འདི་ཡིས་མཛའ་བརྩེའི་མདུད་པ་དམ་དུ་སྦྲེལ།།
ཁྱོད་རང་སྔོན་ཆད་གྲྭ་སར་བསྡད་པས་མཚན་ཉིད་གཞུང་དོན་གླེང་བར་དགའ།།
ང་རང་དེ་སྔོན་མཐོ་སློབ་འགྲིམས་པས་རྒྱལ་སྤྱིའི་རིག་གནས་འཆད་པར་སྤྲོ།།
ཁས་ལེན་བྲལ་བའི་བགྲོ་གླེང་མང་ཡང་སེམས་ལ་འཆམ་མཐུན་དྲོད་ཅིག་འཁྱིལ།།
མཇུག་འབྲས་མེད་པའི་རྩོད་རྙོག་མོད་ཀྱང་སྙིང་ན་ཕྱི་ཐག་འོད་ཅིག་འབར།།
ཡིད་འཕྲོག་འཛུམ་དང་མིག་མདའི་འོག་ན་ཁྱོད་ཀྱི་སེམས་པ་ཧ་ཅང་གཉོམ།།
དཀར་བའི་བརླ་དང་ནུ་འབུར་བར་ན་ང་ཡི་མིག་ཟུང་ཤིན་ཏུ་རྒོད།།
སྙན་པའི་གསུང་དང་སྙིང་གཏམ་ཀློང་ན་ཁྱོད་ཀྱི་སྙིང་ཆུང་དྲག་ཏུ་ལྡིང།།
བརྩེ་བའི་ཁ་གཡང་རྫུན་མའི་ཁྲོད་ན་ང་ཡི་ཡིད་བློ་གློག་ལྟར་འཁྱུག།།
ལྷད་མེད་བརྩེ་སེམས་གསོན་པོར་རློན་པ་ཁྱོད་ཀྱི་དྭངས་གཙང་གཤིས་སུ་གྲུབ།།
ཆགས་པའི་མིག་ཟུང་གང་སར་གཡོ་བ་ང་ཡི་ངན་པའི་རྒྱུད་དུ་འཇགས།།
ལག་རྩེད་སྤོ་ལོ་སུ་མཁས་བརྩད་པ་ཁྱོད་དང་ང་ཡི་ཉིན་ཐོ་ཡིན།།
གླུ་དང་རོལ་མོ་མཉམ་དཀྲོལ་བྱས་པ་ང་དང་ཁྱོད་ཀྱི་གཏམ་རྒྱུད་ཡིན།།
བུ་མོ་ཞིག་གི་བརྩེ་ལན་ཆེད་དུ་ཅི་ཡང་བསྒྲུབས་པ་ཁྱོད་ཀྱི་ལས།།
བདེ་བ་ཞིག་གི་ལག་ཡོང་དོན་དུ་གང་ཡང་བྱས་པ་ང་ཡི་ཆོས།།
ཚེ་གཅིག་མི་ཡི་སྙིང་བོ་ཟེར་ནས་འབད་བརྩོན་བྱེད་ལ་ཁྱོད་རང་འཚམས།།
གནས་སྐབས་རིང་གི་སྤྲོ་སྐྱིད་གླེང་ནས་ཁ་མཚར་བཤད་ལ་ང་རང་འོས།།
རང་རིགས་བོད་ཀྱི་རྩ་དོན་གླེང་ན་ལ་རྒྱའི་ཁུར་ཚུར་དགུང་ལ་འཕྱར།།
རང་རེའི་བོད་ཀྱི་རིག་གཞུང་བརྗོད་ན་སྤོབས་པའི་མགོ་བོ་གནམ་ལ་འདོགས།།
གདོང་དམར་ཚང་གི་བུ་རྒྱུད་ཁྱོད་འདྲ་མཛའ་བརྩེའི་གྲོགས་སུ་བྱོན་པ་ནི།།
ངན་ངོན་ས་མཐའི་འཚོ་བར་རོལ་བའི་ཁེར་རྐྱང་ང་ཡི་སྤོབས་པ་ཡིན།།
མཛའ་བརྩེའི་མེ་ཏོག་རྣམ་པར་བཞད་པ་མི་ཚེ་གཅིག་གི་དྲན་ཤིང་ཡིན།།
ཞེ་འདང་འཇའ་ཚོན་ཡལ་མེད་འཆར་བ་འཆི་རེག་བར་གྱི་དམ་བཅའ་ཡིན།།
ཕྱི་ཐག་གཙང་བོ་དུས་ཀུན་བཞུད་པ་འདི་ཕྱིའི་འཕྲེང་བའི་ལས་དབང་ཡིན།།
ལྷག་བསམ་འོ་མཚོའི་རྦ་རླབས་འཕྱུར་བ་ང་དང་ཁྱོད་ཀྱི་འདང་བརྩེ་ཡིན།།
རྡ་སའི་ཁྲོམ་ནས་ལོ་གཅིག་མ་བསྡད་ཉི་འོང་མ་ཞིག་གྲོགས་སུ་བཀུག།།
མ་འོངས་འཚོ་བའི་ཕུགས་བསམ་འཁྱེར་ནས་ཨོ་སའི་གྲོང་ཁྱེར་ཕྱོགས་སུ་འཕུར།།
དུས་ཀྱི་རླུང་བུ་ལྡིང་བའི་ཁྲོད་ནས་འཚོ་བ་གསར་བའི་དབུ་ཁྱུད་ཅིག།།
གནས་དེར་ཡུན་གྱིས་བྲིས་པ་ཐོས་པས་དགའ་སྤྲོ་ཞིག་གིས་བདག་སེམས་བརྟས།།
བར་ཐག་ལེ་དབར་སྟོང་གིས་བཅད་ཀྱང་གྲོགས་པོའི་མཛའ་བརྩེ་སྔར་བཞིན་བརྟན།།
འབྲེལ་ལམ་རི་ཆུ་ཁྲི་ཡིས་བཀག་ཀྱང་གྲོགས་པོའི་ཕྱི་ཐག་སྔར་ལས་རིང།།
འཚམས་འདྲིའི་ཚིག་དང་ཁ་བརྡ་ཉུང་ཡང་གྲོགས་པོའི་ཞེ་འདང་སྔར་ལ་ཟབ།།
ཁ་ཞེ་འདྲིས་ཤིང་ཡིད་སེམས་མཐུན་པའི་གྲོགས་ཁྱོད་འཕྲད་པ་སྔོན་གྱི་ལས།།
མཚམས་རེར་བོད་ཆས་གཙང་མ་གྱོན་ནས་ཚན་རྩལ་རྒྱས་པའི་གྲོང་ན་འདུར།།
ལན་རེར་བོད་ཀྱི་ཞལ་ལག་བཟོས་ནས་ཟ་ཁང་ནང་ན་ཁོམ་མེད་འཚོ།།
གཞན་གྱི་རིགས་ལ་རང་གི་ངོ་བོ་བཤད་ལ་བློ་སྤོབས་ལྡན་པའི་གྲོགས།།
ངོ་དེབ་ངོས་ནས་ཡང་ཡང་མཐོང་བས་གྲོགས་ང་དགའ་སྤྲོས་བཟི་ནས་ཡོད།།
དེ་རིང་ཁྱོད་ཀྱིས་རྒྱུས་མེད་ཡུལ་དུ་བོད་ཀྱི་ཇ་ཟས་ཟ་ཁང་ཞེས།།
བོད་ཀྱི་དྲི་བྲོ་གང་སར་འཐུལ་བའི་ཁ་ཟས་སྣ་འཛོམས་ཇ་ཁང་ཞིག།
དབུ་འབྱེད་རྟེན་འབྲེལ་མཛད་སྒོ་བསྡུས་པར་གྲོགས་པོ་ང་ཡི་སེམས་ཁོངས་ནས།།
བཀྲ་ཤིས་ཀུན་གྱི་བཀྲ་ཤིས་རེ་སྨོན་གྲོགས་མཆོག་ཁྱོད་ལ་བསྐུར་ནས་ཡོད།།
བརྟན་རླིངས་གཤིས་ཀ་ཉམས་སུ་མ་འཇུག་དེ་ལ་ལེགས་པའི་ཁྱད་ཆོས་ཡོད།།
དྲང་པོའི་ངང་རྒྱུད་ལྷོད་དུ་མ་འཇུག་དེ་ལ་དགེ་མཚན་ཡོན་ཏན་ལྡན།།
ལྷག་བསམ་མཛའ་བརྩེ་བརྗེད་དུ་མ་འཇུག་དེ་ལ་གཞལ་དཀའི་རིན་ཐང་མངའ།།
ས་མཐའི་ཡུལ་ནས་རང་གིས་རང་ལ་བདག་སྐྱོང་བྱོས་དང་སྙིང་གི་གྲོགས།།
༢༠༡༣།༣།༡
སྙན་མོ་བྱུང་། ཀ་ཁ་སུམ་ཅུའི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
རྒན་ཀླུ་སྨྱོན་ལགས་ཕེབས་པར་དགའ་སོང། ཐུགས་རྗེ་ཆེ།
དེ་རིང་སྔར་གོ་མ་མྱོང་བའི་ཐ་སྙད་གསར་པ་ཞིག་ཤེས་སོང་། ཇ་ཟས་ཟ་ཁང་ཟེར་ན་ཇ་ཟ་ས་ཞིག་ཡོད་པར་ཡིན་ནམ།
ཇ་རོ་ཟ་བཟའ་ཡིན་རྒྱུ་རེད།
བལ་པོའི་སྐད་དུ་ཇ་བཟོ་ཟེར་ཐུན་མིས་ཐད་སྐམ་དུ་བསྒྱུར་བ་རེད་འདུག
ཇ་རོ་བཟའ་ས་ཡིན་་རྒྱུ་རེད།
ཡང་ན། བལ་པོའི་སྐད་དུ་ཇ་བཟོ་ཟེར་ཐུན་མིས་ཐད་སྐམ་དུ་བསྒྱུར་བ་རེད་འདུག