གནས་ཚུལ་མཁོ་སྤྲོད་པ། བློ་བཟང་ཆོས་གྲགས།
བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ༌དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༥༤ པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོའི་མཛད་རིམ།
༡། སྔ་དྲོ་ཕྱག་ཚོད་༩ པའི་ཐོག་སྲིད་སྐྱོང་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་བཞུགས་གྲལ་དུ་འཁོད་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་དྷ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྒྱུ།
༢། བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་རྗེས་དྲན་དང་མྱ་ངན་གུས་བཏུད་ཆེད་ངག་བཅད་སྐར་མ་གཅིག་ཞུ་རྒྱུ།
༣། དྷ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་རྒྱུ།
༤། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ནས་བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་གནས་མཁན་རྒྱལ་གཅེས་སེར་སྐྱ་ཕོ་མོ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་དང་བླངས་ཀྱིས་རྒྱལ་བ་རིགས་ལྔའི་ཞལ་ཐང་ཞིག་བཞེངས་བསྐྲུན་ཞུས་པ་དཔལ་ལྡན་སྲིང་སྐྱོང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་རྣམ་གཉིས་ཟུང་འབྲེལ་གྱིས་དབུ་འབྱེད་གནང་རྒྱུ།
༥། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྒྱུ།
༦། བོད་མིའི་ཆབ་སྲིད་དབུ་འཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད་གནང་རྒྱུ།
༧། དྷ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་གསུམ་བཅུའི་དྲན་གླུུ་ཕུལ་གྲུབ་མཚམས་གཞུང་འབྲེལ་མཛད་སྒོ་གྲོལ་རྒྱུའི་མཛད་རིམ་དུ། བདེ་སྲུང་ལས་ཁུངས་ནས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠།།
བོད་ཀྱི་བདེན་དོན་ཆེད་དུ་དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས་ལ་སྙིང་རྗེས་དྲན་དང་། མོས་གུས་དུང་ཤུགས་དྲག་པོས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་སྐྱེ་བར་སྨོན།
མི་ལོ་དྲུག་ཅུའི་ཡར་སྔོན།།
ཤར་ནས་རླུང་དམར་ལྡང་བས།།
དུས་སྐབས་ད་ལྟའི་བར་དུ།།
འཛམ་གླིང་ཡང་རྩེ་གངས་ལྗོངས།།
བསྟན་པའི་སྣང་གསལ་ཉམས་ཏེ།།
སྣུམ་ཐག་སྡོང་ཚིག་གྱུར་སོང་།།
དྲུག་ཆ་གཉིས་ལ་ཉེ་བའི།།
ཚེ་སྲོག་རླུང་གིས་འཁྱེར་སོང་།།
དགྲ་བོ་རླུང་དམར་བཙན་པོས།།
བྱ་སྤུ་རླུང་གིས་གཏོར་འདྲ།།
གང་སར་ཁ་ཐོར་བཏང་སོང་།།
དགྲ་བོའི་གཡོ་བྱུས་རྣམ་འགྱུར།།
འཇམ་རྩུབ་ཇི་ལྟར་བསྟན་ཡང་།།
ངེད་ཅག་ས་ཡ་དྲུག་གིས།།
དགྲ་ཤ་ལེན་ངེས་ཡིན་ནོ།།
མ་ཤི་དམྱལ་བ་མྱོང་རུང་།།
ཐེངས་དགུ་ཤི་དགོས་བྱུང་ཡང་།།
བདེན་མཐར་མ་ཐུག་བར་དུ།།
བློས་གཏོང་མི་བྱེད་ཁོ་ཐག།
དྲག་རླུང་ཇི་ལྟར་འཚུབ་ཡང་།།
གཅིག་ཤི་ཀུན་རྫོགས་སོང་ཡང་།།
མི་ཞུམ་འཐབ་རྩོད་རྒྱུན་དེ།།
སྲིང་པའི་བློ་སྟོབས་ཇེ་ཆེ།།
བཙན་པོའི་སྙིང་རྩ་ཇེ་འཕར།།
རང་བཙན་མ་ཐོབ་བར་དུ།།
བློ་ཐག་རྦད་ཆོད་ཡིན་ནོ།།
ཕྱི་ནུར་མཐོ་གང་མི་བྱེད།།
ཐེ་ཚོམ་སྤུ་ཙམ་མེད་དོ།།
སུམ་བཅུའི་དུས་དྲན་ལ། ཞི་བདེ་མཚོ་ཟུར་ནས་སེང་བུ་འབྲུག་ཞོན་གྱིས་སྤྲིང་ངོ་།།