གཡུ་དྲུག་དཀར། རྡ་ས།
ཉིན་ཤས་སྔོན་ནས་ཐག་རིང་ནས་གོ་མི་བདེ་བ་ཞིག་ཡོད་པ་ནི་བོད་ནང་དུ་རྒྱ་དམར་ཀླ་ཀློའི་དཔུང་གིས་ཉེས་མེད་བོད་མིའི་ཚེ་སྲོག་རྡོག་རོལ་དུ་གཏོང་བཞིན་པ་འདི་རེད་ལ། ཐག་ཉེ་ནས་མཐོང་མི་བདེ་བ་ཞིག་ཡོད་པ་ནི་མི་སྐྱ་མགོ་རིལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་འདི་ཚོ་རེད།
ལོས་ཡིན། འགྲོ་བ་མིའི་ཕྱི་ལུས་ཀྱི་སྟེང་དང་ནང་སེམས་ཀྱི་སྦུག་གཉིས་ཀར་མ་བཏེགས་ལྷན་སྐྱེས་ཀྱི་མཛེས་ཆོས་ཇི་སྙེད་ཅིག་ཡོད་པ་བཞིན། ང་ཚོའི་ལུས་ཀྱི་ཡང་རྩེ་རུ་མ་བཙུགས་ལྷན་སྐྱེས་ཀྱི་སྐྲ་ལོའང་དེ་དག་ལས་མཛེས་སྡུག་གི་མ་ལག་རང་ག་བ་ཞིག་མིན་པར། མི་མང་པོར་གདེང་སྤོབས་དང་མཛེས་རྟོག་གི་རྨི་ལམ་རྒྱ་ཆེན་པོ་བཞེངས་ཡོད་ངེས།
འོན་ཏེ། མི་རིགས་སོ་སོའི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་སེམས་ཁམས་ཀྱིས་བསྐྱེད་པའི་འཚོ་བའི་སྤྱོད་སྟངས་ཁྲོད་མགོ་སྐྱེས་སྐྲ་ལོ་མཛེས་བར་མི་སྣང་པར་བཞར་མཁན་ཡོད་ལ། མི་ལ་ལས་དགོས་དབང་གིས་རང་གི་མཛེས་ཆོས་སུ་གྱུར་བའི་སྐྲ་ལོ་བསམ་བཞིན་དུ་བློས་བཏང་ནས་བཞར་མཁན་ཡང་ཡོད། རང་རེའི་གངས་ཅན་པར་མཚོན་ན་ཆོས་ཕྱོགས་ནས་གྲྭ་བ་དང་བཙུན་མའི་སྡེ་གཉིས་ནི་རང་གི་རྩ་ཁྲིམས་ཀྱི་སྟེང་ནས་གཏན་འཇགས་རང་བཞིན་ཅན་གྱི་སྐྲ་བཞར་མཁན་ཞིག་ཡིན་ལ། འཇིག་རྟེན་པའི་ངོས་ཐད་ནས་རྒན་རྒོན་དང་ཕྲུ་གུ་ཚོའི་ལུས་ཀྱི་གཙང་སྦྲ་དོད་དུ་གཏོང་ཆེད་སྐྲ་འབྲེག་པ་དང་། གཞོན་པ་ཚོར་ཕ་མ་དང་མི་རྒན་པ་ཚོས་སྐྲ་རིང་པོ་འཇོག་པ་ནི་མི་རྐུན་མ་དང་ཁྲམ་པ། གང་གི་སྤྱད་ལའང་མི་འགྲོ་མཁན་ཚོའི་རྟགས་མཚན་ཞིག་སྟེ། ཀུན་སྤྱོད་ཀྱི་སྡིག་ཉེས་ཆེན་པོ་ཞིག་མགོ་ལ་ཁུར་བར་བཤད་ནས་སྐྲ་བཞར་སྟངས་ཤིག་ཀྱང་ཡོད་མོད། འདི་ནི་དམངས་ཁྲོད་ཀྱི་མི་ལ་ལ་དང་མཚམས་ལན་རེའི་བྱེད་སྟངས་ཤིག་ལས། མང་མང་གི་སྲོལ་དུ་གྱུར་མེད་པས། ཕ་མ་ལས་ཤས་ཀྱི་བུ་ཕྲུག་གཅུན་སྟངས་ཙམ་དུ་སྣང་ཞིང་། གཞན་རྒྱ་གུང་ཁྲན་ཏང་འདི་བ་ཚང་སླེབས་ནས་བོད་ཡུལ་དུའང་ཉེས་ཅན་བཙོན་པའི་མགོ་ཡི་སྐྲ་བཞར་སྲོལ་ཞིག་ཚུགས་པ་དེ་རེད།
དེ་ནས་དོན་དངོས་བྱ་དངོས་གསར་དར་གྱི་རླབས་ཕྲེང་མཁའ་རུ་འཕྱོ་བའི་དུས་རབས་ཉེར་གཅིག་པའི་དེ་རིང་གི་ཉིན་མོ་འདིར་ང་ཚོར་སྐྲ་བཞར་སྟངས་ཤིག་གསར་དུ་བྱུང་བ་འདི་རེད། ཐེངས་འདིར་སྐྲ་བཞར་བའི་རྒྱབ་ལྗོངས་དང་དམིགས་ཡུལ། དེའི་དོན་སྙིང་དང་ཁྱབ་རྒྱ་བཅས་གང་ཐད་ནས་སྔར་བྱུང་མ་མྱོང་བ་ཞིག་གསར་དུ་བྱུང་བ་རེད། དེའང་དེ་རིང་ང་ཚོས་སྐྲ་བཞར་བ་ནི་ལས་འགུལ་ཞིག་ཡིན་པས་རེད། སྐྲ་བཞར་ལས་འགུལ་འདི་འཛམ་གླིང་རྒྱལ་ཁབ་གཞན་ལ་སྔར་ནས་དར་ཡོད་ཚོད་འདུག་ཀྱང་། ང་ཚོར་མཚོན་ན་ལོ་རྒྱུས་ཀྱི་ཤོག་ལྷེ་ཆེས་ཐོག་མ་རེད་ལ། ལོ་རྒྱུས་གསར་རྙིང་གང་ལྟར་ཡང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་རེ་ཡིས་གྲུབ་པར་བྱས་པ་བཞིན། ཐོག་མར་ང་ཚོས་བཙལ་ནས་གླེང་དགོས་པའང་དེ་ལྟ་བུའི་དོན་སྙིང་ཅན་གྱི་རྒྱབ་ལྗོངས་རེད།
དེ་ཡང་གསལ་བོར་བཤད་ན་ང་ཚོའི་ལྷན་སྐྱེས་ཀྱི་རང་དབང་དང་ཐོབ་ཐང་། བདེ་སྐྱིད་བཅས་བཙན་འཕྲོག་བྱས་པའི་ལོ་རྒྱུས་ནག་པོ་རེད། སྤྱི་ལོ་གཅིག་དགུ་ཞེ་གྲངས་ནས་ང་ཚོའི་སྐྱེས་ཐོབ་ཀྱི་མགོ་ཐོག་གི་གནམ་དང་རྐང་འོག་གི་ས་ཡོངས་རྫོགས་ལ་རྒྱ་དམར་པོས་རྡོག་བརྫིས་བཏང་ཞིང་། བཙན་དབང་གི་ཐོག་མདས་ང་ཚོའི་ལུས་སེམས་གཉིས་ཀ་སྡུག་ལ་སྦྱར་བ་རེད། དུས་དེ་ནས་ང་ཚོས་རྒྱའི་བཙན་གནོན་འོག་ནས་མནར་གཅོད་དང་འཕྲོག་བཅོམ། དམར་གསོད་དང་འཇིགས་སྐུལ་བཅས་མི་ཚད་ལས་བརྒལ་བའི་སྡུག་སྦྱོང་མྱོང་བཞིན། སེམས་ཀྱི་སྡུག་བསྔལ་ཡོད་ཚད་ཕྱི་ལ་ཕོད་མ་ནུས་པར་རང་གི་མིག་ཆུ་དང་ལུས་ཀྱི་ཁྲག རུས་པའི་ཁ་དོག་བཅས་ཀྱིས་ཁ་གསབ་བྱས་ཤིང་། རང་གི་ཚེ་སྲོག་འབེན་ལ་བཞག་ནས་རྒྱའི་དྲག་དཔུང་ལ་ཡ་ལན་སྤྲད་པའི་རྣམ་ཐར་རིང་མོ་ཞིག་སྔར་ནས་གྲུབ་ཟིན་པ་འདི་རེད་ལ། ལྷག་པར་དུ་འདི་ལོར་སྔོན་ཆད་རྒྱ་དམར་པོས་བཙན་གནོན་ལས་འགུལ་འགོ་བཙུགས་པའི་བོད་ས་སྨད་ཕྱོགས་ནས་ཞི་རྒོལ་གྱེན་ལངས་ཀྱི་དབུ་བསླངས་ཏེ། བོད་ཆོལ་ཁ་གསུམ་གྱི་སེམས་ཁོང་གི་སྡུག་གི་མེ་རི་རང་འགར་འཐོར་ནས་འཇིག་རྟེན་ལ་བདེན་པའི་དཔའ་སྐད་སྒྲོག་བཞིན་ལོ་རྒྱུས་ཀྱི་རྨ་ཁ་ཆེར་བསྐྱེད་པའི་སྐྱོ་གར་བསམ་ནས། ང་ཚོས་ཀྱང་ས་མཐའ་ནས་༸གོང་ས་གསེར་གྱི་ཉི་མའི་ཞལ་གྱི་སྤྱན་ཆབ་འཕྱི་བཞིན། གངས་སེང་རྒྱལ་དར་བྲང་ལ་སྦྱར་བཞིན། ཁྱི་སྨྱོན་བཞིན། སྡུག་གི་སྨྲེ་ངག་འདོན་བཞིན། འདུག་མ་བཟོད་པར་གང་སར་རྒྱུགས་བཞིན། རྒྱ་དམར་པོས་རྡོག་བརྫིས་བཏང་ཟིན་པའི་བོད་མིའི་ལྷན་སྐྱེས་ཀྱི་རང་དབང་དང་ཐོབ་ཐང་། ཚེ་སྲོག་རེ་རེ་དང་རང་གི་ལྷན་སྐྱེས་ཀྱི་སྐྲ་ལོ་ཉག་མ་རེ་རེར་མཚུངས་རྟགས་འཐེན་ཏེ་སྐྲ་བཞར་ནས་དེ་དག་ལ་མྱ་ངན་དང་གུས་བཏུད་ཞུས་པ་ཡིན་ལ། ང་ཚོས་ཀྱང་རང་གི་མགོ་སྐྱེས་སྐྲ་ལོ་བཞར་ནས་ བོད་མིའི་སྐྱིད་སྡུག་མཉམ་མྱོང་མཚོན་པར་བྱས་པ་ཡིན།།
ཐེངས་འདིར་བཞར་བའི་སྐྲ་ལོ་ཡོངས་རྫོགས་རང་དགར་གད་སྙིགས་ཀྱི་ཁྲོད་དུ་མ་དབྱུགས་པར་ཉར་ཚགས་གནང་རོགས། རང་རེས་རིན་ཐང་ཅན་གྱི་སྐྲ་ལོ་འདི་དག་བཤམ་སྟོན་བྱེད་སའི་འགྲེམ་སྟོན་ཁང་ཞིག་བཟོས་ནས། དེའི་ནང་དུ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྐྲ་ལོ་འདི་དག་མི་རབས་རྗེས་མ་དག་གི་ཆེད་དུ་ཉར་ཚགས་བྱེད་དགོས། སྐུ་མཁྱེན། བཞར་ཟིན་པའི་དབུ་སྐྲ་དེ་དག་ཉར་ཚགས་གནངས་རོགས། སྐུ་མཁྱེན།
གོང་གསལ་བསམ་ཚུལ་འདིར་རྒྱུ་མཚན་འདུག གལ་སྲིད་སྐྲ་ལོ་ཡོངས་རྫོགས་གད་རྙིགས་ནང་གཡུགས་ཚར་མེད་ན་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས། ད་ཐེངས་ཀྱི་ལས་འགུལ་འདིར་དྲན་རྟེན་གྱི་ཆེད་མཚོན་དོན་དང་སྒྱུ་རྩལ་ཕུན་སུམ་ཚོགས་པའི་དངོས་པོ་རྩ་ཆེན་གཅིག་འཐག་གྲུབ་ཀྱིས་མི་རབས་ནས་མི་རབས་བར་མཐོང་དུ་ཡོད་པ་ཞིག་བཟོ་ཆོག་གི་རེད།