བསམ་གླིང་ཚེ་རིང་ལྷ་མོ།
པད་མའི་དབྱིབས་ཅན་མཚོ་དང་ནི།།
མཐའ་རུ་ལྗོན་པའི་སྲང་ཐག་འཐེན།།
ཟས་ལ་རྔམ་པའི་ཉ་མོ་ནི།།
སྦྱིན་པའི་ཡུལ་གྱི་མགྲོན་བདག་ཉིད།།
གྱེན་དུ་ཕྱུར་བའི་སྲང་ལམ་ནི།།
ཐར་ཐོར་ཁྱིམ་པའི་ཡོལ་བས་སྐྱོར།།
ལྗོན་པའི་ཚོགས་ནས་བྱ་རིགས་ཀྱང་།།
བྱིན་རླབས་ངོམས་པའི་སྤུ་སྡུག་བཀྲ།།
མཁའ་ལ་བཀྲམ་པའི་སྤྲིན་དཀར་ནི།།
མནྡཱ་ར་བའི་ལྷ་གོས་འདྲ།།
ལྡེམ་པའི་འཁྱུག་འགྲོས་མྱུར་བ་ནི།།
མཁའ་འགྲོའི་བྲོ་གར་འཁྲབ་བམ་སྙམ།།
སྟུག་པའི་རི་རྩེ་གཟེངས་པ་ནི།།
རྒྱ་མཚོའི་རྦ་རླབས་ཕྱུར་དང་མཚུངས།།
གངས་རིས་མགུལ་དུ་རྒྱན་པ་དག།
རི་བོའི་ས་སྐྱོང་འགྱིང་པ་འདྲ།།
སྨུག་སྤྲིན་དུ་བས་ཕན་ཚུན་འདྲེས།།
གྲོང་གི་ཁང་བཟང་སྒྲིབ་པར་བྱས།།
སོམ་སྡོང་འགྱིང་བའི་མཚར་སྡུག་གིས།།
མཇལ་བའི་ཡིད་ཀྱི་བདེ་ཚོར་སྦོམ།།
མགྲིན་པའི་ནང་ནས་སྙན་སྒྲོག་པའི།།
ཕུག་རོན་ཚང་ཁྱིམ་མི་ཡིས་སྐྲུན།།
འཚེ་བ་བྲལ་བའི་སེམས་ཁམས་ནི།།
གནས་མཆོག་ཡུལ་མིའི་རྒྱན་དུ་གྱུར།།
དྲོ་གྲང་སྙོམ་པའི་མཁའ་རླུང་ནི།།
དྲི་ཞིམ་ལྗོན་པའི་སེང་ནས་བསྣོམས།།
ལན་བུ་གཡོ་བའི་དབྱིབས་གཟུགས་ནི།།
པིར་རྩེའི་སྒྱུ་རྩལ་ངོམ་དང་མཚུངས།།
རེའུ་ལུག་མཆོངས་རྒྱུག་ཅི་གར་བྱེད།།
རྫི་བོའི་རྩེད་རྒོད་སྤྲོ་སྣང་ལྡན།།
སྤང་ལ་འབུར་བའི་ཕ་བོང་ནི།།
ནོར་བུའི་པྲ་རྒྱན་བཀོད་པ་འདྲ།།
རི་བོ་ཚོགས་པའི་རྩེ་མོར་ནི།།
ཡངས་པའི་གོམ་འགྲོས་དལ་གྱིས་བསྐྱོད།།
ས་ཆེན་ཞབས་ཀྱིས་གནན་མཛད་པའི།།
སངས་རྒྱས་མཛད་པ་ཡིད་ལ་མཚར།།
རྡོ་སྐས་རིང་པོ་གྱ་མ་རྒྱུ།།
གོམ་འགྲོས་ཡངས་པོའི་རྡོག་པས་བརྫིས།།
རི་རྩེར་སྙེགས་པའི་འཆར་སྣང་ནི།།
བསོད་ནམས་དཔུང་པ་འཕེལ་བར་སྙམ།།
རྩེ་མོ་མཐོ་བའི་རི་བོ་ནི།།
ལྷ་ལམ་འགྲོས་པའི་ཐེམ་སྐས་ཉིད།།
འཁོར་བ་གྲོལ་བའི་སེམས་པ་ནི།།
སྐྱེ་བོ་དམ་པ་ལས་གཞན་སུ།།
ཨ་ལ་གནས་མཆོག་མཚོ་པདྨའི།།
ངོ་མཚར་སྣང་བརྙན་གསོན་པོ་ཞིག །
ཨ་ཅེ་སྙན་ངག་ལྷ་མོ་ཡིས།།
ཁ་བརྡར་བསྐྲུན་པས་རབ་ཏུ་དགའ།།
དམིགས་མེད་ཡུལ་ནས་རྒྱང་བལྟ་ཞིག་བྱས་པས།
མཚོ་མཐའི་ཕར་ཁ་སྨུག་སྤྲིན་གྱིས་གཏུམ་པས།
ལུས་མེད་སེམས་ལ་སྐྱོ་སྣང་རེ་སྦྱིན་པས།
གངས་ཅན་ལྗོངས་ཀྱི་ལུག་རྫི་དེ་དྲན་བྱུང་།
དོན་ལ་སློབ་དཔོན་འཁྲུངས་ཡུལ་ཡིན་མིན་ཏེ། །
གླིང་རྗེའི་གེ་སར་སྒྲུང་འདྲ་ཡིན་ན་ཡང་། །
ཁོར་ཡུག་གནས་ཀྱི་བཀོད་པ་ཡིད་འོང་བ། །
སྙན་མོའི་ངག་ལ་དྲངས་པ་འགལ་དོན་ཅི། །
ང་ཚོའི་མཛེས་མ་སྙན་ངག་མ་བསམ་གླིང་ཚེ་རིང་ལྷ་མོས་ གནས་མཆོག་གི་ངོ་མཚར་ ཞེས་པ་དེ་ཡག་པོ་ཞིག་ཡོད་ཀི།
དཔེ་ཡག་པོ་འདུག
རྟ་བོང་ཤང་ཤང་རྒྱུག་པའི་རྗེས།
ལམ་ནི་ཐལ་བའི་རྡུལ་གྱིས་འཁེངས།
ཆུ་སྙིགས་རུལ་དྲི་མཚམས་མཚམས་ཐུལ།
ཁྱི་དང་བྱ་དེའི་སྐད་ལྷང་ལྷང་།
ང་ཡི་ཕ་ཡུལ་ག་ན་ཡོད།
རྒྱང་རིང་རི་བོ་ལྗིད་པའི་སྟེང་།
དགོངས་དྲོའི་ཉི་མ་བཞུད་བྱེད་པ།
ཡིད་ལ་ཤར་བའི་ཕ་ཡུལ་ནི།
འདི་འདྲའི་གསལ་བའི་དཔེ་རིས་ཤིག
ང་ཡི་ཕ་ཡུལ་ག་ན་ཡོད།
གནས་མཆོག་ངོ་མཚར་མཚོ་པདྨ།།
གུ་རུའི་འཁྲུངས་ཡུལ་མ་ཡིན་ཏེ།།
ཨིནྡྲ་བྷུ་ཏིས་གསོན་སྲེག་ཚེ།།
མེ་དཔུང་མཚོ་རུ་བསྒྱུར་བའི་གནས།།
དད་པ་མེད་པའི་མི་རྣམས་ལ།།
དད་པ་བྱེད་དགོས་ཨུ་ཚུགས་མེད།།
དད་དང་མ་དད་རང་དབང་ཡང་།།
དད་ལྡན་སེམས་ཁམས་དཀྲུག་མི་ཆོག །
བོད་ཁྱིམ་ཆེ་བ་དག་གི་སྒོར།
ཁྱི་ནག་ལྕགས་སྒྲོག་གིས་བཏགས་པས།
འགྲུལ་པ་གསར་པ་འགའ་མཐོང་ནས།
ངར་སྒྲ་ཆེན་པོ་སྒྲོགས་པ་མཐོང་།།
མ་གཞི་ནས་སྙན་ངག་གི་རིགས་དེ་གོ་དོན་གསལ་ཐག་ཆོད་ཅིག་ཕྲན་གྱིས་ལོན་དཀའ་བས། བསམ་གླིང་མའི་སྙན་ངག་འདི་ཀློག་ཞོར་མོ་མཚན་ཞིག་དང་ཆགས་སྤྱོད་ཀྱི་རྣམ་པ་ཞིག་ཡིད་ལ་ངང་གིས་སྐྱེས་སོང་། དངོས་ནས་ཡིན། སྙན་ངག་འདི་ཀློག་པའི་མྱོང་བ་ཙམ་ལས་བསྟོད་སྨད་ཀྱི་སྐད་ཆ་གང་ཡང་མིན།
གོང་གསལ་དྲ་གྲོགས་རྣམས་པར་གུས་བསུ་ཞུ་བ་དང་སྦྲགས། སློབ་དཔོན་རྒན་ལ་དྭགས་པའི་སྙན་ངག་དེ་ཡང་འཆི་མེད་གཡུང་དྲུང་བྱ་བའི་རྫུས་མིང་འོག་སྦས་ཡོང་བའི་མི་དེར་ལན་དུ་འདེབས་པ་ལས་ལྷག་ཅིག་མེད་ཀྱང་། ཡང་སྐྱར་དགོས་ན། འདི་ལགས།
ཉིན་མོར་འབྱེད་པའི་པད་མའི་གཉེན།།
འཆར་ན་རང་མདངས་ཉམ་པར་དོགས།།
ཨོག་རལ་གཟའ་ཡིས་མིད་སྙམ་པའི།།
སྐར་ཆུང་ཀོ་ལོང་ཡ་རེ་ང་།།
ཡག་པོ་འདུག་
ཁོ་བོས་སྙན་དངགས་བྲིས་པ་མིན།
སྒྲོག་དང་སྒྲོགས་ཀྱི་སྦྱོར་ཚུལ་ལ།
བོད་དུ་མཐོང་བའི་ཉམས་མྱོང་ཞིག
དྲན་པས་དེ་ལྟར་བྲིས་པ་ལགས།།
་
རྟ་བདུན་དབང་པོས་ཉིན་མོ་བྱེད།
དེ་ཉིད་པདྨའི་གཉེན་དུའང་གྲགས།
ཟླ་བ་གང་གི་གཉེན་དུ་གྲགས།
སྙན་རྩོམ་ལྷ་མོས་སྒྲོགས་པར་མཛོད།།
པདྨ་ཉི་མའི་གཉེན་ཡིན་ན། །
ཀུ་མུད་ང་ཡང་ཟླ་བའི་གཉེན། །
གཉིས་ཀ་ཨོལ་རལ་མིད་མཉམ་ལ། །
སྐར་ཆུང་ང་ལ་སྡང་དོན་ཅི། །
རྩེད་མཚར་ཆེད་དུ་བྲིས་པ་ལ། །
བསམ་གླིང་ལྷ་མོ་མ་ཁྲོ་ཤིག །
སྐྱེས་བོ་དམ་པའི་རྣམ་པ་དང་། །
མཎཌིའི་མཚོ་དེ་པདྨར་མཛལ། །
སྤྲིན་དཀར་མནྡཱའི་ལྷ་གོས་སུ། །
མཇལ་བ་བསམ་གླིང་དག་སྣང་བཟང་། །
ཉི་མའི་གཉེན་ཟླ་པདྨ་ཡིས། །
ཤར་བ་ཙམ་གྱིས་འཛུམ་མུལ་སྟོན། །
ཟླ་བའི་གཉེན་ཟླ་ཀུ་མུད་ཀྱིས། །
གཉེན་བཤེས་བསུ་ཕྱིར་དྲི་བཟང་འཐུལ། །
ཉི་མའི་གཉེན་ཟླར་པདྨ་ངར། །
ཟླ་བའི་གཉེན་ཟླར་ཀུ་མུད་དཀར། །
སྐར་ཆེན་ཁྱོད་ཀྱི་གཉེན་ཟླ་དང་། །
སྐར་ཆུང་ང་ཡི་གཉེན་ཟླ་སུ། །
ཀ་རྡོའི་རྩོམ་འདི་ཚོར་རང་འགྲེལ་མེ་འདྲ་བ་རེ་མ་བྲིས་ན་མི་གོ་ཐག་གཅོད་རེད།
ཀརྡོ་མཆོག་གིས་ཚིགས་བཅད་ལེགས་པར་རྩོམ་པ་ལ་དགའ། ཀུ་མུ་ད། ཞེས་པ་བོད་སྐད་དུ། ས་མོས་སམ་ས་དགའ་ཞེས་ཟེར་གསུངས་པ། ཁུ་ནུ་བླ་མ་རིན་པོ་ཆེ། བསྟན་འཛིན་རྒྱལ་མཚན་ཞལ་སྔ་ནས་ཐོས། ཀུ་ཞེས་པ་ས་དང་། མུ་ད། ཞེས་པ་མོས་པའམ། དགའ་བ། ཞེས་ཡིན་པར་བསམ། ས་ལ་དགའ་བའི་མེ་ཏོག་སྟེ། ཡལ་ག་ས་ལ་བཀྲམ་ནས་མཚན་མོ་འབར་བའི་མེ་ཏོག་དཀར་པོ་ཞིག་ཡོད་པ་དེ་ལ་ཟླ་བའི་གཉེན་ཞེས་མིང་བཏགས། ས་ལ་ཁྱབ་ནས་མཚན་མོར་འབར་བའི་མེ་ཏོག་དེ་འདྲ་ཞིག་བོད་དུ་ཡོད་དམ། ཡོད་ལ་དེ་ལ་གང་ཟེར། གསུང་བར་མཛོད། གཅིག་ན་མེ་ཏོག་པདྨ་དང་། ཀུ་མུ་ད་གཉིས་ཀ་ཚ་བའི་གནས་སུ་མ་གཏོགས་གྲང་གནས་སུ་མེད་པ་ཡིན་སྙམ་མོ།།
མེ་ཏོག་དཀར་པོ་ལགས།
མཚོ་སྐྱེས།
ཉིན་མོ་ཉི་མའི་འོད་ཟེར་གྱིས། །
པདྨའི་ཞལ་ཁ་འབྱེད་པར་ཕན། །
ས་མོས།
མཚན་མོ་ཟླ་བའི་འོད་ཟེར་གྱིས། །
ཀུ་མུད་ཁ་འབྱེད་དྲི་བཟང་འཐུལ། །
དེ་མིན།
བྱ་རོག་སོ་བརྟག་བསྟན་བཅོས་ལ། །
རང་འགྲེལ་རྩོམ་པ་ངལ་བའི་རྒྱུ། །
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྒན་འཇམ་དཔལ་ལགས།
བོད་ལ་པདྨ་ཀུ་མུད་གཉིས། །
མེད་ཙང་རྒྱ་སྐད་རང་སོར་བཞག །
འོནད་ཀྱང་།
བོད་ནང་པད་ཀུ་སྐྱེ་སྲིད་དེ། །
པདྨ་དགུན་ཡང་སྐྱེས་པ་དང་། །
དྷ་སར་ཀུ་མུད་སྐྱེས་པ་མཐོང་། །
མི་སྲིད་པ་ནི་གང་ཡང་མེད། །