དོན་གྲུབ་རྡོ་རྗེ།
ཕ་ཡུལ་གྱི་རི་ཆུ་ནི་སྔར་བཞིན་དྭངས་ཤིང་གཙང་།
གྲང་རེག་གི་དགུན་རླུང་ནི་སྔར་བཞིན་ལྡང་ཞིང་འཚུབ།
ཡུན་རིང་མ་མཇལ་བའི་ཕ་རི་གངས་དཀར།
དེ་རིང་
ནམ་མཁའ་དྭངས་ལ་ས་གཞི་སེར།
རྩྭ་ཐང་ཡངས་ཤིང་ཉི་འོད་འཇམ།
ཕ་ཡུལ།
འདབ་དྲུག་གི་ཁ་བ་འབབ་ས།
རི་སྤྱང་གི་ང་རོ་འཐེན་ས།
སྦྲ་ནག་གི་དུད་སྤྲིན་འཕྱོ་ས།
གངས་སེང་གི་གཡུ་རལ་གསིག་ས།
བོད་ཡུལ་སྒང་དྲུག་གི་ནང་ཚན།
འབྲི་རྫ་ཟབ་མོ་སྒང་གི་ཉེ་ཞོར།
གངས་ར་ཉེར་ལྔའི་ནང་ཚན་ཡོན་ཏན་གྱིས་ཆེ་བའི་
གནས་མཆོག་རུ་དམ་དཀར་མོའི་ར་བ་ན།
སྔ་འགྱུར་བསྟན་པ་རྒྱ་མཚོའི་གཙུག་རྒྱན་ན་མཛེས་པའི་རྒྱལ་བ་རྫོགས་ཆེན་པ།
གངས་རིའི་ལྗོངས་ཀྱི་ནཱ་ལེནྡྲ་དཔལ་གྱི་ཤྲཱི་སེང་ཧཱའི་ཆོས་གྲྭ་ཆེན་མོ།
འཇམ་མགོན་བླ་མའི་གདན་ས་ཡང་དབེན་ཆོས་ཀྱི་བསྟི་གནས་རྫོགས་ཆེན་པདྨ་ཐང་།
ད་དུང་རུ་དམ་གངས་ཁྲོད། རྫོགས་ཆེན་དབེན་རི། ནགས་རྐྱང་ཁ། སྐྱ་མོའི་མདུན་ལུང་ཁ། གཤིན་རྗེའི་སྒྲུབ་རི། གུ་རུའི་སྒྲུབ་ཁང་། དཔལ་སྤྲུལ་སྒྲུབ་ཕུག བཱི་མ་གླིང་། དམ་ཅན་སྒང་། འཇའ་ལུས་སྒྲུབ་སྡེ། ཚེ་རིང་ལྗོངས་སོགས་དབེན་པའི་རི་ཁྲོད་ན་མཉམ་མེད་ཐུབ་པ་མཆོག་གི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་དར་སྤེལ་དུ་གནང་བའི་དགེ་འདུན་གྱི་སྡེ་ཚོགས་གོང་དུ་འཕེལ་ཞིང་ཐོས་བསམ་སྒོམ་སྒྲུབ་ཀྱི་གནས་ལ་བརྩོན་པ་དང་། རྒན་དར་གཞོན་གསུམ་གྱི་ཕོ་མོ་ཀུན་གྱིས་ཕ་མེས་ཤུལ་བཞག་གི་རིག་གནས་དང་རིགས་རུས་ལ་དུང་བ་ཆེན་པོས་མ་འོངས་རྒྱང་དུ་བལྟས་པའི་སྐད་ཡིག་སྲུང་སྐྱོབ། སྤྱོད་གཤིས་ལྷད་མེད་ཀྱི་བྱམས་བརྩེ་རྒྱུན་སྐྱོང་། རྒན་ལ་བཀུར་ཞིང་གཞོན་ལ་བརྩེ་བ། ཡ་རབས་ཚུགས་ཡོད། རིག་དངོས་དང་ཁོར་ཡུག་སྲུང་སྐྱོབ། ཤེས་ཡོན་དང་མཐུན་སྒྲིལ་ལ་འབད་པའི་གོམས་གཤིས་སོགས་ལེགས་པ་ནས་ལེགས་པའི་ལམ་དུ་བསྐྱོད་པར་ཡིད་སྨོན་ཤོར་སོང་།
ཁོ་བོ་ཕྱི་ན་གོས་དཀར་ཁ་བའི་གྲོང་རེག་གི་ཟེར་ངར་ཆེ་རུང་།
ནང་ན་མ་བཅོས་རང་བཞིན་གྱི་དགའ་བ་ཆེན་པོས་སེམས་པ་བཟི་སོང་།
རེ་བས་ཁེངས་སོང་།
བདག་གིས་ཕ་ལམ་རིང་མོའི་རྨི་ལམ་ནས་དྲན་མྱོང་ལ།
ཡིད་ཀྱིས་རྒྱ་མཚོར་བསྐྱལ་བའི་བརྩེ་བ་ནས་སེམས་མྱོང་།
ཕ་ཡུལ་ཏེ།
བརྗེད་པར་དཀའ་བའི་ནམ་མཁའི་མེ་ལོང་དང་ཡིད་ཀྱི་དག་ཞིང་ཡིན།
ཕ་ཡུལ་ཏེ།
འབྲལ་བར་མེད་པའི་ས་ཡི་དཀྱིལ་འཁོར་དང་སེམས་ཀྱི་དྲོད་ཐིགས་ཡིན།
༢༠༡༣ ༢ ༡༦ ཉིན་ཕ་ཡུལ་དུ།
ཧ་ཅང་གི་ཡག་པོ་བྲིས་ཤག་ཐུགས་རྗེ་ཆེ།
དངོས་གནས་ཕ་ཡུལ་ལྷམ་མེར་ཡིད་ལ་ཤར་སོང་། སྙན་པོ་འདུག