གཅན་བཟོད་རྒྱམ།
————-
ཁ་སྔོན་ངས་ལ་དྭགས་ཕྱོགས་སུ་འགྲུལ་བསྐྱོད་བྱས་པའི་ཟིན་ཐོ་ཞིག་མུ་འགོད་བྱེད་བཞིན་ཡོད་མོད། འོན་ཀྱང་ཁ་བརྡ་དྲ་ཐོག་ནས་Turtuk (དུས་རབས་ཉི་ཤུ་བའི་འཇར་མན་གྱི་བོད་རིག་པའི་མཁས་དབང་ A.H.Franckeཡིས་དེབ་ནང་དུ་turuk ཞེས་བྲིས་འདུག་པ་དང་གཅིག་ཡིན་ནམ་བདག་སྣམ་མོད་དཔྱད་པར་ཞུ།) དུར་དུག་གི་སྐོར་གྱི་རྩོམ་ཡིག་དང་མཆན་བུ་འགའ། ད་དུང་དྲ་ཐག་རེའང་མཐོང་བྱུང་བར་བསམ་ཚུལ་ཅུང་ཙམ་ཞུ་འདོད་བྱུང་།
སྤྱིར་ དུར་དུག་ཅེས་པའི་ཡུལ་འདིའི་མིང་བོད་ཡིག་ཐོག་ཏུ་ཇི་ལྟར་འབྲི་པ་ད་སྔོན་ཡིག་ཆ་ གང་ནས་ཀྱང་མ་མཐོང་བས་འདིར་དབྱིན་ཡིག་གི་སྒྲ་གདངས་ཅི་ཐོན་དུ་བྲིས་ཡོད། ལ་དྭགས་པ་དང་སྦལ་ཏེ་པ་ཚོའི་ངག་ལས་ཀྱང་དུར་དུག་འདྲ་བའི་སྒྲ་ཞིག་ཐོན་ཡོང་གི
དུར་དུག་ཅེས་པའི་ཡུལ་འདི་དུས་ཚོད་ནམ་ཞིག་ནས་བོད་བཙན་པོའི་མངའ་ཁོངས་སུ་གཏོགས་པ་དང་། ཡང་དུས་ཚོད་ནམ་ཞིག་ནས་གཞན་དབང་དུ་ཤོར་བ་སོགས་ཀྱི་སྐོར་ཡིག་ཆ་གསལ་པོ་ཞིག་མ་མཐོང་མོད། སྔ་མོའི་སྟོད་མངའ་རིས་སྐོར་གསུམ་ཟེར་དུས། ལི་བྲུ་ཤ་སྦལ་ཏི་གསུམ་སྐོར་གཅིག་ཅེས་བརྩི་སྲོལ་འདུག་པས་ན། འདིར་བརྗོད་བཞིན་པའི་དུར་དུག་ཅེས་པའི་ཡུལ་འདི་ནི་སྦལ་ཏི་ཡི་ཁོངས་སུ་གཏོགས་ཤིང་། ཁོང་ཚོས་ཀྱང་སྦལ་ཏི་པ་ཡིན་པར་བརྗོད། འོ་ན་དུར་དུག་ཅེས་པའི་ཡུལ་འདི་གར་ཡོད་ཀྱི་སྐོར་ལ། རྩོམ་པ་པོ་ཡི་ཤེས་ཀྱིས་ཁ་བརྡ་དྲ་ཐོག་ཏུ་བཀོད་པའི་(ས་ཆ་འདི་ན་ཡང་བོད་པའི་བུ་རབས་ཚ་རྒྱུད་འདུག)ཅེས་པའི་རྩོམ་ཡིག་ཏུ་གསལ་ཞིང་། དེ་སྐོར་གྱི་གློག་བརྙན་ཞིག་ཀྱང་བཀོད་འདུག་པ་འདིར་བསྐྱར་དུ་བཀོད་ཡོད། དྲ་ཐག་འདི་དག་ལ་བལྟས་ན་གསལ་བོ་མཐོང་ཐུབ། http://www.cultureunplugged.com/play/1591/Prayers-Answered
http://wikimapia.org/#lat=34.8496637&lon=76.8299675&z=15&l=0&m=s&v=9d
http://en.wikipedia.org/wiki/Northern_Areas
map of turtuk valley.
བོད་ བཙན་པོའི་རྒྱལ་རབས་ཉམས་དམེས་སུ་སོང་པ་ནས་བོད་རྒྱལ་ཁབ་ཆེན་པོའི་མཐའ་བཞིའི་ སྟོབས་ཆེན་རྒྱལ་ཁབ་དང་མི་རིགས་དག་གིས་སྣུམ་གྱིས་ཟིན་པ་བཞིན་བོད་འདི་ཆུང་ནས་ ཆུང་དུ་ཟོས་པས། སྔ་མོའི་ལི་བྲུ་ཤ་སྦལ་ཏི་ཟེར་བ་སོགས་ཀྱིས་མཚོན་པའི་མངའ་རིས་རྣམས་ཁུ་སུམ་སུམ་གཞན་དུ་ཤོར་བ་དང་། ནམ་ཞིག་ལ་བོད་རྒྱལ་ཁབ་དང་ཁ་བྲལ་བའི་སྐོར་རང་རེའི་ལོ་རྒྱུས་ཡིག་ཆ་དག་ན་ཉིན་མོའི་སྐར་མ་བཞིན་དུ་གྱུར་བས། དེང་སང་མི་རིགས་གཞན་གྱི་མཁས་པས་བརྩམས་པ་དང་དེ་ཡང་ཡིག་རིགས་གཞན་དག་ན་ལས། རང་རེའི་བོད་ཀྱི་སྐད་ཡིག་ལས་ད་སྔ་བདག་གི་མཐོང་ལམ་དུ་མ་གྱུར་མོད། མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པ་བཞིན་ཡོད་ཀྱང་སྲིད་པས་དཔྱོད་འདོད་ཅན་ཚོས་དཔྱད་པར་འཚལ།
དུར་དུག་ཅེས་པའི་ཡུལ་འདི་ནི་དུས་རབས་བཅོ་ལྔ་ནས་བཅུ་བདུན་བར་གྱི་དུས་ཚོད་དེར་ཁ་ཆེའི་ཆོས་ལུགས་སུ་བསྒྱུར་པ་དང་།( A.H..Francke་ཡིས་སྦལ་ཏེ་ནི་བོད་པ་ཁ་ཆེའི་ཆོས་ལ་འགྱུར་མཁན་ཐོག་མ་དེ་ཡིན་པར་གསུངས།) ཕྱི་ལོ་༡༩༤༨་དང་༡༩༧༨ལོ་ཙམ་ལ་བོད་དང་བྲེལ་བ་གཏན་ནས་ཆད་དེ་རྒྱ་གར་ཕ་ཀི་སྟན་གྱི་གཉིས་ཀྱི་རྒྱལ་ཁོངས་སུ་ཆ་བགོས་བྱས་(གོང་ གི་ལོ་འདི་གཉིས་ལ་རྒྱ་གར་དང་ཕ་ཀི་སྟན་གཉིས་དབར་ལ་དམག་བྱས་ཤིང་། ལོ་ཕྱི་མ་དེར་ང་ཚོས་འདིར་བརྗོད་བཞིན་པའི་དུར་དུག་པ་ཚོ་རྒྱ་གར་གྱི་མངའ་ཁོངས་ སུ་བརྩིས།)ཤིང་། དེའི་བར་དུ་བོད་ལ་དཔྱ་ཁྲལ་ལྟ་བུ་རེའང་འཇལ་སྲོལ་འདུག(འདིའི་སྐོར་བདག་གི་སྨྲ་ལྕེ་དང་འབྲེལ་བ་ཡོད་པས་ཁ་གསལ་བརྗོད་རྒྱུ་མིན།) འོན་ཀྱང་ཁོང་ཚོས་ད་དུང་རང་གི་ཕ་སྐད་ངོ་མ་བོ་བརྗེད་མེད་པར་སྒྲ་གདངས་གསལ་ཞིང་དག་པར་བརྗོད་ཐུབ་པ་མ་ཟད། བོད་སྐད་བསད་རྣམས་ལས་སྐད་གདངས་དག་ཤོས་དེའང་ཁོང་ཚོ་རེད་ཟེར་ན་ཁྱེད་རྣམས་ཡིད་ཆེས་བྱེད་དཀའ་ཚོད་དུ་གདའ་མོད། བོད་མི་ལས་ལ་དྭགས་པའི་བོད་ཀྱི་སྐད་ཡིག་གི་སྒྲ་གདངས་དག་མ་ཡིན་པ་དཔྱད་པས་ཤེས་ལ། ལ་དྭགས་པས་ཟེར་ན་ཁོང་ཚོ་ལས་སྦལ་ཏི་པའི་སྐད་དག་མར་བརྩིས་པས་ན། བོད་ཀྱི་སྐད་ཡིག་གི་སྒྲ་གདངས་དག་ཤོས་དེ་སྦལ་ཏི་པ་མ་ཡིན་ནམ། དུར་དུག་གི་མིས་ཀྱང་བོད་སྐད་(མངའ་རིས་སམ་ལ་དྭགས་པའི་སྐད)བཤད་ཅིང་ཡུལ་སྲོལ་གོམས་གཤིས་དག་ལས་ཀྱང་མ་གཅིག་གི་བུ་ནང་བཞིན་ད་དུང་མ་ཉམས་པ་མང་པོ་ཞིག་སྣང་།
ཡང་ང་རང་ཆེས་དགའ་ས་ཞིག་ནི་དུར་དུག་གི་བྱིས་པ་ཚོས་བོད་སྐད་དག་མོ་འགའ་རེ་བཤད་ཐུབ་པ་དེ་རེད། ལྷག་པར་དུ་ཁོང་ཚོའི་སྐད་གདངས་ལས་རྗེས་འཇུག་གི་སྒྲ་ནི་ཧ་ཅང་གསལ་བོར་ཐོན་ཐུབ།
བྱིས་པ་འདི་ཚོ་སྙིང་རྗེ་བོ་རང་འདུག ལ་དྭགས་བོད་ཁྱིམ་སློབ་གྲྭ་རུ་དུར་དུག་ནས་ཡོང་ཞིང་བོད་སྐད་ཡིག་སློབ་མཁན་སློབ་མ་བཅུ་བདུན་འདུག ཁོང་ཚོ་ནི་ཕྱི་ལོ་༢༠༠༥ལོར་༸གོང་ས་མཆོག་གིས་གཟིགས་སྐྱོང་འོག་ནས་དེ་གར་འོང་ཞིང་། བྱིས་པ་བཅུ་བདུན་ལས་ཆུང་ཆུང་གཉིས་བོད་ཕྲུག་ཚོ་དང་ལྷན་དུ་ཁྱིམ་ཚང་གི་མ་ཚབ་ཀྱིས་གཉོར་སྐྱོང་བྱེད་བཞིན་པ་དང་། གཞན་བཅོ་ལྔ་ཁོང་ཚོ་ཁྱིམ་ཚང་གཅིག་བཟོས་ཏེ་གཉོར་སྐྱོང་བྱེད་མཁན་གྱི་མ་ཚབ་ཡང་དུར་དུག་རང་ནས་ཡོང་བ་རེད། ཁོང་ཚོ་ཁྱིམ་ཚང་ལོགས་ཀར་བཟོ་དགོས་དོན་ནི་དུར་དུག་རང་གི་ཆོས་ལུགས(ཁ་ཆེ)ཆོ་གའང་སློབ་དགོས་པས་ཡིན་ཟེར། དུར་དུག་གི་བྱིས་པ་འདི་ཚོས་ལ་དྭགས་བོད་ཁྱིམ་གྱི་སློབ་ཚན་ཡོངས་སློབ་དགོས་པ་མ་ཟད། རང་རེའི་སྐད་ཡིག་སྟེ་ཨུར་རྡོ་ཡང་སློབ་སྦྱོང་བྱེད་ཀྱིན་འདུག ད་དུང་ཁ་ཆེའི་ཆོས་ལུགས་ཀྱི་དུས་ཆེན་ཀག་སོགས་ལ་ཁོང་ཚོས་ཁ་ཆེའི་ཆོས་ལུགས་ལྟར་ཕྱག་འཚལ་ཞལ་འདོན་བྱེད་དགོས་པ་རེད། ཁོང་ཚོ་ལོ་ཚོད་དང་སྔ་རྗེས་ལྟར་མཐོ་བ་འཛིན་གྲྭ་དྲུག་པ་ནས་གྲ་སྒྲིག་འཛིན་གྲྭ་བར་དང་། སློབ་གྲྭའི་ཐོབ་ཐང་སོགས་གང་ཐད་ནས་བོད་ཁྱིམ་སློབ་མ་སྤྱི་ཡོངས་དང་གཅིག་མཚུངས་རེད། ད་དུང་ཁ་ཆེའི་ཡུལ་སྟེ་Kashmir དང་བོད་རིགས་(འདི་ལ་ཁོང་ཚོས་པུ་རིགས་ཞེས་པའི་སྒྲ་གདངས་ཐོན་ཡོང་།)། གཅིག་བརྟན། མདའ་དང་ཧ་ནོ་སོགས་གཤམ་གྱི་ཕྱོགས་གཞན་དག་ནས་ཡོང་བའི་སློབ་ཕྲུག་ཀྱང་གང་འཚམ་ཞིག་འདུག་པ་རྗེས་སུ་ཞུ་ཆོག
ཀ་ཡེ་ཧོབ་ཏུ་བྲིས་པའི་རྩོམ་ཡིག་འདི།།
ཀ་ར་ཞིམ་པོ་འདྲ་ཞིག་མ་འཁྱོངས་མོད།།
ཀུ་རེ་འདྲ་བའི་དོན་སྣ་གང་མང་ཞིག།
ཀ་མེད་བསྒྲིགས་པ་ནོར་ན་མཐོལ་ལོ་བཤགས།།
༢༠༠༩ལོའི་ཟླ་༧ཚེས་༢༩ཉིན་ལ་དྭགས་ལྕོག་ལམ་སར་ནས་འགོ་བཙུགས་ཤིང་༩་པའི་ཚེས་༥ཉིན་རེ་ཞིག་རྫོགས་པར་བྱས།
ཐུགས་རྗེ་ཆེ། འདི་མོ་འདི་རེ་མ་གོ་ནས་བསྡད་ཡོད། ཡིན་ན་ཡང་ཞིབ་ཏུ་བསམས་ན་སྙིང་རླུང་ལྡང་པའི་རྒྱུ་ཡང་ཆགས་ཀི་འདུག
ཀླུ་སྨྱོན་ཕེབས་པར་དགའ། ཁྱོད་སྙིང་རླུང་ལྡིང་བ་ཅང་མ་རེད། ང་མིན་ཆུ་བཏང་མྱོང་ཟེར་ན་ཁྱོད་ཡིད་སེས་སམ། སྙིང་རླུང་ལདིང་བ་དང་མིག་ཆུ་བཏང་བས་ཅང་མི་ཕན། དེ་བས་མུ་མཐུད་ནས་བརྩད་གཅོད་དང་ཞིབ་དཔྱོད་ཀྱིས་བཙལ་འཚོལ་བྱ་རྒྱུ་གལ་ཆེན་རེད་སྙམ། བཞེས་ནིང་ལོར་ལ་དྭགས་ནས་འཇར་པན་གྱི་ཉམས་ཞིབ་པ་ཞིག་གི་ལག་ཡོག་ལོ་རྒྱུས་ཀྱི་རྒྱུ་ཆ་འཚོལ་མཁན་ཞིག་དང་ཐུག་སོང་། ངེད་གཉིས་ཀྱི་གྲོས་འཆམ་ལྟར་ཁོས་ང་ལ་རོགས་རམ་ཅུང་ཙམ་བྱས་བྱུང་ལ། ངས་ཀྱང་ཁོ་ལ་རྒྱུ་ཆ་འགའ་མཁོ་སྤྲོད་བྱས་པ་ཡིན། འོན་ཀྱང་རྗེས་ནས་ངེད་གཉིས་ཀྱི་འབྲེལ་བ་རྒྱུན་སྐྱོང་ཐུབ་མ་སོང་། ས་གནས་ཁག་ཏུ་སོང་སྟེ་ལོ་རྒྱུས་རྒྱུ་ཆ་འཚོལ་བ་དང་ཉམས་ཞིབ་བྱེད་དགོས་ཚེ་རང་གིས་བཙལ་བའི་སྒོར་རྡོག་འགས་ཅི་ཡང་མི་འདང་གི ང་ད་དུང་ལ་དྭགས་ཀྱི་ས་གནས་གང་མང་ཞིག་ལ་འགྲོ་རྒྱུ་མ་བྱུང་། བཙལ་ཟིན་པའི་རྒྱུ་ཆ་གང་མང་ཞིག་ཀྱང་ཡིག་ཐོག་ཏུ་འབེབ་མ་ཐུབ་པར་ལུས་བསྡད་ཡོད། རྗེས་སུ་རིམ་པས་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་ཐུབ་པར་སྨོན།