ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
འདས་པའི་མི་ལོ་འདི་དག་གི་རིང་། ང་ཚོ་ཁྲག་རྣག་གི་རྒྱ་མཚོའི་དཀྱིལ་དུ་གསོན་ཐབས་ཀྱིས་འབད་བརྩོན་བྱས་ཡོད་ནའང་། གངས་ཅན་བོད་རིགས་སྤུན་ཟླ་ཡོད་དོ་ཅོག་དཀའ་སྡུག་གི་ལས་དབང་ལས་ཐར་ཐུབ་མེད་ལ། འུ་ཅག་བོད་རིགས་སྤུན་ཟླ་མང་པོ་ཞིག་ཀྱང་ཚེ་སྲོག་གི་རིན་ཐང་དོར་ནས་མི་རིགས་ཀྱི་བདེ་སྡུག་དེ་ཁོ་ནའི་ཆེད་དུ་རླབས་ཆེན་གྱི་བློས་གཏོང་མཛད་པ་རེད། རྒྱ་ནག་གིས་རང་ཉིད་ཀྱི་དཔལ་འབྱོར་དང་ས་ཁམས་རྒྱ་བསྐྱེད་གཏོང་པའི་ཆེད། བོད་ཀྱི་རིན་ཐང་བྲལ་བའི་གཏེར་རྫས་རིན་ཆེན་དེ་ཚོ་ཆུ་བོ་རྒྱུགས་པ་བཞིན་རྒྱལ་ནང་དུ་འབོར་འདྲེན་བྱས་ནས། བོད་ས་ཡོངས་སུ་སྐྱ་ཐིང་ངེ་བཟོས་དང་བཟོ་མུས་སུ་གནས་ལ། རྒྱ་ནག་གི་སོ་སོའི་མངའ་ཐང་བརྟན་ལྷིང་དང་གཅིག་གྱུར་ཡོང་བར། བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་། ལེགས་བྱང་སོགས་མེད་པ་བཟོ་གང་ཐུབ་ཀྱི་ལས་རིམ་དང་སྲིད་ཇུས་སྤེལ་བས་ན། ད་ཆར་རི་བོ་གངས་ཅན་གྱི་ལྗོངས་འདིར་སོ་སོའི་མི་རིགས་ལ་བདག་དབང་མེད་པར། མཐའ་ན་སོ་སོའི་ས་ཆ་ན་སོ་སོའི་མི་དམངས་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་མུས་སུ་གནས་ཡོད། འདི་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་དྲང་བདེན་མེད་པའི་ལས་དབང་གསར་བསྐྲུན་དང་བསྙོན་སྐུལ་བྱས་པ་རེད་ལ། སུས་ཀྱང་དང་ལེན་དཀའ་བའི་གནད་དོན་ཞིག་ཀྱང་ལོས་ཡིན།
ཕྱི་ལོ་༡༩༥༩ལོར་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་བརྒྱད་ཁྲི་བརྒལ་བ་བཙན་བྱོལ་དུ་ཡོང་དགོས་བྱུང་རྗེས་ལོ་ཤས་རིང་བོད་མི་ན་གཞོན་རྣམས་ལ་ཤེས་ཡོན་སློབ་གསོ་དང་། ཆོས་དང་རིག་གཞུང་གི་བདག་གཅེས། མང་ཚོགས་ཀྱི་གཞིས་ཆགས་གསར་འཛུགས་སོགས་ཛ་དྲག་གི་གནས་ཚུལ་འོག་འབྱུང་འགྱུར་བོད་མིའི་ཆབ་སྲིད་ཀྱི་གནས་བབ་སྐོར་ངེས་གཏན་རྙེད་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་མ་གྲུབ་ཀྱང་། ཕྱི་ལོ་༡༩༦༧་དང་༡༩༦༨ཙམ་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་ཡོངས་ལ་ཐུགས་ཞིབ་དགོངས་བཞེས་གཏིང་ཟབ་དང་འབྲེལ། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་། བཀའ་ཤག་སོགས་གྲོས་ལ་དབང་བ་རྣམས་དང་། མཁས་མྱོང་ལྡན་པའི་བོད་ཀྱི་གྲོགས་པོ་རྣམས་ལ་གོ་བསྡུར་བགྲོ་གླེང་དང་དཔྱད་ཞིབ་གཏིང་ཟབ་རྒྱུན་རིང་གནང་འབྲས་སུ་ཕྱི་ལོ་༡༩༧༤ལོར་ནམ་ཞིག་བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་གོ་སྐབས་ཤིག་ཤར་ཚེ་རང་བཙན་རྩོད་གླེང་མི་གནང་པར་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་འཐོབ་ཐབས་གནང་རྒྱུའི་ནང་དོན་སྲིད་བྱུས་གཏན་འབེབས་གནང་ཡོད་པ་དང་། དེ་ནས་རིམ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་ཐབས་བརྒྱ་ཇུས་སྟོང་གནང་ཞིང་ཡུན་རིང་ལོ་རྒྱུས་ལྡན་པའི་བོད་རྒྱ་དཀའ་རྙོག་འདི་ཉིད་སེལ་ཐབས་གནང་ཡོད་པ་རེད།
ཡིན་ནའང་། དགྲ་བོའི་ལག་ཏུ་སྙིང་རྗེ་མེད་ཅེས་གསུངས་པ་ལྟར་ཕྱི་ལོ་༡༩༨༧ནས་ཕྱི་ལོ་༡༩༨༩ལོ་བར།རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བཟང་ཕྱོགས་ཀྱིས་གྱུར་བ་གང་ཡང་མེད་པར། བོད་རྒྱ་དཀའ་རྙོག་འདི་ཉིད་ལ་འགྲིག་ཐབས་ཀྱི་བསམ་བློ་རྟ་རྔ་ཙམ་ཡང་མེད་ཁར། བོད་མི་ཁྲི་སྟོང་མང་པོར་བཟོད་ཐབས་བྲལ་བའི་དཀའ་ངལ་ཏུ་ལྷུང་ནས་གྱེན་ལངས་བསྟུད་མར་མ་གནང་རང་གནང་དུ་གྱུར། སྐབས་དེར་རྒྱ་ནག་གིས་ཤ་ཚ་སྙིང་རྗེ་མེད་པར་བོད་མི་རྣམས་ལ་དྲག་གནོན་དང་བཙུན་འཇུག། ད་དུང་དུས་ཐོག་དམར་གསོད་སོགས་བཏང་པ་དང་། དེའི་རྗེས་སུའང་རྒྱུན་དུ་མང་ཚོགས་སྤྱི་དང་། ལྷག་པར་ཆོས་བྱེད་དགེ་འདུན་པ་རྣམས་ལ་དོ་དམ་བཏང་འཛིན་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་བཟོད་དཀའི་བསུན་བཙེར་བར་མེད་བྱས་པ་རེད། དུས་དེ་ནས་བོད་རིགས་སྤུན་ཟླ་ཡོངས་ཀྱི་སེམས་ཁོངས་རུས་པའི་གཏིང་ནས་གསོས་ཐབས་དཀའ་བའི་རྨ་ཁ་ཞིག་གཏོད་པ་རེད་མོད། ཡིན་ནའང་༧གོང་ས་ཆེན་པོས་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷག་བསམ་(Universal Responsibility)གྱི་དགོས་པ་དང་། དེ་བཞིན་དཀའ་རྙོག་གང་ཡིན་ཡང་གཉིས་མོས་མཛའ་མཐུན་ལམ་ནས་སེལ་དགོས་པའི་ལམ་སྟོན་འཇིག་རྟེན་ཡོངས་ལ་མཛད་དེ། དུས་རབས་ཉི་ཤུ་པ་ནི་དམག་འཁྲུག་འཐབ་རྩོད་ཀྱི་དུས་རབས་ཤིག་ཏུ་འདས་ཀྱང་། ད་ཆ་དུས་རབས་ཉེར་གཅིག་པ་འདི་དཀའ་རྙོག་རྣམས་བགྲོ་གླེང་གི་ལམ་ནས་སེལ་བའི་དུས་རབས་གསར་པ་ཞིག་ཏུ་བསྐྲུན་དགོས་པའི་རླབས་ཆེན་གྱི་བཀའ་བསླབ་རིམ་ཕེབས་གནང་པ་དང་། དུས་མཚུངས་སུ་རྒྱ་ནག་གིས་བོད་ཐོག་དྲག་གནོན་དང་ཁོང་ལ་བསྙོན་འཛུགས་ཇི་ལྟར་བྱས་ཀྱང་ཁོང་གི་བྱམས་སྙིང་རྗེའི་ཐུ་ནུས་ནས་བཟོད་བསྲན་གྱི་འོད་ཟེར་འཕྲོ་པས་ན། བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་འདི་ཉིད་ཀྱང་ཁོང་གི་དཀའ་སློབ་ལམ་སྟོན་འོག་གཉིས་ཕན་དབུ་མིའི་ལམ་གྱི་ལམ་ཕྱོགས་སུ་ཤར་བསྐྱོད་གནང་དང་གནང་མོས་སུ་གནས།
དབུ་མའི་ལམ་གྱི་ངོ་བོ་དེའང་བོད་རང་བཙན་བསྐྱར་གསོ་བྱས་ཏེ་རྒྱ་ནག་ནས་ཁ་བྲལ་དུ་འགྲོ་རྒྱུའི་མཐའ་དང་། ད་ལྟའི་བོད་ཀྱི་གནས་བབ་རང་འཇགས་བསྡད་རྒྱུའི་མཐའ་གནསི་དང་བྲལ་བའི་དབུས་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་དང་། རྒྱ་ནག་རང་གིས་གཏན་འབེབས་བྱུང་བའི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་སོགས་སུ་གསལ་བའི་རང་སྐྱོང་གི་ཆ་རྐྱེན་དེ་དག་གཅིག་ཀྱང་མ་ལུས་པར་ལག་བསྟར་བྱེད་དགོས་པ་དང་། བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་གི་འོག་ཏུ་ཚུད་དགོས་པ་དེ་རེད། ཆ་རྐྱེན་དེ་ནི་ཅི་འདྲའི་ལས་སླ་པོ་ཞིག་མ་རེད་དམ། དོན་དངོས་སུ་དེ་ནི་རྒྱ་ནག་ཅིག་གྱུར་ལ་ཕན་འདོགས་ཆེས་ཆེ་ལྡན་པའི་སྲིད་ཇུས་ཤིག་རེད་ལ། རྒྱ་ནག་ངོས་ནས་སྒྲུབ་མི་ཐུབ་བའི་གནས་དོན་ཞིག་གཏན་ནས་མ་རེད་མོད། འོན་ཀྱང་རྒྱ་ནག་གིས་ཆེ་པོས་ཆུང་བ་ལ་ཐུབ་ཚོད་ཀྱི་གཤིས་ངན་སྤྱོད་དེ་རང་ཉིད་ཀྱི་མིང་དང་མངའ་ཐང་སྒེར་འཛིན་ཡོང་པར་བོད་ཐོག་མི་སྤྱོད་ལས་འདས་པའི་བྱ་བ་བརྩམས་དང་རྩོམ་མུས་སུ་གནས།
ཕྱི་ལོ་༡༩༧༩ལོ་ནས་བོད་རྒྱ་འབྲེལ་མོས་ཀྱི་གོ་སྐབས་བྱུང་པ་ནས་ད་བར་བཙན་བྱོལ་སྒྲིག་འཛུགས་ངོས་ནས་རྒྱ་ནག་གི་འདོད་ཚུལ་ལ་བསྟུན་གང་ཐུབ་ཀྱི་སྲིད་ཇུས་དང་ལས་འགུལ་སྤེལ་ཕྱོགས་དང་། མཐའ་ན་སྐད་འབོད་རྒྱག་པའི་འབོད་ཚིག་སོགས་ནས་ཀྱང་སྒྱུར་བཅོས་རབ་དང་རིམ་པར་བཏང་དང་གཏོང་མུས་སུ་གནས་ཀྱང་། རྒྱ་ནག་ངོས་ནས་དེ་མཐུན་གྱིས་བཟང་པའི་འགྱུར་བ་ཞིག་གཏན་ནས་མ་བཏང་བ་རེད་ལ། ད་དུང་དེ་ལས་ལྡོག་ཏེ་བོད་ས་ཡོངས་སུ་ཆེས་དྲག་གནོན་དང་༧གོང་ས་མཆོག་ལ་ཉེས་མེད་བསྙོན་འཛུགས་གང་ཐུབ་བྱས་དང་བྱེད་མོས་རེད། བོད་པ་རང་ཉིད་གནའ་ཡོད་ཀྱི་མངའ་ཐང་དང་ཐོབ་ཐང་། བོད་ཀྱི་གསོ་ཤིང་དུ་གནས་པའི་ནང་བསྟན་ཤེས་རིག་དང་ཡུལ་སྲོལ་གོམས་གཤིས། རིན་ཐང་བྲལ་ཞིང་སྤོབས་པ་ཆོག་པའི་བོད་ཀྱི་ལེགས་བྱང་སོགས་རྩ་མེད་ཤུལ་མེད་བཟོ་པར་འབད་བརྩོན་གང་ཐུབ་བྱེད་པ་མ་ཚད། བོད་མི་ཡོངས་ལ་མིའི་འདུ་ཤེས་མེད་པར་མ་ཉེས་ཁ་གཡོག་གི་རྡུང་བརྡེད་དང་བཙུན་འཇུག་བྱེད་པ་སོགས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བརྫངས་པས་ན། བོད་རིགས་སྤུན་ཟླ་མང་པོས་རང་ཉིད་ཀྱི་རིན་ཐང་བྲལ་བའི་ལུས་སྲོག་དེའང་མཆོད་མེ་སྒྲོན་ནས་རེ་བ་ཞུ་དགོས་བྱུང་། ༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་དང་གཞན་ཕན་གྱི་བཀའ་སློབ་རབ་དང་རིམ་པ་ཕེབས་པའི་ཉེས་ལེན་ནས་ཁོང་རྣམ་པས་རྒྱ་མི་རྐང་ཅིག་ལའང་གནོད་འཚེ་མ་གཏོང་པར། རང་ཉིད་ཀྱིས་མེ་རླབས་ཁྲིས་ཀྱི་དཀའ་སྡུག་མྱོངས་ནས་རྒྱ་ནག་ལ་ཞུ་བ་ཚུལ་དུ་རེ་འདོད་གཏོན་པ་རེད། དེ་ནི་ཇི་འདྲ་བའི་རླབས་ཆེན་གྱི་བྱ་བཞག་ཅིག་མ་རེད་དམ། གལ་སྲིད་ཁོང་ཚོས་ཀྱང་ཁ་ཆེའི་མི་རིགས་དེ་དག་བཞིན་རང་ཉིད་ཀྱིས་ལུས་ལ་འབར་རྫས་འདོགས་སྟེ་རྒྱ་ནག་གི་ཁྲོམ་ར་ཆེ་ས་དང་མི་མང་འཛོམ་སའི་དཀྱིས་སུ་འབར་རྫས་གལ་ཐོར་གྱི་ལས་འགུལ་འདྲ་བརྩམས་ཚེ། རྒྱ་ནག་གཞུང་མང་གཉིས་ལ་གནོད་འཚེ་ག་འདྲ་ཞིག་མི་ཡོང་ངམ། དེའི་ཐད་རྒྱ་ནག་ངོས་ནས་བསམ་བློ་ཞིག་མི་གཏོང་པ་གང་ཡིན་ནམ།
རྒྱ་ནག་ནི་ལོ་ངོ་བདུན་ཅུ་ལྷག་གི་རིང་ཆབ་དཔལ་རིག་གསུམ་གང་གི་ཆ་ནས་ཀྱང་འཛུག་བསྐྲུན་ཡར་རྒྱས་ཚད་མཐོ་རུ་འགྲོ་བཞིན་པས་ཁོང་ཚོར་ང་རྒྱལ་སྔར་ལས་ཇེ་སྐྱེས་སུ་སོང་པ་དང་། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་མང་པོས་ཀྱང་ཚོང་ར་རྒྱ་བསྐྱེད་དང་ཚོང་ལས་མཉམ་འབྲེལ་སོགས་སུ་རྒྱ་ནག་ལ་བསྟུན་གང་ཐུབ་བྱེད་དགོས་པས། རྒྱ་ནག་ལ་འཛམ་གླིང་ནས་གནོན་ཤུགས་སྤྲོད་པའི་ཆ་རྐྱེན་མི་འདང་པ་དང་། སྤྲོད་པའི་དབང་དུ་གཏོང་ནའང་། རྒྱ་ནག་ལ་འགུལ་བ་མི་ཐེབས་པའི་འདིང་ཚོད་དེ་ཁོང་ཚོ་ལ་ཡོད་པ་རེད། རྒྱུ་མཚན་དེའི་རྐྱེན་པས་བོད་རིགས་བརྒྱ་ཁོར་ཞིག་གིས་རང་ལུས་མཆོད་མེར་སྒྲོན་ནས་ངོ་རྒོལ་བྱས་ནའང་། ཁོང་ཚོས་གོ་མེད་ཚོར་མེད་ངང་སྡོད་ཐབས་བྱུང་པ་རེད། དེ་ནི་ང་ཚོ་ལ་དྲང་བདེན་མེད་པ་མ་རེད་ལ། འཛམ་གླིང་རྒྱལ་ཁབ་ཁག་ལ་མིག་མེད་པ་དང་། སྙིང་རྗེ་མེད་པའང་མ་རེད། དེ་ནི་རྒྱ་ནག་སྟོབས་ཆེན་ཡིན་པའི་རྒྱུ་མཚན་ཁོ་ན་རེད། རྒྱལ་ཁབ་གང་ཞིག་ཡིན་ནའང་། སོ་སོའི་བདེ་སྡུག་དོར་ནས་གཞན་ལ་ཇུས་ཏོག་གང་ཐུབ་བཟོ་མཁན་མེད་ལ། སོ་སོའི་ཁེ་ཕན་དོར་ནས་གཞན་གྱི་ཁེ་ཕན་དོན་དུ་བློས་གཏོང་གི་ཆོད་སེམས་ནི་ཁོང་ཚོར་དེ་བས་ཀྱང་མེད། ཁོང་ཚོར་མཚོན་ན། དོན་དམ་ཐོག་བོད་ཀྱི་དཀའ་རྙོག་དེ་ཉིད་མུ་མཐུད་དཀའ་རྙོག་ཏུ་གནས་ན་ཁེ་ཕན་ཆེ་བ་ཡོད། གང་ཡིན་ལགས་ན། ཁོང་ཚོས་བོད་འདིའི་ས་བབ་དང་ཁོར་ཡུག་སོགས་གང་གི་ཆ་ནས་ཀྱང་ཁོང་ཚོར་ཡོད་པའི་ཁེ་ཕན་མི་མཐོང་ལ། ཁོང་ཚོས་བོད་ཀྱི་དཀའ་རྙོག་འདིས་རྒྱ་ནག་ལ་མཚམས་རེར་གནོན་ཤུགས་སྤྲོད་པའི་དགེ་མཚན་མཐོང་པས་སོ།
ང་ཚོའི་མི་མང་པོས་རྒྱ་ནག་ལ་གྱུར་བ་ཞིག་འགྲོ་བའི་རེ་བ་བཅངས་བསྡད་ཡོད་པ་དང་། སྔར་ཕྱི་ཙམ་ནས་གྱུར་བ་ཞིག་གཏན་གཏན་ཡོང་གི་རེད་ཅེས་གདེང་ཚོད་ཀྱང་ཡོད་པ་རེད་མོད། གནའ་ནས་ད་བར་མི་དམངས་ཀྱི་གྱེན་ལངས་ནི་རང་ཉིད་ཀྱི་ལྟོ་གོས་གཏོང་གསུམ་ལ་དཀའ་ངལ་འཕྲད་པ་དང་། རང་ཉིད་དབུལ་ཕོངས་ཉམས་ཐགས་སུ་གནས་པ་མ་ཚད། དབུལ་ཕྱུག་གི་ཧད་བག་ཆེས་ཆེར་ལྡན་པ་ཡིན་པའི་གནས་སྟངས་འོག་ནས་བྱུང་པ་རེད། ཡིན་ནའང་མི་སུས་ཀྱང་བློ་ཡུལ་དུ་མི་ཤོངས་བའི་ར་ཤི་ཡ་ཐོར་གཤིབ་འགྲོ་པར་ལྟར་རྒྱ་ནག་ད་བར་ཐོར་གཤིབ་མ་སོང་པ་དང་། ཕྱི་ལོ་༡༩༨༠ལོ་ནས་ད་བར་རྒྱ་ནག་རྒྱལ་ནང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་དང་ལས་འགུལ་ཡོང་མེད་པ་གང་ཡིན་ནམ། དེ་ནི་གཙོ་བོར་རྒྱ་ནག་གི་ཐབས་མཁས་སྲིད་ཇུས་ལ་ཐུག་ཡོད་པ་རེད། ཁོང་ཚོས་མི་དམངས་ཀྱི་དགོས་འདོད་དེ་དཔལ་འབྱོར་ཡིན་པ་རྟོགས་ཡོད་ལ། གལ་སྲིད་རྒྱ་རིགས་མི་དམངས་ཡོངས་ལ་ལྟོ་གོས་གཏོང་གསུམ་སོགས་འཚོ་བའི་དཀའ་ངལ་ཐད་སེམས་འཁྲེལ་མེད་པ་ཡོང་གྱུར་ན། ཁོང་ཚོས་རྒྱལ་ཁབ་ལ་མ་འདོད་པའི་ངོ་རྒོལ་ཡང་བྱེད་རྒྱུ་མིན་པ་དེའང་ཁོང་ཚོས་ཤེས་ཀྱིས་རེད། རྒྱུ་མཚན་དེའི་རྐྱེན་པས་ཏིང་ཤའོ་ཕིན་ནས་དཔལ་འབྱོར་རང་དབང་དང་སྒོ་འབྱེད་བྱེད་པའི་སྲིད་ཇུས་དེ་ཉིད་གཏན་འབེབས་བྱས་པ་རེད། སྐབས་དེ་དུས་འཛམ་གླིང་ནང་ཤེས་ལྡན་མང་པོས་རྒྱ་ནག་གི་སྲིད་ཇུས་འདིས་ཅིས་ཀྱང་རྒྱ་ནག་ནང་སྲིད་དང་གཞུང་དམངས་བར་འཐབ་འཛིན་གྱི་དཀའ་ངལ་བསྐྲུན་ངེས་ཡིན་པ་འདོད་ཀྱང་། ད་བར་ཁོང་ཚོས་བཤད་པ་དང་འདོད་པ་ནང་བཞིན་བྱུང་མེད་པ་རེད། དེ་ནི་རྒྱ་ནག་གི་ཕྱོགས་གཅིག་ནས་དཔལ་འབྱོར་རང་དབང་དང་སྒོ་འབྱེད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་མི་དམངས་ཁྲོད་རླབས་ཆེན་གྱི་མི་རིགས་རིག་ལུགས་ཀྱི་བསམ་བློ་དང་རྒྱལ་ཞེན་རིག་ལུགས་ཀྱི་སློབ་གསོ་གོང་མཐོར་བཏང་པ་དེ་རེད།
རྒྱ་ནག་མི་རིགས་སུ་ཡིན་ནའང་སོ་སོ་རྒྱ་རིགས་ཡིན་པར་སྤོབས་པ་ཡོད་ལ། སོ་སོའི་རྒྱལ་ཁབ་སྟོབས་ཆེན་དང་གཟི་བརྗིད་ཡིན་པའི་སྤོབས་པའང་ཡོད་པ་རེད། དེ་དང་མཉམ་དུ་རྒྱ་ནག་གི་ཤིན་ཏུ་ཐབས་མཁས་ཀྱིས་སྲིད་དབང་སྒེར་འཛིན་བྱེད་པའི་ཐབས་བྱུས་དེས་ད་བར་རྒྱ་ནག་རྒྱལ་ཡོངས་མི་དམངས་ལ་ཆེས་ཆེ་རྒྱབ་འགལ་དང་རྡོག་ཕོག་འགྲོ་བའི་གནས་ཚུལ་སོགས་མ་བྱུང་པ་དེས་དབང་གི་རེད། ད་དུང་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དག་གིས་དུས་དང་རྣམ་པ་ཀུན་དུ་རྒྱ་ནག་ལ་འགྲན་རྩོད་དང་རྒྱ་ནག་ཉམས་དམས་སུ་འགྲོ་པར་སྲིད་ཇུས་གང་མང་གཏན་འབེབས་བྱུང་པ་དེས། རྒྱ་ནག་མི་དམངས་ལ་སྟོབས་ཆེན་རྒྱལ་ཁབ་ཨ་རི་གཙོས་མང་པོར་མི་དགའ་བའི་བློ་སྐྱེས་པ་དང་། ལོ་རྒྱུས་ནས་ཁོང་ཚོར་གསོས་ཐབས་བྲལ་བའི་རྨ་ཁ་ཡོད་པའི་དབང་གིས་རེད་ལ། ཁོང་ཚོས་ཅིས་ཀྱང་ཁོང་ཚོར་མཐོང་ཆུང་དང་ཐུབ་ཚོད་བཏང་མྱོང་བའི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དེ་དག་ཕངས་ཉེས་སུ་གཏོང་དགོས་པའི་བསམ་བློ་དེ་ཡོད་པས་ན། སོ་སོའི་རྒྱལ་ཁབ་ནང་དཀའ་རྙོག་ཇི་ལྟར་ཡོད་ཀྱང་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་མདུན་དུ་ཞབས་འདྲེན་བཞག་རྒྱུ་མིན་པའི་ཆོད་སེམས་ཀྱང་ཁོང་ཚོར་ཡོད་བསྡད་པའི་དབང་གིས་རེད། དེའང་རྒྱ་ནག་སྲིད་གཞུང་གིས་ཤེས་བསྡད་པ་ཞིག་ཡིན་པས། བོད་དོན་ཡང་འདི་ལྟར་དཀའ་རྙོག་གི་ནང་དུ་ལྷུང་བསྡད་པ་རེད། རྒྱ་ནག་རང་ཉིད་ཐོར་གཤིབ་ཏུ་འགྲོ་པ་ཤིན་ཏུ་ནས་དཀའ་ལ། གལ་སྲིད་ནམ་ཞིག་ཐོར་གཤིབ་ཏུ་འགྲོ་བའི་དབང་དུ་གཏོང་ནའང་། དུས་ཚོད་རིང་པོ་ཞིག་སྒུག་དགོས་ངེས་རེད། བོད་པ་ཚོས་དུས་ཚོད་འདིར་སྒུག་བསྡད་པ་ཡིན་ན། སྐབས་དེ་དུས་གཞིས་བཞུགས་བོད་མི་ཚོས་རང་ཉིད་མི་རིགས་གང་གི་ཁོངས་སུ་གཏོགས་པའང་མི་ཤེས་པའི་དུས་ལ་སླེབས་ངེས། རྒྱུ་མཚན་དེའི་དབང་གིས། ང་ཚོས་ངེས་པར་ཏུ་གནས་དོན་འདིའི་རིགས་ལ་ཐུགས་བསམ་བཞེས་དགོས་པ་དང་། རྒྱ་ནག་ཐོར་གཤིབ་མ་འགྲོ་བར་ངང་སྒུག་བྱེད་མ་བསྡད་པ་དང་། དུས་རྟག་ཏུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཞལ་རེས་དང་རྣམ་གྱུར་ལ་བལྟས་མ་བསྡད་པར་སོ་སོའི་ངོས་ནས་ཅི་ཞིག་བྱ་དགོས་མིན་ཐད་བསམ་བློ་གང་མང་གཏོང་དགོས་སྙམ།
རྒྱ་ནག་འཐོར་གཤིིིག་འགྲོ་བར་ངང་སྒུག་མ་བྱེད་པར་ཞེས་པ་དེ་ཡག་པོ་འདུག དེ་སྔ་རྡ་སར་ཏིང་ཤི་རྗེས་རྒྱ་ནག་གི་འགྱུར་བ་ཟེར་ཞིང་རེ་བ་ཆེན་པོ་བྱས་ཡོད། ད་ཆ་ཏིང་ཤི་ནས་ལོ་གྲངས་མང་པོ་འགྲོ་ཟིན། ད་དུང་ཡང་འགྱུར་བ་འགྲོ་མི་འདུག དེས་ན་ང་ཚོའི་ངོས་ནས་ལས་དོན་གསར་གཏོད་བྱེད་དགོས་འདུག
བོད་དོན་འདི་ཅིའི་ཕྱིར་འདི་ལྟར་དཀའ་རྙོག་ཏུ་གནས་པ་རེད་ཟེར་ན། སྤྱིར་རྒྱ་བོད་གཉིས་ཀྱི་ཆབ་དཔལ་རིག་གསུམ་གྱི་གནས་བབ་ལ་་གནམ་ས་ལྟ་བུའི་བར་ཁྱད་ཤོར་བ་དང་ལྷག་ཏུ་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཉིན་རེ་ནས་ཉིན་རེ་འཛམ་གླིང་གི་མདུན་དུ་ཐོན་བཞིན་པ་འདི་རྒྱུ་རྐྱེན་གཙོ་བོ་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ང་ཚོར་གཅིག་སྒྲིལ་གྱི་སྟོབས་ཤུགས་ཞན་པ། ཐུན་མོང་གི་ལངས་ཕྱོགས་མེད་པ། ཞིབ་ཚགས་ཀྱི་ཐབས་ཇུས་མེད་པ། འདི་དག་གིས་ཀྱང་དཀའ་རྙོག་སེལ་འདུན་མེད་པ་དང་ཡང་ན་འགོར་འགྱངས་བྱེད་པར་ངེས་
རྒྱ་ནག་འཐོར་གཤིིིག་འགྲོ་བར་ངང་སྒུག་མ་བྱེད་པར་ཞེས་པ་དེ་ཡག་པོ་ཡོད་མེད་ཐེ་ཚོམ་རེད།
ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ་ལགས། ཉིད་ཀྱི་རྩོམ་ཡིག་ཆ་ཚང་བལྟས་པ་ཡིན། དོ་སྣང་དེ་ལྟར་བྱེད་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ཆོས་སྲིད་གཉིས་ཐད་ཁ་བསྐང་དགོས་པའི་ཆ་ཤས་དུ་མ་ཡོད་པ་དངོས་ཡོད་རེད་བསམ་གྱི་འདུག
གོང་དུ་ཁ་ཤས་ཞིག་གིས་བོད་དོན་གྱི་དཀའ་རྙོག་ཟེར་བ་དེ་ལ་འབྲེལ་བཤད་མང་པོ་ཞིག་བྲིས་འདུག་འོན་ཀྱང་ངས་ལྟོས་ན་འབྲེལ་བཤད་དེ་དག་ལ་དོན་སྙིང་ཞིག་མཐོང་མ་སོང་དཔེར་ན་དཀའ་རྙོག་དེ་རྒྱ་བོད་ཀྱི་ཆབ་དཔལ་རིག་གསུམ་སོགས་ལ་ཧེ་བག་དང་རྒྱ་ནག་གི་དམག་སྟོབས་ཀྱིས་ནུས་ཤུགས་སོགས་ཀྱིས་དཀའ་རྙོག་ལ་གནས་བ་རེད་ཟེར་་་་་་འོ་ན་རྒྱ་ནག་དང་འདྲ་བའི་བོད་ཀྱི་ཁྱི་ཚེའི་རྒྱ་ཁབ་སྟོབས་ཤུགས་ཆེ་བ་མེད་སོང་རེད་དམ་ཡོད་ན་དེ་དག་གིས་བོད་ལ་བཙན་འཛུལ་དང་རྙོག་དྲ་མི་བཟོ་བ་ཅི་ཡིན་ནམ་དེ་ནི་ངས་ལྟོས་ཁེ་ཕན་དགོས་དབང་རྐྱང་བ་ཟིག་ཡིན་རྒྱུ་རེད་མ་གཏོགས་སྟོབས་ཆེ་བ་དང་ཤུགས་ཡོད་པ་ཙམ་གྱིས་ང་ཚོ་ལ་དཀའ་རྙོག་བཟོ་དགོས་དོན་ཨུ་མི་ཡོད།
རྒྱ་གར་ལ་རང་བཙན་ཐོབ་དགོས་པ་དེ། བོད་དང་རྒྱ་ནག་འབྲེལ་ཡོད་པ་ལས། རྙོག་དྲ་ཆུང་བར་བསམ། འོན་ཀྱང་ཨིན་ཇིའི་དབང་སྒྱུར་ནས་རང་བཙན་ལེན་པ་ལ་ལོ་ག་ཚོད་གོར་འདུག མཐར་ཐུག་ཨིན་ཇི་དབང་སྒྱུར་པ་ཀུན་རྒྱ་གར་ནས་འགྲོ་དགོས་པ་བྱུང་། དེ་བཞིན་གངས་ཅན་བོད་ལྗོངས་ནས་འོས་མིན་གྱིས་བོད་ལ་དབང་སྒྱུར་མཁན་ཀུན་ཀྱང་འགྲོ་དགོས་པ་ཞིག་འབྱུང་ངེས་སོ།