ཅི་འདྲ་འདུག གྲོགས་པོ་ཚོ། ཨོ་ལིམ་ཕིག་གི་མཛད་སྒོ ད་དུང་མ་ཚར་བར་སྟོན་གྱི་འདུག ད་ལྟ་རྒྱ་ནག་གི་ལུས་རྩལ་པ་རྣམས་ཕྱིར་ཐོན་ཡོང་གི འདིར་ཨོ་ལིམ་ཕིག་གི་མཛད་སྒོ་མ་གླེང་སྔོན་མཛད་སྒོ་མ་ཚུགས་སྔོན་གྱི་གནས་ཚུལ་དེ་ཞུ་འདོད།
བོད་དོན་ཆེད་ངོ་རྒོལ།
ཨོ་ལིམ་ཕིག་གི་མཛད་སྒོ་མ་ཚུགས་པའི་ཆུ་ཚོད་གཅིག་གི་སྔོན་ཙམ་ལ། ཨོ་རྩལ་རྩེ་ཡུལ་བྱེའུ་ཚང་ནང་འཛུལ་སའི་ཕར་ཕྱོགས་སུ། ཕྱི་རྒྱལ་བ་གསུམ་གྱིས་བོད་ཀྱི་རྒྱལ་དར་ཕྱར་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་ངོ་རྒོལ་བྱས་འདུག ཡིན་ན་ཡང་སྐར་ཆ་བཞི་བཅུ་རྗེས་ཁོང་ཚོ་ཚང་མ་རྒྱ་ནག་གི་སྤྱི་བདེ་མི་སྣས་འཇུས་འདུག དེ་ཕ་ཡུལ་དྲ་ཚིགས་སུ་ལམ་སང་བཀོད་འདུག་པ་མ་ཟད་ངོ་རྒོལ་བྱེད་བཞིན་པའི་པར་ཞིག་ཀྱང་བཀོད་འདུག པར་ནང་མི་གཅིག་སྤྱི་བདེ་མི་སྣ་གཉིས་ཀྱིས་མར་སལ་མནན་འདུག ཡང་སྤྱི་བདེ་མི་སྣ་གཅིག་གིས་ཕོ་གསར་སྟོད་ལྭ་ནག་པོ་གོན་པ་ཞིག་གི་རྒྱབ་ལོགས་ནས་འཇུས་ཏེ་ཁོང་གི་ལག་པ་གཡས་པ་ནས་དམ་པོར་བཟུང་འདུག་ཀྱང་ཁོང་གིས་ལག་པ་གཡོན་པས་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་འདུག ཁོང་གི་མདུན་དུ་ཡང་སྤྱི་བདེ་མི་སྣ་ཞིག་ཡོད་པ་དེའི་ལག་པ་འཇོག་སྟངས་ཀྱི་རྣམ་པར་བལྟས་ན། དེ་འདྲ་བྱེད་ཆོག་གི་མ་རེད་ཟེར་གི་ཡོད་པ་འདྲ་པོ་འདུག ཁོ་ཚོའི་རྒྱབ་ལོགས་སུ་སྤྱི་བདེ་མི་སྣ་གཞན་ཞིག་གིས་བུ་མོ་བོད་ཀྱི་རྒྱལ་དར་ཁྱེར་བ་ཞིག་གི་རྗེས་སུ་རྒྱུག་གི་འདུག
བོད་དོན་ལས་འགུལ་འདི་ཨོ་ལིམ་ཕིག་མཛད་སྒོའི་སྔོན་འགྲོའི་སྟ་གོན་ལྟ་བུར་གྱུར དེ་ནས་མཛད་སྒོ་དངོས་སུ་མགོ་ཚུགས།
ཨོ་ལིམ་ཕིག་གི་མཛད་སྒོ།
ད་ངས་ཇི་ལྟར་བརྗོད་དགོས་པ་རེད་དམ། ཨོ་ལིམ་ཕིག་གི་མཛད་སྒོ་དེ་ནི་ཧ་ལས་ཧང་སང་། ངོ་མཚར་གྱི་བཀོད་པ་མཐའ་ཡས་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག ཡང་ན་སྒྱུ་འཕྲུལ་གྱི་ཞིང་ཁམས་ཤིག་རེད་ཅེས་བརྗོད་ན་མ་འགྲིགས་པ་འདུག་གམ། སྒྱུ་རྩལ་གྱི་མི་ཚོགས་གཡོ་བའི་རླབས་རྒྱུན་ཁྲོད། སྒྱུ་རྩལ་གྱི་གློག་རླབས་རྒྱུག་པའི་འཕར་འཇགས་ཁྲོད་གནའ་བོའི་རླབས་ཆེ་བའི་མི་རིགས་ཤིག་གི་རིག་གཞུང་གི་ཟུར་ཞིག་ལོ་རྒྱུས་ཀྱི་ཟུར་ཞིག་མངོན་པར་གྱུར། དེ་ནི་རྒྱ་ནག་མི་རིགས་ཀྱི་རིག་གཞུང་དང་རྒྱ་ནག་་མི་རིགས་ཀྱི་ལོ་རྒྱུས་རེད། དེས་ན་ང་ཚོས་སྔོན་མ་ནས་བྲིས་ཡོང་བ་ལྟར་རྒྱ་ནག་གི་ཨོ་ལིམ་ཕིག་ལས་ ་་ཀྲུང་གོའི་་ ཨོ་ལིམ་ཕིག་མ་རེད། བོད་ཟེར་བ་དེའང་རྒྱ་ནག་ལས་གཞན་ཞིག་ཡིན་པ་མཐོང་། ད་རུང་ངས་དྲི་ཟའི་གྲོང་ཁྱེར་ཏེ་སྒྱུ་རྩལ་གྱི་ཞིང་ཁམས་འདིའི་བར་སྣང་དུ་ང་ཚོས་ནམ་ཡང་རྗེས་སུ་ཡི་རང་དང་གུས་བཀུར་གྱིས་ཡར་་ལ་འཇོག་འོས་པའི་ངོ་མི་ཤེས་པའི་སྒྱུ་རྩལ་པ་སྐོར་ཞིག་གི་གདོང་རས་མངོན་བྱུང་།
ང་རང་དར་ཅིག་ལ་སྒྱུ་རྩལ་གྱི་ཞིང་ཁམས་གཞན་ཞིག་ལ་འཁྱམས། རྗེས་མ་ང་ཚོར་རང་དབང་གི་ཉི་མ་དགུང་ནས་ཤར་དུས། དེའི་སྐབས་ཀྱི་མཛད་སྒོའི་རྣམ་པ་དེ་ཇི་འདྲ་ཞིག་ཡིན་འོས། དེའི་སྐབས་ང་ཚོའི་སྒྱུ་རྩལ་གྱི་ཐབས་ལམ་དུ་མ་ལ་བརྟེན་ནས་ཤམ་བྷ་ལའི་ཞིང་བཀོད་བཞེངས་དགོས་ཀྱི་འདུག་སྙམ། ང་ཚོའི་རང་བྱུང་དང་། རང་བྱུང་དང་མིའི་འབྲེལ་བ། གཙོ་བོ་བོད་མིའི་ཆོས་དང་རིག་གཞུང་གིས་གྲུབ་པའི་སེམས་པ་དེ་མངོན་ཐབས་བྱེད་དགོས་ཀྱི་འདུག ལྟད་མོ་བ་ཀུན་གྱི་སེམས་ལ་སྨྲ་མི་ཤེས་པའི་ཞི་བདེ་སྟེར་ཐུབ་པ་དང་། མིག་ཆུ་དབང་མེད་དུ་སྟེར་བའི་འཇིག་རྟེན་ཞིག་ང་ཚོས་སྒྱུ་རྩལ་ལ་བརྟེན་ནས་བཞེངས་ཆོག་སྙམ།
གོང་དུ་བརྗོད་ཟིན་པ་བཞིན་འདི་ལྟར་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་གི་བསྟན་བྱ་ནི་གཙོ་བོ་མི་རིགས་བྱེ་བྲག་པ་ཞིག་ཏུ་གྱུར། འདིས་ང་ཚོར་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་རྣམ་པ་ཞིག་ཀྱང་སྟོན་གྱི་འདུག དེའི་ཐོག་ནས་ང་ཚོའི་མཐོང་ཐུབ་པ་ནི་གནའ་སྔ་མོའི་རྒྱ་ནག་བཞིན་རྒྱ་ནག་དེ་ད་རུང་རྒྱ་ནག་ཡིན་པ་མ་ཟད་ ་་ཀྲུང་གོ་་ ཡང་རྒྱ་ནག་གི་ ་་ ཀྲུང་གོ་་་ ཡིན་པ་གསལ་བོར་སྟོན་གྱི་འདུག་སྙམ། ཐོག་མར་མི་རིགས་ཡོངས་ཀྱིས་རྒྱ་ནག་གི་རྒྱལ་དར་མཉམ་གཅིག་ཏུ་ཁྱེར་ནས་འགྲོ་བ་དེ་མི་རིགས་ཚང་མ་འདྲ་མཉམ་ཡིན་པའི་རྣམ་པ་སྟོན་བྱེད་ཙམ་རེད། རྒྱ་ནག་ལ་མཚོན་ན་མི་རིགས་འདྲ་མཉམ་ཟེར་བ་དེ་ཕྱིའི་རྣམ་པ་ཙམ་ལས་ད་རུང་འདྲ་མཉམ་ཟེར་བའི་ཡིག་འབྲུ་དེ་གཉིས་འདུ་ཤེས་ཀྱི་གཏིང་དུ་སླེབས་མེད་པ་སྒྱུ་རྩལ་འཁྲབ་སྟོན་ཧྲིལ་བོ་ལས་ཤེས་ཐུབ། མཇུག་ཙམ་དུ་མི་རིགས་ཚང་མས་མཉམ་དུ་དགའ་བསུའི་ཞབས་བྲོ་འཁྲབ་ཀྱི་ཡོད་པའི་རྣམ་པ་འཁྱུག་ཙམ་ཡོད་པ་དེའང་ཕྱིའི་རྣམ་པ་ཙམ་དུ་ཟད། དེས་ན་ང་ཚོས་འདི་ལ་རྒྱ་ནག་གི་ཨོ་ལིམ་ཕིག་ཟེར་ནས་མུ་མཐུད་དུ་འབོད་འོས།
པེ་ཅིན་ཨོ་ལིམ་ཕིཀ་བརྒྱུད་དེ་ང་ཚོས་རྒྱ་ནག་ལ་རྒྱུས་ལོན་ཅི་ཞིག་བྱུང་སོང་ངམ། ཁོ་ཚོས་ཆབ་སྲིད་ཀྱི་ཐོག་ནས་རྒྱུགས་མི་འཕྲོད་པ་བཤད་མི་དགོས་མོད། དེ་ལས་གཞན་བལྟ་ས་ཅང་འདུག་གམ།རྒྱ་གར་གྱིས་ཨོ་ལིམ་ཕིཀ་ནམ་ཞིག་ལ་བཀོད་སྒྲིག་བྱེད་ཐུབ་བམ།
ཚེ་རིང་སྐྱིད་ཟེར་བ་འདི་དུས་བབ་ཀྱི་གསར་འགོད་པ་གསར་བ་དེ་ཡིན་ཚེ་ཁྱོད་ཀྱིས་ལྷ་བཟང་ཚེ་རིང་ལགས་སུ་བཅར་འདྲི་བྱས་པའི་རྩོམ་ཡིག་དེར་བྲོ་བ་ཞིམ་པོ་བྱུང་ཞེས་བཤད་འདོད་སྐྱེས། དུས་བབ་ཏུ་དེང་སང་གླ་ཡོད་གསལ་བསྒྲགས་ཙམ་མ་གཏོགས་བོད་གཞུང་གི་འཛིན་སྐྱོང་སྐོར་གྱི་གནས་ཚུལ་གོ་རྒྱུ་ཉུང་ཉུང་རེད། དེའི་རྒྱུ་མཚན་ག་རེ་ཡིན་ནམ།
པེ་ཅིང་ཨོ་ལིམ་ཕིག་ལས་ང་ཚོས་རྒྱ་ནག་དེ་རྒྱ་ནག་ཁེ་གཙང་ཡིན་པ་རྒྱུས་ལོན་བྱུང་།
མི་རིགས་ལྔ་བཅུ་ང་དྲུག་ནང་རྒྱ་ནག་དེ་རྒྱ་ནག་ཆེན་པོ་ཡིན་པ་རྒྱུས་ལོན་བྱུང་།
ད་ལྟ་ཀྲུང་གོ་ཟེར་བ་དེའང་རྒྱ་ནག་གཅིག་པོ་ཡིན་པ་རྒྱུས་ལོན་བྱུང་།
ཀྲུང་གོའི་ལོ་རྒྱུས་རྒྱ་ནག་གི་ལོ་རྒྱུས་དང་ཀྲུང་གོའི་རིག་གཞུང་རྒྱ་ནག་གི་རིག་གཞུང་ཡིན་པ་རྒྱུས་ལོན་བྱུང་།
དེས་ན་བོད་དང་སོག་པོ་ཤར་ཏུར་ཀི་སི་ཐན་སོགས་རྒྱ་ནག་ལས་གཞན་ཞིག་ཡིན་པ་རྒྱུས་ལོན་བྱུང་།
མགོན་པོ་ཕྱག་གཉིས་པ་ཕེབས་པ་ལེགས། མཛད་སྒོ་ནི་གྲ་རྒྱས་པོ་ཞེ་དྲགས་བྱུང་སོང་། ཁྱེད་ཀྱིས་གསུངས་པ་བཞིན་རྒྱ་མི་རིགས་ལས་གཞན་པའི་གྲངས་ཉུས་མི་རིགས་ཞེས་པ་དེ་ཚོའི་རིག་གནས་མཚཽན་བྱེད་ནི་གང་ཡང་མི་འདུག རྒྱལ་ཁབ་བརྒྱ་དང་བཞིའི་རྩེད་འགྲན་རུ་ཁག་ཚོས་རང་རང་གི་རྒྱལ་དར་འཕྱར་ནས་ཡོང་སྐབས་བོད་ཀྱི་རྒྱལ་དར་འདི་འཕྱར་ནས་དེའི་བར་གསེང་དུ་འཚངས་འཛུལ་ཞིག་བྱེད་ཐུབ་ན་ག་འདྲ་ཡག་བསམ་པ་ཞིག་བྱུང་། འོན་ཀྱང་དེ་ཚོ་བྱིས་པའོ་བསམ་བློ་གཏོང་སྟངས་ལས་དོན་དངོས་སུ་དེ་འདྲ་བྱེད་ག་ལ་ནུས། ནུས་ཀྱང་ཕན་ཐོགས་ཆེན་པོ་གང་ཞིག་ཡོད།
སྐུ་ཞབས་སྤོབས་པ་ལགས། ཁྱེད་རང་གི་ཡི་གེ་དེ་ཚོ་མཁའ་འགྲོའི་བརྡ་ཡིག་ཡིན་ནམ་ཅི་ཡིན།