རྔ་བ་ཀུན་བཟང་།
འདར་སིག་སིག་གི་མཚན་མོ་འདི་
ཅི་འདྲའི་གྲང་ངར་ཆེ་བས་
ངའི་བྱིས་དུས་ཀྱི་ཨ་མའི་རུམ་ཁ་དྲན་ཞོར་
ལྷིང་འཇགས་ཀྱི་གྲུ་ཟུར་ཞིག་ནས་
བསམ་གཞིགས་བརྒྱ་ཕྲག་རིམ་གྱིས་བསླངས་ཀྱིན་
མཚན་མོ་རེ་རེའི་གློག་སྒྲོན་ཁྲོད་
སྙན་ངག་གི་འདར་ཤ་དང་ཁོ་མོའི་རུམ་ཁ་འཚོལ་བཞིན་
ད་གཟོད་ ཕྱིར་མིག་རིང་བོ་ཞིག་གི་གོ་རིམ་ཁྲོད་
ང་ཕ་ཡུལ་དང་རྒྱང་དུ་བཀྱེད་ཡོད་པ་གཞི་ནས་ཚོར་
དེ་རིང་འདི་ལྟར་
ལེ་དབར་སྟོང་ཕྲག་གི་ཕ་རོལ་ནས་
རི་ཆུ་སྟོང་ཕྲག་གི་ཚུར་རོལ་ནས་
བརླགས་མ་མྱོང་པའི་སེམས་པ་རྣལ་མ་ཞིག་
མི་ཡུལ་ཞིག་དང་ཁ་བྲལ་བ་ཚོར་གྱིན་ཚོར་གྱིན་
བརླགས་ཟིན་པའི་མེས་པོ་ཚོ་བཞུད་ཤུལ་ན་
སྨྲེ་ངག་སྤར་མོ་གང་དགོང་ལ་འཐེན་བཞིན་
ཁ་སང་གི་ལོ་རྒྱུས་ལ་དེ་རིང་གི་ཕྱིར་དྲན་ཆེད་དང་
ཁ་སང་གི་གོད་ཆག་ལ་དེ་རིང་གི་ན་ཟུག་སློང་ཞོར་
སྙན་ངག་མ་ཡིན་པའི་སེམས་གཏམ་རྣལ་མ་ཞིག
སྨྱུག་རྩེ་ནས་ལྷོད་ཀྱིས་འགུལ
༢༠༡༣ ༣ ༡༥ ཉིན་བྲིས།
ཨ་ལྕེ་ཀུན་བཟང་དང་། བསམ་གླིང་མ་གཉིས་ཀྱི་སྙན་རྩོམ་རེ་རེ་མཐོང་དུས་་་་་་་་་་ངའི་་་་་
ཨ་དྲིན་མོ་ཆེ་ཁྱོད་གཉིས།
བཞུད་ཟིན་པའི་མེས་པོ་ཚོ་བཞུད་ཤུལ་ན་
ཟླ་བ་ཡི་འཛུམ་དཀར་དྭངས་མ།
རྒྱུ་སྐར་གྱི་འོད་སྣང་ཕྲ་མོ།
གྲང་ཆོག་ཆོག་གི་ས་ལ་ལྷུང་དུས།
ཨ་མ་ཁྱོད་ཅི་འདྲའི་དྲན་ཨང་།
རླུང་བུ་ཡི་ལག་པ་རྩུབ་མོས།
སྡོང་ལོ་དག་ས་ལ་གཏོར་བཞིན།
གྲང་ཆོག་ཆོག་གི་སྒེའུ་ནས་འཛུལ་དུས།
ཨ་མ་ཁྱོད་ཅི་འདྲའི་དྲན་ཨང་།
གྲང་ཆོག་ཆོག་གི་ས་མཐའ་འདི་ནས།
ན་སོན་པའི་བུ་མོ་ང་ཡིས།
འདས་སོང་དག་ལ་ཕྱི་མིག་ལྟ་དུས།
ཨ་མ་ཁྱོད་ཅི་འདྲའི་དྲན་ཨང་།
མདང་གི་སྙན་དངགས། དེ་རིང་གི་དགེ་རྒན།
དེ་རིང་གི་སྙན་དངགས། སང་ཉིན་གྱི་དྲན་རྟེན།
སང་ཉིན་གྱི་སྙན་དངགས། མི་ཚེ་ཡི་ཉམས་མྱོང་།
རྒྱུ་སྐར་གྱི་ཚོམ་བུས། ཟུར་མིག་གིས་སྐར་མདའ་འཕེན་དུས། ཉ་གང་ཨ་མའི་ཞལ་རས་ཡིད་ལ་ལྷང་ལྷང་དྲན་བྱུང།
ལྷོ་སྤྲིན་གྱི་ཁྱུ་ཚོགས། ལང་ལིང་གིས་རྣམ་པར་གཡོ་དུས། གཡང་དཀར་ལུག་གུའི་འབའ་སྒྲ་དྲན་ཐེང་རེར་མིག་ཆུ་ཟག་བྱུང།
ཀུན་བཟང་མ་ཡ། ཁ་སྐོར་ལོག། དོན་གོ་ལོག་པ་ངས་ཡང་ཁ་ལག་གཉིས་ཀ་ཅིག་མ་འགུལ་ལ་མ་བལ་ཐལ།
(མི་ཡུལ་ཞིག་དང་ཁ་བྲལ་བ་ཚོར་གྱིན་ཚོར་གྱིན་) འདི་མི་ཡུལ་ཞིག་དང་ཁ་བྲལ་བ་ཟེར་དགོས་ནི་རེད་དམ། རང་ཡུལ་ཞིག་དང་ཁ་བྲལ་བ་ཟེར་དགོས་ནི་རེད། མི་ཡུལ་དང་ཁ་བྲལ་ན་རང་ཡུལ་ལ་ཡོད་དགོས་བ་མ་རེད་དམ། དེ་ན་རི་ཆུ་སྟོང་ཕྲག་གི་ཕར་ཚུར་རེད་མི་འདུག་མོ། གོ་ནོར་ཡིན་ན་འདྲ། དོན་ནོར་ཡིན་ན་ཡང་འདྲ། མགོ་ཉོག་པོ་ཞིག་བྲིས་འདུག།
ང་ཡི་བརྩེ་བའི་ཨ་མ། །ཁྱེད་ནི་བུ་ངའི་ཡོད་ཚད། །
ཁྱེད་ཀྱི་བརྩེ་བའི་འཛུམས་འདང་། །ནམ་ཡང་ང་ཡི་ཡིད་ངོར། །
ང་ཡི་དྲིན་ཆེན་ཨ་མ། ཉིད་ཀྱིས་བསྐྱངས་པའི་བཀའ་དྲིན། །
བུ་ངས་སེམས་ལ་འཁོར་དུས། །མིག་མཐའ་ཆིལ་མས་ཁེངས་བྱུང་། །
མི་ཡུལ་ས་མཐར་འགྲིམ་དུས། །བརྩེ་བའི་ལག་གདངས་སྒྲིལ་ནས། །
མ་བུ་ལྷན་དུ་འགྲོ་དུས། །ཨ་མ་ལྷག་ཏུ་དྲན་བྱུང་། །
ཨ་མ་ཁྱེད་ཀྱི་སྐུ་གཟུགས། །བགྲེས་ནས་བགྲེས་སུ་སོང་བ། །
དྲན་དུས་ས་མཐའི་བུ་ངས། །དབུགས་རིང་གཏང་ནས་སྡོད་ཡོད། །
ང་ཡི་རྩ་བའི་བླ་མ། །ཐུགས་རྗེ་སྤྱན་གྱིས་གཟིགས་ནས། །
ང་ཡི་དྲིན་ཆེན་ཨ་མའི། །ཚེ་བགེགས་བར་ཆད་སེལ་རོགས། །
ཀུན་བཟང་ལགས། ལར་ནས་ཉེ་བའི་ཉིན་འགའི་ནང་ཁྱེད་ཀྱིས་ཡག་ཙོག་ལ་མ་ལྟོས་པར་བྲིས་ཕྱོགས་ལ་ཤུགས་རྒྱག་གིན་ཡོད་པར་ནི་ཤིན་ནས་རིན་ཐང་ཅན་ཞིག་ཏུ་འཁུམས།
དེས་ན་ཁྱིད་ཀྱིས་བྲིས་པ་མཉམ་དུ་ཞུ་དག་དང་གང་མང་གཏང་དགོས་རྒྱུ་ནི་ལྷག་ཏུ་གལ་ཆེ། དཔེར་ན་གོང་དུ་དེ་རིང་གི་སྙན་ངག་ཅེས་ཁ་བྱང་བཀོད་ཡོད་ཀྱང་མཇུག་ཏུ་སྙན་ངག་མ་ཡིན་པའི་སེམས་གཏམ་རྣལ་མ་ཞིག་ཞེས་བྲིས་འདུག་པ་སོགས་དོན་གྱི་ཆ་དང་དག་ཆ་ལའང་གོང་དུ་དྲ་གྲོགས་ཤིག་གིས་བརྗོད་པར་ལྟར་ཡིད་གཟབ་བྱ་རྒྱུ་གལ་ཆེ་བ་སེམས། བསམ་ཚུལ་ཙམ་གྱིས་སོ།
གོང་དུ་ཆད་ལྷག་གང་མང་ཞིག་ཤོར་འདུག་པས་དགོངས་འཇགས་འཚལ།
གོང་དུ་ དྲ་གྲོགས་གང་མང་ཞིག་གིས་བསམ་ཚུལ་འདྲ་མིན་ཞིག་གསུངས་འདུག་པས་དགའ་བོ་བྱུང་ལ། གོང་དུ་མི་ཉག་དུང་བརྡ་ཟེར་མཁན་ཞིག་གིས་རྩོམ་ཉག་རྩོག་ཅེས་པའི་ཐ་སྙད་སྐམ་པོ་ཞིག་གིས་བློ་ཕམ་བྱུང་དུ་བཅུག གང་ལྟར་འུ་ཚང་གི་སྤྱི་ཚོགས་ལ་བུད་མེད་རྩོམ་པ་པོ་རེ་བྱུང་ཡོང་དུས་ལམ་སང་ནག་ཉེས་སམ་མགོ་འཇོག་ཏུ་མི་འཇུག་པ་རང་རེའི་ནད་རྣིང་ཞིག་རེད། ངས་བལྟས་ན་ བུད་མེད་རྩོམ་པ་པོ་རེ་བྱུང་ན་ཡར་བསྐུལ་རེ་བྱས་པ་ལས་སེམས་ཤུགས་ཆགས་པའི་རིགས་ལ་མ་གསུངས་རོགས་ཞུ།
དགོངས་དག རྩོམ་ཉག་རྩོག་ ཅེས་པ་ཡག་རྩོག་ལ་བཅོས་རོགས་ཞུ།
ཕར་བསླབ་བྱ་བྱས་འདུག་སྟེ་བསླབ་བྱ་བྱེད་པ་པོར་བསླབ་བྱ་ཁ་ཤས་འདུག
ཡོད་པར་ནི་་་་་ཡོད་པ་ནི།
ཡག་ཙོག་་་་་་ཡག་བཙོག
ཤིན་ནས་་་་་་་ཤིན་ཏུ།
དེས་ན་ཁྱིད་ཀྱིས་་་་་་་ཁྱེད་ཀྱིས།
བྲིས་པ་མཉམ་དུ་་་་་་བྲིས་པ་དང་མཉམ་དུ། འབྲི་བ་དང་མཉམ་དུ།
ཞུ་དག་དང་གང་མང་གཏང་དགོས་་་་་་་་་ཞུ་དག་གང་མང་གཏོང་དགོས།
རྣལ་མ་ཞིག་ཞེས་་་་་་་རྣལ་མ་ཞིག་ཅེས།
བརྗོད་པར་ལྟར་་་་་་བརྗོད་པ་ལྟར།
བསམ་ཚུལ་ཙམ་གྱིས་སོ།
གོང་དུ་ཆད་ལྷག་གང་མང་ཞིག་ཤོར་འདུག་པས་དགོངས་འཇགས་འཚལ། ཞེས་བཀོད་ཡོད་ཀྱང་མ་གཟིགས་པ་འདྲ།
་་་་་་་་་་་་་་་་་བསམ་ཚུལ་ཙམ་གྱིས་སོ། ཟེར་ཡོད། བསླབ་བྱ་ཞེས་པའི་ཐ་སྙད་འདི་བཙན་གྱིས་མ་སྦྱོར་ན་ལེགས་སོ།
འོ་གྲོགས་མི་ཉག་རྡུང་བརྡ་ལགས་ཐུགས་དང་འགལ་ན་མཐོལ་ལོར་བཤགས་སོ། སྐུ་རྩེད་ཞུས་ཡིན།
ནར་ནོར་བ་རྒྱལ་པོའི་བུ་ལ་ཡོད། འཛར་འཛེར་བ་ཤིང་ཙནདྣ་སྡོང་པོར་ཡོད། ཅེས་པས་སོ།
དེ་རིང་ནི་ངའི་མི་ཚེའི་ཐོག་མ་ཡིན་ལ་མཐའ་མའང་ཡིན། དེ་རིང་ནི་ངའི་མི་ཚེའི་ཆ་ཤས་ཞིག་ཡིན་ལ་སྙིང་པོ་ཞིག་ཀྱང་ཡིན། དེ་རིང་ནི་ངའི་མི་ཚེའི་ཐབས་སྐྱོ་ཤོས་ཀྱི་ཉིན་མོ་ཞིག་ཡིན་ལ་སེམས་པ་སྐྱོ་ཤོས་ཞིག་ཀྱང་ཡིན། དེ་རིང་ནི་ང་ཁ་ལག་ཞིམ་ཤོས་བཟའ་བའི་ཉིན་མོ་དེ་ཡིན་ལ་གྲོད་ཁོག་ལྟོག་ཤོས་ཀྱི་ཉིན་མོ་ཡང་ཡིན། དེ་རིང་ནི་ཁོང་འཕྲད་པའི་ཉིན་མོ་ཐོག་མ་དེ་རེད་ལ་ཁོང་འདས་པའི་ཉིན་མོ་དེའང་ཡིན། དེ་རིང་ནི་ངའི་རྒྱལ་ཁབ་ཤོར་བའི་ཉིན་མོ་དེ་རེད་ལ་ཚུར་ལེན་པའི་ཉིན་མོ་དེའང་ཡིན། དེ་རིང་ནི་ངེད་བོད་མི་རྣམས་ཐབས་ཤེས་ཟད་པའི་ཉིན་མོ་རེད་ལ་བློ་གྲོས་རྒྱས་བའི་ཉིན་མོའང་དེ་རིང་རེད། དེ་རིང་ནི་རྫོགས་མཐའ་མི་འདུག་ལ་སེམས་ཅན་ཡང་རྫོགས་མཐའ་མི་འདུག།