རྡོ་རྗེ་རྒྱལ་མཚན།
ཉེ་ཆར་ཁོ་བོས་དབུ་མ་འཇུག་པའི་རང་འགྲེལ་ཀློག་གི་ཡོད་ལ། ད་ལྟ་སེམས་བསྐྱེད་དང་པོ་ཀློག་བཞིན་པ་རེད། དེ་དང་མཉམ་དུ་མཁན་པོ་རྣམ་གྲོལ་གྱི་དབུ་མའི་བཀའ་ཁྲིད་ཀྱི་སྒྲ་འཁོར་ལ་ཡང་ཉན་གྱི་ཡོད། མིག་ཤེས་ཀྱིས་དབུ་མའི་རང་འགྲེལ་ལ་བལྟས་ཤིང་། རྣ་ཤེས་ཀྱིས་མཁན་པོ་རྣམ་གྲོལ་གྱི་བཀའ་ཁྲིད་ལ་ཉན། ཡིད་ཤེས་ཀྱིས་མིག་ཤེས་དང་རྣ་ཤེས་གཉིས་ལ་གྲོགས་དན་གང་ལེགས་བྱས་ཀྱང་། ད་དུང་གསལ་བྱེད་སུམ་ཅུ་ཀློག་པ་ལྟ་བུ་ཙམ་ཞིག་ལས་གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག་ལ། སྒྲ་འཁོར་ནས་ཐོས་པའི་སྒྲ་དེ་ཡང་ཆུ་སྒྲ་དང་རླུང་སྒྲ་ལྟ་བུའམ་གཉིད་སད་མཚམས་ལ་ཐོས་པའི་སྒྲ་ལྟ་བུ་ཞིག་ལས་དོན་གང་ཡང་གོ་གི་མིན་འདུག། དེ་ཡིན་དུས་ད་ནི་ངས་དབུ་འཇུག་གི་དོན་རྟོགས་ཐུབ་པའི་རེ་བ་གཏིང་ནས་ཟད་སོང་།
འོན་ཀྱང་ད་ལྟའི་བར་དུ་འཇུག་པ་རང་འགྲེལ་ལྟ་ཀློག་བྱེད་དུས། ༡༽རྣམ་པར། ༢༽མངོན་པར། ༣༽ཉེ་བར་ཞེས་པའི་ཚིག་འབྲུ་གསུམ་པོ་ཡང་ནས་ཡང་དུ་མཐོང་ཞིང་ལྷག་དོན་དུ་ཡང་ཉེ་བར་ཞེས་པའི་ཚིག་དེ་ནི་གཞན་པ་གཉིས་ལས་ཀྱང་མང་དུ་བྱུང་བས། དབུ་མའི་དོན་རྟོགས་ཐུབ་པའི་རེ་བ་གཏིང་ནས་ཟད་ཀྱང་། ཚིག་འབྲུ་དེ་གསུམ་གྱི་དོན་ཤེས་འདོད་ཆེན་པོ་སྐྱེས། དེ་ཡིན་དུས་ཁྱེད་མཁྱེན་པའི་བདག་པོ་རྣམས་ཀྱིས་ཁོ་བོ་ལྟ་བུའི་བླུན་རྨོངས་རྣམས་ལ་དགོངས་ཏེ་གོང་གསལ་ཐ་སྙད་གསུམ་གྱི་སྒྲ་དོན་འགྲེལ་བཤད་འཇུག་པ་རང་འགྲེལ་གྱི་དགོངས་པ་དང་མཐུན་པ་ཞིག་གནང་སྐྱོང་ཡོང་བར་ཞུ།
དེ་ཡང་འཇུག་འགྲེལ་དུ་ཉེ་བར་ཞེས་པའི་སྒྲ་འབྱུང་ཚུལ།
༡༽ཁ་ཅིག་གིས་རྟེན་ཅིང་འབྲེལ་བར་བྱུང་བ་ཉེ་བར་བསྟན་པ་་་་་།
༢༽དེ་ལྟ་ན་ཡང་ཉེ་བར་སྟོན་པའི་སྒྲུབ་པ་པོ་་་་།
༣༽གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་གཤེགས་པས་ཉེ་བར་བསྟན་པ་ལས་་་་་།
༤༽གཙོ་བོ་ཉིད་དུ་གྱུར་པས་ཉེ་བར་མཁོ་བ་་་་་་།
༥༽དུས་རིང་པོར་ཉེ་བར་ལོངས་སྤྱོད་པར་མི་འགྱུར་ལ།
༦༽བདག་ཡོད་དོ་སྙམ་དུ་ཉེ་བར་བཏགས་ནས་་་་་་་།
ཐག་མི་རིང་བ།ཤི་ལ་ཉེ་བ།མཐུན་པའམ་འདྲ་བ།བློ་ཉེ་བ།
འདིའི་མཐར་ར་སྦྱར་ན་ཚིག་གི་རྒྱན་དུ་འགྲོ་བའི་རབ་ཏུ་དང་ཤིན་ཏུ་སོགས་ཧ་ཅང་གི་དོན་ཞིགཉེ་བར་ལྟ་བ།ཉེ་བར་བརྟག་པ།ཉེ་བར་བསྟན་པ།ཉེ་བར་བསྟེན་པ།ཉེ་བར་མཛེས་པ།
ཐུགས་རྗེ་ཆེ་མེ་དཀར་ལགས། དྲི་བ་ཞིག་ཞུ་ཆོག་པར་ཞུ། ཁྱེད་ཀྱིས་ཉེ་བའི་དོན་ནི་ཐག་མི་རིང་བ་དང་བློ་མཐུན་པ་ལ་གོ་ཚུལ་དང་། དེའི་མཐར་ར་སྦྱར་ན་ཧ་ཅང་དང་རབ་ཏུ་དང་ཤིན་ཏུ་སོགས་ལ་གོ་ཚུལ་གསུངས་འདུག་ཀྱང་། ངས་གོང་དུ་འཇུག་པ་རང་འགྲེལ་ནས་དྲངས་པའི་ཉེ་བར་ཞེས་བའི་ཐ་སྙད་རྣམས་ལ་ཁྱེད་ཀྱིས་གསུངས་པའི་སྒྲ་དོན་འགྲེལ་བཤད་ཀྱིས་ཁྱབ་པ་ལྟ་བུ་ཞིག་མཐོང་གི་མི་འདུག་ན་དེ་ལ་ཁྱེད་ཀྱིས་དོགས་སེལ་གནང་རྒྱུ་ཨེ་ཡོད། དཔེར་ན་རྟེན་ཅིང་འབྲེལ་འབྱུང་ཉེ་བར་བསྟན་པ་ཞེས་པ་དེའི་དོན་རྟེན་ཅིངན་འབྲེལ་བྱུང་ཤིན་ཏུ་བསྟན་པ་ཞེས་པའམ་རབ་ཏུ་བསྟན་པ་ཞེས་པའམ་ཧ་ཅང་བསྟན་པ་ཞེས་པ་ཇི་ལྟར་འགྲེལ་ཡང་གོ་རྒྱུ་ཆེན་པོ་ཡོད་པ་འདྲ་ཞིག་གང་ཡང་མཐོང་གི་མི་འདུག། ཉེ་བར་བསྟན་པ་ཞེས་མ་ཡིན་པར་ཆོས་བསྟན་པ་ཞེས་པ་ལྟ་བུ་ཞིག་ཡོད་ན་གོ་བདེ་བ་ཡོང་མདོག་ཁ་པོ་མཐོང་གི་འདུག།
དེ་བཞིན་བདག་ཡོད་དོ་སྙམ་དུ་ཉེ་བར་བརྟགས་ནས་ཞེས་པ་དང་། དུས་རིང་པོར་ཉིད་དུ་ཉེ་བར་ལོངས་སྤྱོད་པར་མི་འགྱུར་ལ་ཞེས་པ་ལ་ཡང་ཧ་ཅང་དང་རབ་ཏུ་སོགས་གི་དོན་དུ་འགྲེལ་རྒྱུ་ཨེ་ཡོད་ན་བསམ་གྱི་འདུག། དེ་ཡིན་དུས་མཚམས་མཚམས་ཉེ་བར་ཞེས་པའི་ཚིག་དེ་ནི་ག་ས་གང་ལ་སྦྱར་ཆོག་པ་སྤྱི་སྒྲ་ལྟ་བུ་ཞིག་མཐོང་ཡོང་གི་འདུག།
ཝེ། ལྟོ་ཚང་། ང་ལུ་ཨམ་སུ་ཅིག་དགོ་སྦེ་ས། ཨམ་སྲུ་གཅིག་སྦྱིན་པ་ཅིན་ཁྱོད་ཀྱི་དྲི་བ་ཚུ་ལུ་ལན་སྦྱིན་་ནི་ཨིན།
ཉེ་བར།
འདི། ཉེ་བ། མཐུན་པ་དང་འདྲ་བ། ཡང་། རབ་ཏུ། ཤིནད་ཏུ། ཧ་ཅང་ངམ་ཞེ་དྲགས། ཡང་ཡང་ལ་ཡང་འཇུག་ས་འདུག་སྙམ་ལགས།
མཁན་པོ་རྣམ་གྲོལ་གྱི་གསུང་སྒྲ་འཁོར་ལ་ཉན་དུས་བརྟེན་ཅིང་འབྲེལ་བྱུང་ཉེ་བར་བསྟན་པ་ཞེས་པར་བརྟེན་ཅིང་འབྲེལ་འབྱུང་གི་ཆོས་བསྟན་པ་ལས་ཞེས་འགྲེལ་གནང་གི་འདུག། དེ་བཞིན་གཤེགས་པས་ཉེ་བར་བསྟན་པས་ལས་ཞེས་པར་དེ་བཞིན་གཤེགས་པས་རྟེན་ཅིང་འབྲེལ་བྱུང་གི་ཆོས་བསྟན་པ་ལས་ཞེས་འགྲེལ་གནང་གི་འདུག། ཡུན་རིང་པོར་ཉེ་བར་ལོངས་སྤྱོད་པར་མི་འགྱུར་ལ་ཞེས་པའི་ཐད་དུ་ཡུན་རིང་པོར་ལོངས་སྤྱོད་ཀྱི་མ་རེད་ཅེས་འགྲེལ་གནང་གི་འདུག། བདག་ཡོད་དོ་སྙམ་དུ་ཉེ་བར་བརྟགས་ནས་ཞེས་པར་བདག་ཡོད་དུ་སྙམ་དུ་བློས་སྒྲོ་བརྟགས་ནས་ཞེས་འགྲེལ་གནང་གི་འདུག། དེ་ཡིན་དུས་ཕྱི་མ་གཉིས་པོར་ཉེ་བར་ཞེས་པའི་སྒྲ་དེ་བེད་སྤྱད་མེད་པ་ལྟ་བུ་ཞིག་ཆགས་འགྲོ་གི་འདུག།