དཔལ་ལྡན་རྣམ་རྒྱལ།
དེང་དུས་སྤྱི་ཡོངས་ངོས་འཛིན་གྱི་ཆ་ནས་བསམ་སྐབས། སློབ་སྤྱི་ཞེས་པའི་མིང་འདི་སུ་ཞིག་ལ་ཐོགས་ཡོད་ན། དེ་ནི་གང་ཡང་རུང་བའི་ཤེས་རིག་སྡེ་ཚན་ཞིག་གི་གཙོ་འཛིན་ཞིག་དང༌། ཁོང་ལ་མཁྱེན་དཔྱོད་ཡངས་ཤིང་ཀུན་སྤྱོད་ཚད་འཕེར་ཞིག་དགོས་པ་སྤྱི་མཐུན་ཡིན་མོད། འོན་ཀྱང༌། དེ་རིང་བདག་གིས་གླེང་གཞིར་བཟུང་བའི་སློབ་སྤྱི་ལ་མཚོན་ན། དེ་ལྟ་བུའི་འོས་ཆོས་ཕལ་ཆེར་ཨེ་ཡོད་སྙམ་པས་དོགས་སློང་གི་ཚུལ་དུ་དཔྱད་འཇོག་ཕྲན་བུ་ཞིག་བྱེད་འདོད་ཀྱི་འདུ་ཤེས་སྐྱེན་པོ་ཞིག་འགོག་མེད་དུ་འཕྱུར། དེའི་རྒྱུ་མཚན་ཡང༌། སློབ་སྤྱི་ཁོང་གི་བསམ་པ་ནག་པོ་དང་སྤྱོད་པ་རྩུབ་པོས་བསླངས་པའི་སློབ་མའི་ལུས་སེམས་རྨ་ཁ་འཇོག་རྒྱུ་ཇེ་མང་ཇེ་སྡུག་ཏུ་སོང་བས། འདི་ལྟར་འབྲི་དགོས་པ་དེ་ཁོང་གི་བསམ་སྤྱོད་ལ་ཚོད་འཛིན་བྱེད་མཁན་མེད་པས་ཡིན་ལ། ཐོག་མའི་གླེང་སློང་གི་དགོས་དོན་སྙིང་བོའང་ཡིན་ནོ།།
༡༽ ངང་རྒྱུད་ཐུང་བའི་སློབ་སྤྱི།
དོན་ཆེན་སྒྲུབ་ན་ངང་རྒྱུད་རིང་དགོས་ཞེས་པའི་གཏམ་དཔེ་ལྟར། སློབ་སྤྱི་ཞིག་གི་ལས་འགན་གྱི་ཆ་ནས་གཞིགས་དུས། གལ་ཆེན་རང་བཞིན་དང་འགན་འཁྲི་ལྕི་མོ་ཞིག་ཡོད་པ་རེད། དེས་ན། སློབ་སྤྱི་སུ་ཞིག་གིས་རང་བབ་འོས་འགན་དེ་སྒྲུབ་སྐབས། ངེས་པར་དུ་ངང་རྒྱུད་རིང་དགོས་པ་མ་ཟད། ངང་རྒྱུད་འཇམ་པོ་ཞིག་ཀྱང་དགོས་པ་ནི། སློབ་སྤྱི་དེའི་ལས་དོན་མངོན་གྱུར་ཡོང་ཐབས་ཀྱི་མ་མཐའི་ཆ་རྐྱེན་ཞིག་རེད་མོད། ཡིན་ནའང༌། ད་ལྟ་ངས་གླེང་གཞིར་གྱུར་པའི་སློབ་སྤྱིར་མཚོན་ན། ངང་རྒྱུད་རིང་བོའི་བསམ་སྤྱོད་ཅིག་ཡོད་པ་ལྟ་ཞོག ཐ་ན་ངང་རྒྱུད་འཇམ་པོའི་གཤིས་ཀ་ཞིག་ཀྱང་མ་མཆིས། གང་གིས་ཟེར་ན། ཁོང་གིས་ལས་དོན་ཆེ་ཆུང་གང་ཞིག་བརྩམས་དང་རྩོམ་བཞིན་པའི་སྐབས་འདིར། བསམ་ཤེས་དང་བཟོད་སེམས། བསྟུན་ཤེས་དང་གུ་ཡངས་སོགས་ཅི་ཡང་མེད་པར་རང་སྣང་གང་ཤར་གྱིས་འཇུག་རྩོམ་བྱེད་རྐྱང་ཡིན་པ་དང༌། ད་དུང་སྔ་ཕྱིར་རྒྱང་གཟིགས་མི་བྱེད་པས་སྟོབས་ལས་ནོར་སྐྱོན་གྱི་ཕྱོགས་གང་མང་ཞིག་གི་གཡང་གཟར་ནང་དུ་ལྷུང་གྲབས་བྱེད་དུས། ལྷག་བསམ་དང་དཔྱོད་ལྡན་འགའ་རེས་འགྲིགས་མིན་དང་ལེགས་མིན་གྱི་དྲང་མོའི་བསམ་ཚུལ་ཕུལ་སྐབས། གློ་བུར་དུ་མེ་དཔུང་དམར་བོ་ཞིག་གི་མེ་ལྕེ་དགུང་ལ་འཕྱུར་བ་ནང་བཞིན། ཁོང་ཁྲོའི་གཞན་དབང་དུ་སོང་སྟེ། ཞལ་མདོག་དམར་ནག་ཏུ་གྱུར་པ་མ་ཟད། ལྟ་ན་མི་བཟོད་པའི་རྣམ་འགྱུར་དང་གཤིས་སྤྱོད་རྩུབ་པོ། བློ་སྣ་ཐུང་བའི་རང་མཚང་ལྷུང་ལ་བུད་པ་སྟེ། སློབ་སྤྱི་ཁོང་གི་ངང་རྒྱུད་ཐུང་བའི་མཚོན་ཚུལ་ཞིག་མ་ཡིན་ནམ།
༢༽ ཤེས་ཚད་མེད་པའི་སློབ་སྤྱི།
ཤེས་རིག་སྡེ་ཚན་གང་ཡང་རུང་བའི་སློབ་སྤྱི་ཞིག་ཡིན་ན། ངེས་པར་ཚང་དགོས་པའི་ཆ་རྐྱེན་ཨང་དང་པོ་ནི། རྒྱང་ཐག་ཆོད་པའི་ལྟ་རྒྱ་དང་ཟབ་བརླིང་ལྡན་པའི་ཤེས་ཚད་ཅིག་དགོས་པ་སྨོས་མེད་རེད་མོད། འོན་ཏེ། ད་ལྟ་ངའི་བརྗོད་གཞིར་གྱུར་པའི་སློབ་སྤྱིར་དཔེར་བཞག་ན། སྔོག་རྒྱུ་ཡོད་པའི་ཤེས་ཚད་ཅིག་དང་འགྱུར་བབ་རྟོགས་པའི་མཐོང་རྒྱ། ད་དུང་གང་ཞིག་ལ་བཀོལ་ཆོག་ཆོག་གི་ལག་ལེན་ལ་གསལ་བའི་ཤེས་ཡོན་སོགས་ཧ་ཅང་ཞན་པ་ཞིག་རེད། དེའི་རྒྱུ་མཚན་ནི། ཁོང་གིས་ཕྱིའི་རྣམ་འགྱུར་གྱི་ཐོག་ནས་ཤེས་ལྡན་པ་ཞིག་གི་ཚུལ་དུ་ཟོལ་བཅོས་ཀྱིས་ཕྱི་པགས་གྱོན་པར་ངོ་ཚ་མེད་པས་གོམས་ཤིང་རང་ངོས་མ་ཟིན་པ་དང༌། དེང་དུས་སུ་ཕྱི་ཚུལ་ཁོ་ནའི་ལམ་ནས་གང་ཡང་རུང་བའི་གོ་ཐང་གཅོད་བཞིན་པའི་སྐབས་སུ་འཁེལ་བས་སྟབས་འགྲིགས་ཏེ། རྒྱུས་ལོན་དང་བརྟག་དཔྱད་མི་ཤེས་པའི་རྔ་མ་ཅན་དང་རྔ་མའི་ཁྱུ་ཚོགས་ཤིག་དང་ཁོང་གི་ཕྱོགས་སུ་གཏོགས་སུ་རིས་གཅོད་ཅན་དག་གིས། ཁོང་གི་རྐུབ་སྟེགས་སློབ་སྤྱི་ཞིག་གི་གནས་རིམ་དུ་བསྐོ་བཞག་བྱས་ཀྱང༌། ཁོང་གི་བཀའ་སློབ་གནང་སྟངས་དང་དབང་ཤུགས་བཀོལ་སྟངས། འགྲོ་ལམ་སྤྱོད་སྟངས་སོགས་ཀྱི་རང་མཚང་ཉིན་རེ་ལས་ལྷུང་ལ་འབུད་ཀྱིན་པ་དང༌། དེ་ལས་ཀྱང་ལྷག་པའི་ཁོང་གི་འདས་པ་དང་ད་ལྟ་གང་ཞིག་ཏུ་བྱས་རྗེས་སྤུ་ཙམ་བཞག་པ་ཕར་ཟད། དགོས་མེད་ཀྱི་རྙོག་དྲ་དང་དཀའ་ངལ་མང་པོ་ཞིག་ཡར་ཡར་འཕྱུར་བཅུགས་པའི་གནས་སྟངས་འདིས་གསལ་སྟོན་ཅི་ཞིག་བྱེད་ཀྱིན་འདུག་གམ། དེ་ནི་སློབ་སྤྱི་ཞིག་གི་མིང་སྐམ་འཁུར་བཞིན་པའི་ཁོང་དང་ཁོང་གི་ཤེས་ཚད་ལ་རྒྱུས་ལོན་རེ་བྱོས་དང༌། ཤེས་ཡོན་ཡོད་མེད་ཀྱི་རང་མཚང་ངང་གིས་འབུད་བཞིན་པ་ཞིག་མ་ཡིན་ནམ།
༣༽ དྲག་སྤྱོད་སྤེལ་བའི་སློབ་སྤྱི།
སྤྱིར་བཏང་སློབ་སྤྱི་ཞིག་ཡིན་ན། ཤེས་རིག་སྡེ་ཚན་ཞིག་གི་གཙོ་སྐྱོང་གནང་མཁན་ཡིན་པས། ཁོང་ལ་འགན་འཁུར་གྱི་ཆ་དམིགས་བསལ་བ་ཞིག་ཡོད་དུས། གདོང་ལེན་བྱེད་དགོས་ས་དང་སྐུ་ངལ་བསྐྱོན་སའི་དཀའ་གནས་གང་མང་ཞིག་ཡོད་པ་དང༌། སློབ་སྤྱི་ཚད་ལྡན་ཞིག་ཡིན་པའི་དབང་དུ་བྱས་ན། ཁོང་གིས་སློབ་མ་ཚོར་སྣེ་ཁྲིད་བྱེད་སྟངས་དང་སྐུ་ངལ་བསྐྱོན་སྟངས་ཀྱང༌། ཞི་འཇམ་དང་ཚུལ་མཐུན་གྱི་སྒོ་ནས་རང་གི་འོས་འགན་དང༌། སློབ་མའི་ལུས་སེམས་སྐྱེད་སྲིང་དོན་སྙིང་ལྡན་པ་ཞིག་མཛད་དང་མཛད་བཞིན་པ་མིག་མཐོང་མངོན་གྱུར་རེད་མོད། ཐེངས་འདིའི་ཕྲན་གྱི་བསྒྲག་བྱར་གྱུར་པའི་སློབ་སྤྱི་ལ་ཞིབ་ཏུ་བལྟས་དུས། ཞི་མཐུན་ལུགས་མཐུན་གྱི་སྒོ་ནས་སློབ་མའི་ལུས་སེམས་བདེ་བར་སྐྱོང་རྒྱུ་ལས་ལྡོག་སྟེ། ཁོང་གི་སྟོབས་དང་ཤེད་ཤུགས་གང་ཡོད་ཀྱིས། ཁོང་གི་དབང་འོག་ཏུ་བཀོལ་བའི་སློབ་མའི་ཉེས་སྐྱོན་ཆུང་ངུ་ཞིག་ཆེན་པོར་བསྙད་འདོགས་ཀྱིས། ཚད་ལས་བརྒལ་བའི་གཅར་རྡུང་དང༌། མི་སྤྱོད་ལས་འདས་པའི་དམའ་འབེབས་སྣ་ཚོགས་ཀྱི་དབང་གིས། སློབ་མའི་ལུས་ལ་ཁྲག་བཞུར་བའི་རྨ་ཁ་དང་སེམས་ལ་སོས་མི་ཐུབ་པའི་རྨ་ཁ་བཞག་པ་གྲངས་མེད་ཡིན་ཀྱང༌། ད་དུང་སློབ་སྤྱི་ཁོང་གི་དྲག་སྤྱོད་སྤེལ་མཚམས་མི་འཇོག་པའི་ཐོབ་ཐང་ཆེན་པོ་དེ་སུ་ཞིག་གིས་སྤྲད་པ་རེད་དམ།
༤༽ མི་གཞིས་ཕོངས་པའི་སློབ་སྤྱི།
དེང་སང་སྤྱི་ཡོངས་ཀྱིས་ངོས་འཛིན་བྱེད་ཕྱོགས་ལྟར་ན། སློབ་སྤྱི་ཞིག་ཡིན་ཕྱིན་ཆད། མགོ་མཇུག་མཚུངས་པའི་གསུང་བཤད་གནང་སྟངས་ཤིག་དང་མིག་དཔེར་འོས་པའི་ཀུན་སྤྱོད་ལེགས་པོ་ཞིག དྲང་མོ་དྲང་རྐྱང་གིས་ལས་དོན་རྩོམ་ཕྱོགས་ཤིག་དང་སློབ་མའི་བདེ་སྡུག་ལ་ལྟ་ཐུབ་པའི་འགན་འཁུར་ཞིག་དགོས་པ་ནི། ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དག་རེད་མོད། འོན་ཀྱང༌། ད་སྐབས་ཕྲན་གྱི་མཐོང་བ་དང་མྱོང་བའི་ངོ་བོར་གྲུབ་པའི་སློབ་སྤྱིར་ཆ་བཞག་ན། བསྒྲགས་ཟིན་པའི་གསུང་བཤད་ལ་འགན་འཁུར་མི་བྱེད་པར་རྗེས་ཕྱོགས་བརྗེད་ཁུལ་བྱེད་པ་དང་བརྩི་འཇོག་འོས་པའི་ཀུན་སྤྱོད་ཞི་འཇམ་ལས་ལྡོག་སྟེ། སློབ་སྤྱི་ཁོང་གི་སྤྱོད་ལམ་རྩུབ་པོ་དེའི་དབང་གིས་དྲག་སྤྱོད་པ་ཞིག་སྣང་བརྙན་ཤར་བ། གང་ཡང་རུང་བའི་གནས་ཚུལ་ལ་རྒྱུས་མངའ་ཡོད་ཀྱང་མ་མཁྱེན་མདོག་མདོག་གིས་ཟུར་འཇོག་དང་དོ་སྣང་མི་བྱེད་པ་འདིས་ཅི་ཞིག་མཚོན་གྱིས་ཡོད་དམ། དེ་ནི་དྲང་སྲུང་བདེན་པ་སྐྱོང་མཁན་གྱི་བྱ་སྤྱོད་ལས་ལྡོག་པ་ཞིག་མ་རེད་དམ། ད་དུང་ཁོང་གི་དབང་ཤུགས་འོག་ཏུ་ཚུད་པའི་སློབ་མའི་དཀའ་སྡུག་ལ་ལྟ་རྟོག་དང་མཉམ་འཇོག་མི་བྱེད་པར་ཅམ་འཇོག་བྱས་པའི་གནས་ཚུལ་དངོས་ཡོད་སོགས་ལ་སོམས་དང༌། སློབ་སྤྱི་ཞིག་གི་མིང་འཛིན་པ་ཁོང་དང་ཁོང་གི་མི་གཞི་ག་འདྲ་ཞིག་ཡིན་མིན་ངང་ངམ་ཤུགས་ཀྱིས་གསལ་སྟོན་བྱས་པ་ཞིག་མ་རེད་དམ།
༥༽ རང་རློམ་ཆེ་བའི་སློབ་སྤྱི།
སྤྱིར་བཏང་གི་སློབ་སྤྱི་མིང་དོན་མཚུངས་པ་ཞིག་ཡིན་ན། བག་ཡོད་ཚུལ་མཐུན་གྱི་སྤྱོད་སྟངས་ཤིག་དང་གུ་ཡངས་བསམ་ཤེས་ཐུབ་པའི་བློ་རྒྱ་ཞིག་དགོས་པ་སྨོས་མེད་རེད་དེ། ད་ལྟ་བརྗོད་བཞིན་པའི་སློབ་སྤྱི་ཁོང་གི་ཁེངས་དྲེགས་ཆེ་བའི་ཧང་འགྲོས་ཀྱི་འགྲོ་སྟངས་དང་ཤེས་ཡོན་ཡོད་མདོག་ལ་བརྫུས་པའི་རྣམ་འགྱུར་རང་རློམ་ཅན། གཞན་ཡང་མཐོང་ཆུང་དམའ་འབེབས་ཀྱི་ཁྲེལ་རྒོད་དང་མིང་སྐམ་ཆེན་པོ་ཞིག་གིས་དེད་པའི་དབང་ཡོད་བྱེད་ཕྱོགས་སོགས་ཀྱི་རང་སྐྱོན་དང་རང་རློམ་ཆེན་པོ་ངོས་མི་ཟིན་པར། རང་རློམ་རང་ཆེ་ཡི་བཟི་ཁ་བཙན་པོ་ཞིག་གིས་བཟི་བའི་སློབ་སྤྱི་ཁོང་གི་གུ་དོག་གི་བསམ་རྒྱ་དང་སྤྱོད་ཚུལ་ངན་པ་དག་ལ་གཞིགས་ཐེངས་རེར། ཡ་ང་སྙིང་རྗེ་མེད་པའི་སློབ་སྤྱི་ཁོང་ཡང་སྙིང་རྗེ་དང་མཆིལ་མའི་ཡུལ་དུ་གྱུར་པ་ཞིག་རེད། དེའི་ཕྱིར། འདི་ལྟ་བུའི་སློབ་སྤྱིའི་གོ་ཐོབ་ཀྱིས་མཚོན་པའི་ཆེས་མཐོའི་ལས་རིགས་གཉེར་མཁན་དག་ནི་ཕྱི་རྫིག་ནང་སྟོང་དང་ཕྱི་འཇམ་ནང་རྩུབ་ཀྱི་བྱ་སྤྱོད་སྤེལ་བར་གོམས་པའི་དབང་གིས་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་འཐུས་ཚང་ཡར་རྒྱས་ཅན་དུ་བགྲོད་མ་ཐུབ་པ་ཞིག་རེད་འདོད། འདི་ནི། བདག་གི་མྱོང་ཟིན་པའི་དངོས་ཡོད་གནས་ཚུལ་ཞིག་གཞིར་བཟུང་ནས་བྲིས་པ་ལས། རྟོག་འཆར་དང་སྒྲོ་བཏགས་ཀྱིས་སླད་བཅོས་ཞུགས་པའི་ཁུངས་མེད་ཅིག་གཏན་ནས་མ་ཡིན་ནོ།།
དྲ་གྲོགས་དཔལ་ལྡན་རྣམ་རྒྱལ་ལགས། སློབ་སྤྱི་དེ་སུ་རེད་དམ་ཤེས་རིགས་ལས་ཁུང་གིས་མ་མཁྱེན་པ་རེད་དམ། འོ་ན་ཁོ་སློབ་སྤྱིའི་ལས་གནས་ཇི་ལྟར་རག་པ་རེད། བདེན་པ་ཡིན་ན་གསལ་པོ་བཟོ་དགོས་པ་ལས་གསལ་ལ་མི་གསལ་པ་འདི་རིགས་ཕན་ལས་གནོད་ཆེ་བ་ཞིག་རེད། སློབ་སྤྱི་སུ་ཡིན་གསལ་པོ་བཟོ་རྒྱུའི་སྙིང་སྟོབས་དང་ལྷག་བསམ་བདེན་པ་ཁྱོད་རང་ཉིད་ལ་ཡང་མེད་པ་ཐག་གིས་ཆོད་སོང་བ་འདྲ་།
སྙིང་རྗེ། སློབ་སྤྱི་དེ་སུ་ཡིན་ན།
ངང་རྒྱུད་ཐུང་བ། ཤེས་ཚད་མེད་པ། མི་གཞིའི་ཕུང་བའི་སློབ་སྤྱི་དང་དགེ་རྒན་ག་ས་གང་ན་མཐོང་རྒྱུ་མང་།
རང་རེའི་བཙན་བྱོལ་གཞུང་ན་དེ་བས་མང་། འོ་ན་ཁྱེད་ཀྱིས་མཐོང་བའི་སློབ་སྤྱི་དེ་གང་ན་འདུག མིང་ལ་ཅི་ཟེར། བོད་ནང་རེད། བོད་ཕྱི་རེད། ཡང་ན་དེ་ལས་གཞན་པའི་ས་ཆ་རེད།
གལ་ཏེ་རང་རེའི་བཙན་བྱོལ་གཞུང་གི་སློབ་ར་ཞིག་ནས་ཡིན་ཚེ་ཤོད་ས་ཤེས་རིག་ལས་ཁུངས་ཡོད་པ་དང་། སྒྲོག་ས་བཀའ་ཤག་དང་གྲོས་ཚོགས་ཡོད་པ་རེད། དེ་ལྟར་བྱེད་ན་ཕན་ཡང་ཕན་ལ་འགྲུབ་ཡང་འགྲུབ།
དེ་མིན་འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན་ཞུ་རྒྱུ་ཡིན།
༄༅།། ཡང་དཔལ་ལྡན་རྣམ་རྒྱལ་གྱི་མིང་ལ་བརྫུས་པའི་གདོན་འདྲེ་མི་གཟུགས་ཅན་ཞིག་སླེབས་འདུག དངོས་གནས་དེ་འདྲའི་སློབ་སྤྱི་ཞིག་ཡོད་པ་དང་དེས་སྡེ་ཁག་དེའི་ལས་དོན་ལ་གཏོར་ཤིག་དང་འཐུས་ཤོར་གཏོང་གི་འདུག་པ་མིག་མཐོང་གི་ཡོད་ན། འབྲེལ་ཡོད་ཀྱི་འཛིན་སྐྱོང་སྡེ་ཁག་ལ་ཡར་ཞུ་ཅིའི་ཕྱིར་མ་ཞུས་པ་ཡིན། ངས་ལྟ་ཚུལ་བྱས་ན་རྩོམ་ཡིག་འདི་རིགས་འབྲི་མཁན་གྱི་མི་ཕལ་མོ་ཆེ་ཚད་གཞི་གང་ཡང་མེད་པའི་རྙོག་གླེང་བའི་གཏེ་བོ་ཤ་སྟག་ཡིན་པར་མ་ཟད། འདི་སྡེ་ཁག་དེའི་མི་ཞིག་ཡིན་པར་མ་ཟད་ངོས་མི་ཟིན་པ་གང་ཡང་མེད་མོད། འདིས་རྟག་ཏུ་རང་གི་འདོད་པ་ཁེངས་མ་ཁེངས་ཙམ་རྒྱུ་མཚན་དུ་བྱས་ནས་རང་གི་འདོད་པ་མི་སྒྲུབ་མཁན་གྱི་མི་སུ་འདྲ་ཞིག་ཡིན་ཡང་། དེ་ལ་སྡང་དགྲའི་འདུ་ཤེས་དང་དངོས་ཤུགས་ཀུན་ནས་སྐྱོན་བརྗོད་འབའ་ཞིག་བྱེད། མི་འདི་རིགས་ཀྱི་འདོད་པ་འདི་རིགས་ཀྱི་འདོད་པར་བསྟུན་དགོས་ན་སྒྲིགས་འཛུགས་ཀྱི་མ་ལག་ཡོངས་རྫོགས་གཏོར་ནས་ཡོད་ཚད་ཁོ་རང་གི་ཁེ་ཕན་དང་མཐུན་པར་བྱ་དགོས་པ་ཡིན། འདི་ལ་ལས་འགན་ལེན་པའི་ལྷག་བསམ་དང་ནུས་པ་གཉིས་ཆ་མེད། སྒྲིག་འཛུགས་གད་སྙིགས་ཤིག་ཡིན་པ་ངས་ཐག་བཅད་ནས་བཤད་ཐུབ། འདི་རིགས་ལ་སྒྲིག་འཛུགས་དེའི་ནང་གོ་སྐབས་གང་ཡང་རག་གི་ཡོད་པ་མ་རེད། དེའི་རྒྱུ་མཚན་ཁོང་རང་གི་མི་གཤིས་དང། ཤེས་ཚད། ལྷག་བསམ། མཐུན་ལམ་བཅས་གང་ཅིའི་ཐད་ནས་གོ་སྐབས་སྤྲད་སའི་ཆ་རྐྱེན་མ་ཚང་བས་རེད། དེའི་རྐྱེན་པས་རྟག་ཏུ་ལས་དོན་བྱེད་མཁན་དང་འགན་ལེན་ཚོ་ལ་ཁ་སྨོད་ཤ་སྟག་བཏང་ནས་འདུག་གི་ཡོད། མི་འདི་རིགས་ཀྱི་འཆལ་གཏམ་དྲ་དཔོན་གྱིས་དྲ་ཚིགས་ཀྱི་ཐོག་ཏུ་མ་བཀོད་ན་བཟང་།
ཨ་ཙི། གངས་ཐིགས་ཅན་ཅེས་པའི་མིང་བཀབ་ཀྱིས་འོག་ནས་ཅི་འདྲའི་དཔའ་གཏམ་ཅིག་བཤད་ཚུལ་ལ་བལྟས་ན། ཟུར་དང་ཟུར་ནས་ཕོག་ཐུག་འགྲོ་བཞག་པ་ཞིག་མ་རེད་དམ། དངོས་གནས་ཁྱོད་རང་ལ་དེ་འདྲའི་རྒྱུས་མངའ་ཞིག་ངེས་པར་མི་དེ་གསལ་སྟོན་བྱེད་རོགས་ཞུ། དེ་མིན་ཁ་ཡག་ངོ་དགའ་དང་སྤྲེལ་ལད་རྐྱང་རྐྱང་གི་ཁོར་ཡུག་ཅིག་དགོས་ན། ཁོར་ཡུག་དེའི་ནང་ཉམས་ག་འདྲ་ཞིག་ཆགས་ཡོང་། སྐྱོན་བརྗོད་མེད་ཡར་རྒྱས་དང་འཐུས་ཚང་གི་སྒོ་འཕར་བཀག་བཞག་པ་ཞིག་མ་རེད་དམ།
དཔལ་ལྡན་རྣམ་རྒྱལ་ཅན་དེས་སློབ་སྦྱི་སུ་ཡིན་བཤད་ཕོད་ན་ང་ཚོར་གསལ་པོ་ཆགས་ངེས། མ་གཞི་འབྲེལ་ཡོད་ཤེས་རིག་ལ་མ་ཞུས་པར་ཁ་བརྡའི་སྟེང་འགོད་དགོས་དོན། དཔལ་རྣམ་དང་སློབ་སྦྱི་གཉིས་ཀྱི་བར་ལ་སྒེར་ནད་ཅིག་གི་གསང་བ་ཡོད་པ་གསལ་གསལ་ཐིང་ཐིང་རེད།
གངས་དཀར་ལགས།
ཁྱོད་ཀྱིས་བཤད་ཚུལ་ལྟར་ན། སློབ་སྤྱི་དང་དཔལ་ལྡན་རྣམ་རྒྱལ་གཉིས་ཀྱི་བར་ལ་སྒེར་ནད་ཅིག་ཡོད་པ་ཐག་ཆོད་ཀྱིས་བཤད་འདུག་པས། ཁྱོད་ལ་བདེན་དཔུང་དང་སྙིང་སྟོབས་ཡོད་ན་གསལ་གསལ་ཐིང་ཐིང་མི་བཟོས་པར་བསྙད་འདོགས་བྱས་ན་ཕན་འབྲས་ཅི་ཡང་འབྱུང་རྒྱུ་མ་རེད།
ཨ་ལེ། དངོས་གནས་གནད་འགག་ཅིག་མེད་ན། འདི་འདྲའི་རྩོམ་ཡིག་སྤེལ་རྒྱུ་མ་རེད་ལ། རྩོམ་ཡིག་ཁོ་རང་གི་བཤད་སྟངས་ཞུབ་འཇུག་བྱེད་རྒྱུ་མེད་འགྲོ། དེ་མིན། ང་ཚོའི་སྤྱི་ཚོགས་ནང་ནས་སྐྱོན་མཚང་གསལ་བོ་བཟོས་ན། ང་ཚོའི་སྤྱི་ཚོགས་ཀྱི་འདས་ཟིན་ལ་ཕྱིར་མིག་ཅིག་བལྟས་པ་ཙམ་གྱིས་གསལ་བོ་མ་རེད་དམ། རྒྱང་ཕུད་དང་ལྟ་ལོག གནས་དབྱུས་དང་ཆོས་མེད་སྨྲ་བ་སོགས་ཀྱི་མིང་སྣ་ཚོགས་ལ་བསྙད་འདོགས་ཀྱིས་རྨོངས་འཐོམ་གྱི་སྤྱི་ཚོགས་དེ་ནས་ཟུར་ཕུད་བཏང་བ་ཧ་ཅང་མང་པོ་ཞིག་རེད།
ཨ་རོགས་ཚེ་རིང་ཡིན་ན་འདི་ཁྱོད་ཀྱིས་བཤད་ས་དཔལ་རྣམ་ལ་མི་འདྲི་བར་ང་ལ་འདྲི་དགོས་དོན་མེད་ཀ ཁོང་གཉིས་ཀྱི་གནད་དོན་བཤད་མི་དགོས་བཤམ་ནས་འདུག ཁྱོད་ལ་ཐེ་ཚོམ་ཅི་ཡོད་ན་དཔལ་རྣམ་ལ་དྲིས་དང་ཁོ་ལས་ལྷག་ངས་མི་ཤེས། ངས་བལྟས་ན་དཔལ་རྣམ་གྱི་སྐད་ཆ་ཚང་མ་ཁྱོད་ཀྱིས་གོ་མེད་པ་འདྲ་ཞིབ་མོར་ཀློག་དང་ཡང་ཡང་ཀློག་དང་། མ་གཞི་ཁག་མི་འདུག་ཚིག་སྦྱོར་ལེགས་པོ་ཞིག་འཁྱོང་མི་འདུག་འོན་ཀྱང་གོ་བ་ཟེར་ནས་ཆེན་པོ་ཞིག་ཅང་ལེན་རྒྱུ་མི་འདུག
ཨ་ལེ། ཇི་འདྲའི་གནས་ཚུལ་ཚབས་ཆེན་རེ་ཡོད་ཟིག སློབ་སྤྱི་ཞིག་གི་ཚད་ནས་བསམ་ན་དངོས་གནས་ཁྱད་མཚར་རང་རེད། དེ་འདྲ་ཞིག་ཨེ་ཡིན་ནམ། ཡིན་ན་ནི་བློ་ཕམ་གྱི་གནས་ཤིག་ལ་རེད་ལ། ཁོང་རང་གི་ལས་འགན་ངོས་ཟིན་པ་ཞིག་ཀྱང་ཡིན་རྒྱུ་རེད། ད་དུང་རྩོམ་ཡིག་འབྲི་མཁན་ལ་རྒྱུ་ཆ་ཞིག་མེད་ན། འདི་ལྟ་བུའི་སྐྱོ་གནས་སྤེལ་དགོས་དོན་མེད་ཀི གང་ལྟར་ཅིག་འགྲིགས་ཡོད་ས་མ་རེད།
ཨ་ཁ། རང་ཆེ་རང་རློམ་དང་རང་ཤེད་བཙན་སྐུལ་གྱིས་སློབ་མ་སྐྱོང་ཐབས་ནི་ཆེས་མ་རུང་བའི་བྱུས་གཞི་ངན་པ་ཞིག་རེད། དེ་བས་སློབ་མའི་སེམས་ཁམས་ལ་རྨ་ཁ་བཟོ་བཤད་མི་དགོས་པ་ཞིག་རེད། འདི་ལྟའི་དབང་ཤུགས་ཆེན་པོ་བཀོལ་སྤྱོད་བྱེད་བཞིན་པའི་ནག་ཉེས་སུས་འཁུར་དགོས་པ་རེད།
དེ་སྔ་ངའི་གྲོགས་པོ་ཞིག་གིས་ཀི་རྡི་དགོན་པའི་རྩོམ་སྒྲིག་པ་རེ་འདོ་སེང་གེ་དང་སློབ་སྤྱི་ཞིག་གིས་བྱེད་སྟངས་ཀྱིས་མི་ཀི་རྟི་དགོན་པའི་གྲ་བ་ཤེས་ཡོན་ཅན་མང་པོ་ཕྱི་ལ་ཐོན་དགོས་བྱུང་བ་རེད་ཅེས་བཤད་བྱུང། འདི་བདེན་པ་ཡིན་ན་སློབ་སྤྱི་དེ་ཡང་དེ་བ་ཅིག་ནས་མིན་འགྲོ། མ་སུ་རུའི་དགེ་རྒན་ནམ་སློབ་སྤྱི་ཞིག་གིས་ཀྱང་སློབ་ཕྲུག་ལ་བཙན་གཡེམ་བྱས་ཚུལ་ཉེ་སྔོན་ཞིག་ལ་ཐོས་བྱུང།
གནས་ཚུལ་འདི་ཚོ་གསལ་པོར་བཟོས་ན་ལེགས་པོ་རེད། མིང་དངོས་སུ་སྨོས་ན་ལེགས་པོ་རེད། གཞན་ཕན་གྱི་མ་རེད་ད།
སློབ་གྲ་འགའ་ཞིག་ལ་སློབ་སྤྱི་མེད་ལ། སློབ་གྲྭ་འགའ་ཞིག་ལ་སློབ་སྤྱི་ལེགས་པོ་མེད། སློབ་གྲ་འགའ་ཞིག་གི་སློབ་སྤྱི་དམག་མི་རྒན་ཡོལ་ཡིན། མ་གཞི་དམག་མི་རྒན་ཡོལ་མང་པོ་ཞིག་སློབ་སྤྱི་ལ་འཇོག་སྼོལ་འདུག་པས་གོང་གི་སློབ་སྤྱི་དེ་ཡང་དམག་མི་རྒན་ཡོལ་ལས་བྱུང་བའི་སོག་སྒར་སློབ་སྤྱིའི་དེ་སྔའི་སློབ་སྤྱི་འདྲ་བོ་ཞིག་མི་འདུག་གེ། ཁོས་ང་ཚོ་ལ་སྡུག་པོ་ཞེ་བོ་བཏང་བྱུང། བཙན་བྱོལ་ནང་གི་དམག་མི་རྒན་ཡོལ་དེ་དག་གིས་གསར་འབྱོར་བ་རྣམས་ལ་ཁ་གཏད་གཅོག་གི་ཡོད་པ་རེད། འདི་གཞུང་གིསྼིདབྱུས་རེད། སྣེ་ལེན་ཁང་དང་སོག་སྒར་སློབ་གྲྭ་སོགས་དམག་མི་རྒན་ཡོལ་དག་གིས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་རེད།
གྲོགས་པོ་ལགས། སྡུག་པོ་བཏང་བྱུང་ཟེར་བས་ཕན་གྱིན་མ་རེད། སྡུག་པོ་བཏང་བྱུང་ན་བཏང་སྟངས་འདི་འདྲ་བྱས་བྱུང་བ་དང་། ཁས་ལེན་མི་ཐུབ་འདི་འདྲ་བྱེད་ཀྱི་འདུག་ཟེར་ངོ་སྤྲོད་ཁུང་ལྡན་གསལ་ཁ་ཡོད་པ་ཞིག་གྱིས་ཤོག་དང་རང་རེ་ལ་ཁ་ལག་གཉིས་ཡོད་པ་ཞིག་ཡིན་པས། སྐབས་འཚོལ་རིང་ལུགས་དེ་རྣམས་ཡན་པོར་མི་འཇོག་ངེས་ཅན་ཡིན་ནོ།