རྔ་བ་ཀུན་བཟང་སྒྲོལ་མ།
མེ་ལྕེ་ཡ་ མེ་ལྕེ་ཡ་་
ཞི་རྒོལ་གྱི་མེ་ལྕེ
འདི་ནི་་་
རང་བཞིན་གྱི་མེ་ལྕེ་དཀྱུས་མ་ཞིག་མ་ཡིན་ལ
འདི་ནི་་་
དུས་བཞི་ཡི་ཆག་སྒོ་ལས་འབར་བ་ག་ལ་ཡིན
འདི་ནི་་
འཇིགས་པ་མེད་པའི་ཟུངས་ཁྲག་མ་ཡིན་ནམ
དེ་བས་ཀྱང་
མེ་ལྕེ་འདི་ནི་་་་
དཀའ་སྡུག་གིས་མནར་བའི་བདག་གི་སྤུན་ཟླ་ཚོས
ཕ་ཡུལ་ལ་བཅངས་པའི་དགའ་ཞེན
ཕ་ས་ལ་བཞག་པའི་སྙིང་སྟོབས
མི་རིགས་ལ་དུང་བའི་ལ་རྒྱ
ཀྱེ་ཀྱེ་་ དཔའ་བོ་ཡི་མེ་ལྕེ
ཁྱེད་ནི་་་
རྐྱེན་ལམ་དུ་ཤོར་བའི་དཔའ་བོ་བརྒྱའི་ཞི་བདེ་ཡི་མཆོད་མེ་ཡིན
མཆོད་མེ་འདི་ནི
རང་དབང་དང་བདེ་སྐྱིད་ཆེད་དུ་མི་རིགས་ལ་ཕུལ
ཐོབ་ཐང་དང་འདྲ་མཉམ་མེད་པའི་བཙོན་པ་དག་ལ་ཕུལ
ལས་དབང་གིས་ཁ་ཁར་བཏང་བའི་ཕུ་ནུ་མིང་སྲིང་དག་ལ་ཕུལ
ཕ་ས་དང་ཕ་སྐད་མེད་པའི་མི་རབས་གསར་པ་ཚོ་ལ་ཕུལ
འབར་ཐལ་་་་་་་་་
ཞི་རྒོལ་གྱི་མེ་ལྕེ་འདི་འབར་ཐལ
ཉི་འོད་དང་བསིལ་རླུང་རོལ་བའི་སྤུན་ཟླ་ཚོ
མཐའ་མཇུག་གི་ཉི་འོད་ཀྱང་མ་མཐོང་བ
ཞི་བདེ་ཡི་འབོད་དབྱངས་སྒྲོག་བཞིན་འབར་ཐལ
བསམ་དབང་དང་དྲན་དབང་མེད་པར་འབར་ཐལ
འགྲོ་ཁོམ་དང་འདུག་ཁོམ་མེད་པར་བྲལ་སོང་
གང་ལྟར། ཞི་རྒོལ་གྱི་ཟུངས་ཁྲག་འབར་བའི་ལོ་ཟླ་འདི
་་་་ཤ་རུས་དུམ་བུར་ཆད་པའི་ལོ་རབས་འདི
་་་་ངུ་གྱིན་ངུ་གྱིན་མུན་ནག་འཐིབས་སོང་
་་་་་བསམ་གྱིན་བསམ་གྱིན་སྐྱོ་གདུང་གིས་མནར་སོང
དེའི་ཕྱིར། ས་གཞི་ཁྲག་དང་ནམ་མཁའ་ངུ་འབོད་ཀྱིས་ཁྱབ
་་་་་ཆུ་མགོ་འདམ་དང་ཆུ་རྔ་འཁྱགས་པས་བསྡམས
་་་་ལུས་སྟོད་རྣག་དང་ལུས་སྨད་རྨ་ཁས་ཟིན
ཀྱེ་ཀྱེ་་་་་་་་་མེ་ལྕེ་ཡ་་་་་་་་་་་་མེ་ལྕེ་་་་་་་ཡ
ཞི་རྒོལ་གྱི་མེ་ལྕེ
ཁྱེད་ནི་ཉི་འོད་ལས་བཞུར་བའི་མེ་ལྕེ་ཡིན་ནམ
་་་་་་ལྗོན་ཤིང་ལས་འབར་བའི་ཚ་སྡུག་ཡིན་ནམ
་་་་་་རྩྭ་ས་མེ་རུ་འབར་བའི་དྲོད་ཤུགས་ཡིན་ནམ
མིན་་་་་་་་མིན་་་་་་གཏན་ནས་་་མིན
འདི་ནི།
ཞི་བདེ་ཡི་རང་དབང་མེད་པའི་མེ་ལྕེ་ཡིན
འདི་ནི།
ལོ་རབས་དུ་མའི་བཙོན་འོག་གི་སྐྱོ་གདུང་ཡིན
འདི་ནི།
འོད་སྣང་དང་འཛུམ་མདངས་མེད་པའི་ན་ཟུག་ཀྱང་ཡིན
འདི་ནི།
དུས་རབས་ཉེར་གཅིག་པའི་གངས་ཅན་པའི་ཟིལ་ཤུགས་ཀྱང་ག་ལ་མིན
མདོར་ན།
ཁྱེད་ནི།
གཅིག་སེམས་འོ་མས་མཐུན་སྒྲིལ་གྱི་རྩ་བ་ཡང་ཡིན་ལ
ཞུམ་མེད་སྤོབས་པའི་སྙིང་སྟོབས་ཀྱང་ག་ལ་མིན
མེ་ལྕེ་་ཡ་་་་་་མེ་ལྕེ་་་་་་་་་
ཞི་རྒོལ་གྱི་མེ་ལྕེ་་་་་་་་་་
ངོ་་་་་་་་་་་་མ་་་་་་་་་་་ཟིལ་ཤུགས་་་་་་་ལྡན།
༢༠༡༣།༣།༡།
རྩོམ་འདི་ཡག་པོ་འདུག ཡག་བྱུང་།
འདི་ནི་ལང་ཚོའི་རྦབ་ཆུ་རེད།