སེར་ཤུལ་རིན་ཆེན་དོན་གྲུབ།
ངས་ཁྲིམས་ལུགས་སྐོར་ལ་སློབ་སྦྱོང་ཆེར་བྱས་མ་མྱོང་། འོན་ཀྱང་ཁྲིམས་ལུགས་མཁས་པ་སྲིད་སྐྱོང་བློ་བཟང་སེང་གེའི་ཁྲིམས་ལུགས་སྐོར་གྱི་གསུང་བཤད་ཅིག་དྲན་གྱི་འདུག ཁོང་གི་གསུང་དོན། “སྨྲ་བརྗོད་རང་དབང་ཞེས་པ་ནི་ཁྲིམས་ལུགས་ནས་བཤད་ན། གང་དྲན་པ་དེ་ཇི་ལྟར་བཤད་བཤད་མ་ཡིན་པར་ཁྲིམས་ལུགས་ཀྱི་འགན་ཁུར་ཡོད་པའི་ཐོག་ནས་གང་ཡང་བཤད་ཆོག་པ་ལ་ཟེར།” གསུང་ཚིག་ཇི་བཞིན་ཡིན་མིན་མ་ཤེས་ཀྱང་དོན་དག་ཏག་ཏག་ཡིན། སྨྲ་བརྗོད་རང་དབང་ཞེས་པ་ལ་འདི་འདྲའི་ངོས་འཛིན་ཞིག་བྱས་ནས་ད་ལྟའི་ང་ཚོའི་སྤྱི་ཚོགས་བལྟས་ན་ཡང་དག་པའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན་ནི་ཧ་ཅང་ཉུང་བའི་སྣང་བ་ཡང་ཡང་འབྱུང་། ཁྲིམས་ལུགས་ཀྱི་འགན་ཁུར་ཡོད་པ་ཟེར་བ་དེ་ངས་གོ་ཚོད་ལྟར་ན། དྲང་བདེན་དང་། དངོས་ཡོད་ཞིབ་འཇུག་ཚོད་མཐོའི་ཐོག་ནས་ཡང་དག་པ་དང་། ཡང་དག་པ་མ་ཡིན་པའི་དབྱེ་འབྱེད་སོ་སོར་བྱས་རྗེས་འདོར་ལེན་དང་སྐྱོན་བརྗོད་ཀྱི་སྨྲ་ལྕེ་གཡོ་བ་འམ་བྱ་སྤྱོད་གང་ཞིག་བརྩམས་པ་ལ་ཟེར། དེས་ན་མི་སུ་ཞིག་གིས་རང་ཉིད་ཀྱིས་ཁྲིམས་ཀྱི་འགན་ཁུར་དང་། ཡང་དག་པའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་འདོད་ཡོད་ཚེ་ཐོག་མར་དེ་གཉིས་ཤེས་པ་དགོས་པ་གལ་ཆེན་རེད། མང་གཙོའི་སྤྱི་ཚོགས་ནང་ངམ། ཡང་ན་སྨྲ་བརྗོད་རང་དབང་ཡོད་པའི་སྤྱི་ཚོགས་ཤིག་གི་ནང་དུ། མང་གཙོ་ཡིན་པ་དང་། སྨྲ་བརྗོད་རང་དབང་ཡོད་པའི་རྒྱུ་མཚན་གྱིས་དོན་དངོས་དབྱེ་ཞིབ་ལ་རྨོངས་པའམ། རྒྱུ་མཚན་དང་དོན་དངོས་ཀྱི་ལྡོག་ཕྱོགས་སུ་གནས་པའི་བརྗོད་པ་དེ་ཚོས་དུས་ནམ་ཡང་མང་གཙོ་དང་། རང་དབང་ཟེར་བའི་ཚིག་འབྲི་གཉིས་ཀྱི་བརྗོད་དོན་དངོས་ཀྱི་དོན་དམ་རང་བཞིན་ལ་ན་ཟུག་སློང་བཞིན་ཡོད།
དེས་ན་རང་ཉིད་ཀྱིས་གང་ཞིག་བརྗོད་པ་དེ་དངོས་ཡོད་དང་། ཁྲིམས་ལུགས། དཔང་རྟགས་བཅས་ཀྱི་ཐོག་ནས་གང་ཞིག་བཤད་དགོས་པ་དང་། གང་ཞིག་བཤད་མི་འོས་པའི་ཐག་གཅོད་བྱས་རྗེས་གཞི་ནས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་དགོས་པ་ཡིན། བསམ་བློ་འདི་དང་གོ་རྟོགས་འདི་མེད་སྟབས་དེང་སྐབས་ང་ཚོའི་སྤྱི་ཚོགས་རྒྱུ་མཚན་དང་། ཁུངས་ལུང་ཡོད་མེད་ལ་མ་ལྟོས་པར་སྐྱོན་བརྗོད་བྱེད་ཐུབ་ན་སྨྲ་བརྗོད་རང་དབང་ཡང་དག་པར་ལོངས་སུ་སྤྱོད་བཞིན་པའི་སྣང་བ་འཁྲུལ་བཞིན་ཡོད། ཁྱེད་རང་གིས་སུ་ལའང་སྐྱོད་བརྗོད་བྱེད་ཆོག ༸གོང་ས་མཆོག་ལའང་སྐྱོན་བརྗོད་བྱེད་ཆོག ནང་ཆོས་ལའང་སྐྱོན་བརྗོད་བྱེད་མཆོག བོད་གངས་ཅན་པའི་ཡོད་ཚད་ཀྱི་ཡོད་ཚད་ལ་སྐྱོན་བརྗོད་བྱེད་ཆོག རེད་དེ་ཁྱེད་རང་ལ་ཁྲིམས་ལུགས་དང་། དོན་དངོས་ཀྱི་རྒྱབ་ལྗོངས་ཡོད་དགོས། གལ་སྲིད་སུ་ཞིག་གིས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལ་སྐྱོན་བརྗོད་བྱས་ན་དེས་མ་ཐ་ཡང་༸གོང་ས་མཆོག་གི་དགོངས་གཞི་རྟོགས་དགོས་ལ་༸གོང་ས་མཆོག་གིས་དེའི་སྐོར་ལ་དགོངས་པ་བཞེས་པ་དེའི་བརྒྱ་ཆ་གང་འཚམ་ཞིག་ལ་ཞིབ་འཇུག་དང་། བསམ་བློ་གཏོང་དགོས། ད་དུང་གནད་དོན་དེའི་ཐོག་ལ་༸གོང་ས་མཆོག་ནང་བཞིན་ཉམས་མྱོང་དང་ཤེས་ཡོན་ཡོད་པ་ཞིག་དགོས། གལ་སྲིད་༸གོང་ས་མཆོག་དང་སློབ་སྦྱོང་དང་། ཉམས་མྱོང་། ཤེས་ཡོན་སོགས་གང་ཅིའི་ཆ་ནས་ཆེས་རྒྱང་རིང་དུ་གནས་པ་ཞིག་གིས་༸གོང་ས་མཆོག་གི་དགོངས་ཇི་ལྟར་རྟོགས་སམ། ༸གོང་ས་མཆོག་གི་ནོར་འཁྲུལ་ཇི་ལྟར་ཤེས་ཐུབ་བམ། སུས་ཞིག་གིས་དེ་ལྟར་བྱེད་པ་ནི་གནས་ལུགས་དང་མཐུན་པ་ཞིག་གཏན་ནས་མ་རེད།
ཕྱོགས་གཞན་ཞིག་ནས་བསམ་ན་རང་ཉིད་ཀྱིས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལ་ངན་བརྗོད་བྱེད་པའི་ཤེས་ཚད་དང་། གོ་སྐབས་འདི་ཡང་༸གོང་ས་མཆོག་གི་སྐུའི་མཛད་འཕྲིན་གྱིས་བསྐྲུན་པ་ཡིན་པས་བཀའ་དྲིན་བསམ་ཤེས་དང་། འགྲོ་བ་མིའི་གཞི་རིམ་བཟང་སྤྱོད་ཀྱི་གོ་རྟོགས་དང་ཉམས་ལེན་ཙམ་ཡང་མེད་པར་མི་རིགས་དང་། རྒྱལ་ཁབ་བཤད་པར་ངོ་མི་ཚ་འམ། དེ་སྔོན་མི་མང་པོ་ཞིག་གིས༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཚོང་བ་རྒྱགས་པ་ཟེར་ནས་མཚན་སྨོད་ཞུས་པ་རེད། དེང་སྐབས་ཁོང་ལ་མི་རིགས་ཀྱི་དཔའ་བོ་ཟེར་ནས་བསྟོད་བསྔགས་འབུལ་བཞིན་ཡོད། ཅིའི་ཕྱིར་ཁོང་ཚོང་བ་རྒྱགས་པ་ཆགས་པ་རེད། ཡང་ཅིའི་ཕྱིར་མི་རིགས་ཀྱི་དཔའ་བོ་ཆགས་པ་རེད། ཁོང་གི་དགོངས་གཞི་མི་ཤེས་མཁན། ཁོང་གི་གོ་རྟོགས་ལ་མ་སྙོབ་མཁན། ཁོང་གི་ལེགས་མཛད་མི་ཤེས་སྐོར་ཞིག་གིས་ཁོང་ལ་སྒྲོ་སྐུར་བྱས། ཁོང་ལ་ཚོང་པ་རྒྱགས་པ་ཞུས། དེ་ཤེས་དམན་གཞི་རིམ་མི་མང་སྟེ་ལག་ཆར་གྱུར་བའི་མི་ཚོགས་ཀྱིས་བསྒྲགས། དེ་ལྟར་བྱས་ནས་བྱུང་བ་རེད། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་བསླབ་བྱ་འདི་ཚོར་བསམ་ཞིབ་བྱ་དགོས། དེང་སྐབས་གཞི་རིམ་མི་མང་གི་ཁྲོད་དང་། ལྷག་པར་དུ་གདན་ས་ཁག་ཏུའང་ནང་ཆོས་ལ་ཞེན་པ་ལོག་མཁན་དང་། མི་རྟག་པ་དང་། ལས་རྒྱུ་འབྲས་བཤད་ན་བླུན་རྨོངས་རང་བཞིན་གྱི་ལྟ་ཚུལ་འཛིན་མཁན་ཡོང་བཞིན་འདུག འགྲོ་བ་མིའི་ཁམས་མོས་རང་བཞིན་གྱི་ཆོས་ཉིད་གནས་ལུགས་ལ་བསམ་ན་གནས་ཚུལ་འདི་ཚོར་ཧང་སང་དགོས་པ་གང་ཡང་མ་རེད། འོན་ཀྱང་ཁོང་ཚོའི་ནང་ཆོས་ཀྱི་ཤེས་ཚད་དང་། ཉམས་ལེན་གྱི་གྲུབ་འབྲས། ཐ་ན་གཞི་རིམ་ནང་ཆོས་ཀྱི་གོ་རྟོགས་བཅས་ཧ་ཅང་དམའ་ན་ཡང་ད་དུང་སྨྲ་བརྗོད་རང་དབང་གི་ངར་སྐད་འོག་ནས་འདི་ལྟར་བཤད་ཡོང་དུས། དེང་གི་དུས་འདིར་གཞི་རིམ་མི་མང་གང་མང་ཞིག་ཆབ་སྲིད་པ་དང་། མིང་གྲགས་ཅན་གྱི་ལོག་བཤད་མཁན་སྐོར་ཞིག་གི་ལག་ཆར་འགྱུར་བཞིན་ཡོད་པ་གསལ་བོ་རེད།
ང་ཚོའི་སྤྱི་ཚོགས་འདིར་མཚོན་ན་དོན་དངོས་རང་བཞིན་གྱི་དཀའ་གནས་གསལ་བཤད་དང་། འདྲ་ཆགས་གོ་སླ་ཡི་གཏམ་བཤད་རགས་པ་གཉིས་ལ་གཞི་རིམ་མི་མང་གི་བློ་ཁ་སྒྱུར་བའི་ནུས་པ་ཕྱི་མ་འདིར་ཆེ་བ་སྨོས་མེད་རེད། དེའི་རྒྱུ་མཚན་ནི། དཀའ་གནད་དང་། ཡང་དག་པའི་ལམ་ནི་གོ་རྟོགས་ཟུང་འབྲེལ་གྱིས་ཤེས་ཐུབ་པ་ལས་གཏམ་བཤད་ཐེངས་ཤས་ཤིག་གིས་རྟོགས་ཐུབ་པ་ཞིག་མ་རེད། བདག་གི་སྙིང་བའི་བོད་རིགས་སྤུན་ཟླ་ཚོ། དེང་བོད་མི་རིགས་ཀྱི་ཆེས་ཛ་དྲག་ཅན་གྱི་དུས་སྐབས་འདིར་ང་ཚོས་རང་རང་ས་ནས་གྲ་སྒྲིག་དང་། ཆོད་སེམས་ཀྱི་ཐོག་ནས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལ་ཡིད་ཆེས་དང་། རང་ཉིད་གཞན་གྱི་ལག་ཆར་མ་གྱུར་བའི་རྣམ་དཔྱོད་ཀྱི་ནུས་ཤུགས་བཏོན་ནས་མདུན་སྐྱོད་བྱེད་རོགས་ཞུ།
རང་གི་ཤེས་འཇོན་ནུས་པ་ཆུང་ན་ཡང་།།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།
འདི་ནི་ད་ལྟའི་གལ་གནད་དང་པོ་ཡིན།།
བོད་རིགས་ཡོངས་ཀྱི་ཐུགས་ལ་འཛིན་རོགས་ཞུ།།
བོད་རྒྱལ་ལོ།།
༢༠༡༣/༣/༡༤ ལ།
ལགས་སོ་་བཀའ་གསུངས་ཞུ
སེར་ཤུལ་རིན་ཆེན་དོན་འགྲུབ་ལགས་ནས་གནད་ལ་ཕིག་པོའི་དཔྱད་རྩོམ་ཞིག་བྲིས་འདུག་ངས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། ཉེ་ཆར་ངོས་ཀྱི་ཆོས་གྲོགས་ཞིག་དང་ལྷན་དུ་ཁ་བརྡ་བྱུང་། ངེད་གཉིས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ད་ལྟ་༧གོང་ས་མཆོག་གསེར་ཞལ་བཞུགས་བཞིན་པའི་སྐབས་སུ་ཁོང་གི་བཀའ་སློབ་ལམ་སྟོན་འོག་ནས་བསོད་ཟད་བོད་རིགས་འདི་རྣམས་ཁོང་གི་དགོངས་གཞི་ལས་ནམ་མཁའ་ལས་རྒྱ་ཆེ། རྒྱ་མཚོ་ལས་གཏིང་ཟབ་པའི་རླབས་ཆེན་གྱི་དགོངས་གཞིའི་ར་བ་ལས་མ་འདའ་བར་བོད་རིགས་ཡོངས་ནས་ལམ་དེའི་ནང་དུ་ཤར་སྐྱོད་བྱེད་རྒྱུ་ལས་ལྷག་ས་ཞིག་མི་འདུག དེང་སང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་ནས་དགོས་པའི་ཕ་བསད་ཀྱི་དགྲ་བོ་ལ་གདོང་ལེན་མི་བྱེད་ནས་མི་དགོས་པའི་ཆབ་སྲིད་ཀྱི་འགྲན་རྩོད་བཙན་བྱོལ་བོད་རིགས་ནང་ཁུལ་དུ་ངོམས་སོ་བྱེད་ནས་དངོས་ཤུགས་བརྒྱུད་གསུམ་ནས་བཙན་བྱོལ་བོད་གཞུང་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཅས་ལ་མཚན་རྨས་ཞུ་ཕོད་ལ་དཔྱད་ན་བོད་རང་བཙན་ཐོབ་རྒྱུ་ཕར་ཞོག་བོད་རིགས་ནང་ཁུལ་བླ་སློབ་དམ་ཚིག་ཉམས་ནས་ནམ་ཞིག་༧གོང་ས་མཆོག་མཆོག་གི་སྐུ་ཚེའི་བར་ཆད་དུ་མི་འགྱུར་བའི་ངེས་པ་གཏན་ནས་མི་འདུག རྒྱུ་མཚན་གང་ཡིན་ཞེ་ན་༧གོང་ས་མཆོག་རང་ནས་སྔ་ལོར་དུས་འཁོར་དབང་ཆེན་དང་མ་ཟད་བཞུགས་སྒར་ཁུལ་སོགས་ནས་དུས་རྟག་ཏུ་བཀའ་སློབ་གནང་སྐབས་སུ་ང་ཡི་ཚེ་ཇི་ཙམ་ཐུབ་མིན་ནི་བོད་ཀྱི་བསོད་ནམས་ལ་རག་ལས་ཡོད་། བསོད་ནམས་དེ་ཉིད་ཀྱང་དམ་ཚིག་ལ་རག་ལས་ཡོད། སློབ་མས་བླ་མའི་དམ་ཚིག་ཡག་པོ་མ་སྲུང་ན་བླ་མའི་ཚེ་ཐུང་རུ་འགྲོ་བའི་ནི་ཆོས་ཉིད་ཞིག་རེད་བོད་རིགས་གཙོས་འཛམ་གླིང་གི་མི་མང་མི་ལ་ཕན་ཐོག་ཆེར་མེད་ན་གར་འགྲོའི་རང་དབང་མེད་ཀྱང་འཛམ་གླིང་འདིའི་སྒང་ལ་བསྡད་མ་བསྡད་ཁྱད་པར་མེད་ཅེས་ཐེངས་མང་གསུངས་མྱོང་ཡོད།
སྙིང་ནས་བཀའ་དྲིན་ཆེ། གལ་གནད་ཆེན་པོ་གསུངས་འདུག་
ཡི་རང་ཡོད་་་་་འདི་དང་འདི་འདྲ་བའི་གལ་དོན་དག་མུ་མཐུད་ནས་་་་་་་
ལེགས་སོ།
ཨོ་ཧོ། ད་བྱས་ན་གཙོ་བོས་ཇི་ལྟར་བཀའ་བསྩལ་བ། དེ་དག་ཐམས་ཅད་བདག་གིས་བགྱིས། ཟེར་ན་ཡག་ཤོས་རེད།
འོན་ཀྱང་ནུབ་ཕྱོགས་དམངས་གཙོའི་ལམ་ལུགས་ལ་དེ་འདྲ་མི་འདུག་ག། སོ་སོའི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་གླེང་བའི་དབང་ཆ་ཆ་ཚང་འདུག་ད། འོན་ཀྱང་༧གོང་ས་མཆོག་གིས་བོད་དང་བོད་མི་རིགས་ཀྱི་ལས་དབང་མུག་ཤི་ཐེབས་གྲབས་ལས་མྱུར་སྐྱོབས་ཀྱི་ཐབས་ལམ་ཞིག་བསྩལ་གནང་བར་བཀའ་དྲིན་ཆེ།
བདེན་པ་རེད།
ངས་རྒྱ་ནག་ནས་ཁྲིམས་ལུགས་ལོ་བཞིར་སྦྱངས་མྱོང་། ཁྲིམས་ནི་རྗེ་བོའི་བཀའ་ཙམ་དང་བཙན་པོའི་དབྱིག་པ་ཙམ་ལས་མ་འདས། འབངས་ཀྱིས་རྗེ་ལ་གཤེ་གཤེ་གཏོང་ཙམ་པའི་ཁྲིམས་སམ་ཐོབ་ཐང་ནི་གནའ་ནས་ཡོད་པ་དང་། བསྐལ་བ་མ་སྟོང་བར་དུ་རྗེ་བོས་འབངས་ལ་གཤེ་དང་བཤས་བཞིན་པ་དེ་རེད། རྗེ་བོར་གཤེ་ཆོག་མིན་གིས་མང་གཙོ་ཡིན་མིན་འབྱེད་ཀྱིན་ཡོད་མོད། དོན་དམ་གྱི་མང་གཙོ་དེ་ན་མེད། ཨ་རིར་མཚོན་ན་རྗེ་བོར་ཉིན་མ་རྟག་པར་འབངས་ཀྱིས་གཤེ་བཞིན་པ་དེ་རེད། ཡིན་ན་ཡང་དེ་ཨ་རིའི་མང་གཙོ་དང་ཁྲིམས་ལྡན་གྱི་དན་རྟགས་སུ་གྱུར་མེད། རང་གི་གང་བྱས་རང་གིས་འགན་ཁུར་བ་དང་འཁུར་དུ་འཇུག་ཐུབ་པའི་ཁྲིམས་ལྡན་པ་དེ་ཨ་རིའི་མང་གཙོའི་རྟགས་མཚན་རེད། རྡ་ས་ནས་སྒྲོ་བསྐུར་དང་མ་ཉེས་ཁ་ཡོག་སོགས་ཉེས་ཁྲིམས་ལ་ཕོག་པའི་གཏམ་སྨྲ་མཁན་དེ་དག་ལ་ཇི་སྲིད་ཁྲིམས་ཆད་པ་མ་བཅད་བར་དུ་དེ་སྲིད་དུ་རྡ་ས་ན་མང་གཙོ་མེད། དེ་ནི་ཁྲིམས་ཀྱི་གཞུང་ལུགས་དང་རྟགས་རིགས་རེད། དེ་ཙམ་གྱིས།
ཁྲིམས་སྨྲ་བའི་སྤོབས་པ་རིག་པ་ང་ལ་ཡོད།
ཁྲིམས་བཤད་ས་མེད་པར་ལུས་པ་ཡིད་རེ་སྐྱོ།
ཁྲིམས་འདི་ཚོའི་བརྒྱབ་ན་སྟོབས་དང་འབྱོར་བ་ཡོད།
དེ་མེད་ན་ཁྲིམས་དཔོན་གན་དོ་ལ་ཞིག་རེད།
དྲ་གྲོགས་སེར་ཤུལ་རིན་ཆེན་དོན་གྲུབ་ལགས་ཀྱིས་གསུང་པ་དེ་བདེན་པ་རེད་་་་རྩོམ་ཡིག་འདིའི་རིགས་ནི་ང་ཚོ་ལ་དགོས་མཁོ་ཆེས་ཆེ་ལྡན་པ་ཡིན་པས་་་་མ་འོངས་པར་མུ་མཐུད་འབྲི་རོགས་གནང་་་་
དྲ་གྲོགས་ལྷན་རྒྱས་ལ་ཆེད་ཞུ། དྲ་གྲོགས་ཁ་ཤས་ཀྱིས་ ཁ་བརྡའི་དྲ་ཐོག་ཏུ་བཀོད་པའི་(དུས་བབ་ཀྱི་དུང་བརྡ) ཟེར་བའི་རྩོམ་ཡིག་དེའི་རྩོམ་པ་པོ། དགེ་བཤེས་རིན་ཆེན་ཟེར་བ་ང་ཡིན་ཤག་བྱེད་ཀྱི་འདུག འོན་ཀྱང་དེ་ནི་ང་རྩ་བ་ཉིད་ནས་མིན། ངས་ག་དུས་རྩོམ་ཡིག་སྤེལ་ན་ཡང་ སེར་ཤུལ་རིན་ཆེན་དོན་གྲུབ་ཟེར་བའི་མིང་འདི་ཁོ་ན་བེད་སྤྱོད་བྱེད་ཀྱི་ཡོད། གསལ་བཤད་དུ། སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས།
སེར་ཤུལ་པས་བཤད་པ་ལྟར་ངས་ཀྱང་རྩོམ་པོ་དེར་དྲི་བ་ཞིག་བཏང་ཡིན། ད་དེ་ཁྱེད་མིན་པར་ཧ་གོ་སོང་།
དེ་ལ་མོས་མཐུན་བརྒྱ་ཆ་བརྒྱད་བཅུ་ཙམ་ཡོད། བརྒྱ་ཆ་ཉི་ཤུ་ལ་རྒྱབ་སྐྱོར་མི་བྱེད་དགོས་དོན་ནི།
སྐྱོན་བརྗོད་མཁན་དེ། སྐྱོན་བརྗོད་ས་ལས་ཤེས་ཡོན་དང་འཇོན་ཐང་ཆེ་དགོས་ན། མི་དམངས་ཕལ་ཆེར་སྲིད་འཛིན་དང་། ཆེ་མཐོའི་དཔོན་རིགས་ལས་གང་ཅིའི་ཐད་ཞན་པ་ཡོད་དུས། འབངས་མི་ལ་སྐྱོན་བརྗོད་བྱེད་པའི་དབང་ཚད་གང་ནས་ཡོང་། དེ་ལྟ་ན་གུང་ཁྲན་ཏང་གི་བྱེད་སྟངས་འགྲིག་གི་ཡོད་པ་འདྲ། ཁྱོད་ལྟར་ན་ང་ཚོས་རྒྱ་ནག་དཔོན་རིགས་ལ་སྐྱོན་ག་ལ་བརྗོད་རུང་། རྒྱ་ནག་དཔོན་རིགས་ཕལ་ཆེར་སློབ་སྦྱོང་ཆེན་པོ་ཐོབ་མཁན་ཤ་སྟག་ཡིན་པར་མ་ཟད། མ་མཐར་མཐོ་སློབ་ལ་འགྲིམ་མ་མྱོང་མཁན་ཀྲུང་དབྱང་གི་ཆེས་མཐོའི་དཔོན་རིགས་ནང་མེད། དམངས་གཙོ་ཚད་ལྡན་རྒྱལ་ཁབ་ལ་མིག་དཔེ་ལྟ་ཁྲིམས་ཡིག་ཀློག་ན། སྐྱོན་བརྗོད་མཁན་ལ་གང་འདྲ་ཞིག་དང་། སྐྱོན་བརྗོད་ན་ཆ་རྐྱེན་ཅི་ཞིག་ཚང་དགོས་མིན་རྟོགས་ཐུབ།
སྐད་ཆ་བཤད་ན་བསམ་བློ་ཡག་པོ་བཏང་བར་གལ་ཆེ། སྤྱིར་བཏང་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ།
གནས་ལུགས་ཡོད་པའི་སྐད་ཆ་ཞིག་གསུང་འདུག རྒྱུ་མཚན་ལ་ལྟ་ཤེས་མཁན་ཞིག་ཡིན་ན་ཁྱེད་ཀྱི་སྐད་ཆ་འདི་ལ་མ་རེད་ཟེར་ས་གཏན་ནས་མི་འདུག འོན་ཀྱང་འདིའི་ནང་གི་དྲ་མཆན་པ་ཕལ་ཆེ་བ་ནི་གནས་ལུགས་ལ་མི་ལྟ་བར་འདོད་ཕྱོགས་ལ་ཨུ་ཚུག་རྒྱག་མཁན་རྐྱང་ཡིན་པས་སྐད་ཆ་འདི་ཨམ་མཆོག་ལ་འགྲོ་མཁན་དཀོན་ཙམ་ཡིན་རྒྱུ་རེད་འདོད།
སྤྱིར་སྨྲ་བརྗོད་རང་དཔང་ནི་ཆོས་ལུགས་དང་ཁྲིམས་ལུགས་ཀྱི་བཙན་དཔང་མགོ་ཐོག་ལ་མ་བཞག་པར་དུ་ཡོད་ཡོད་པ་རེད། ཡིན་ན་ཡང་ཆོས་ཁྲིམས་གཉིས་ཡོད་པའི་རྒྱུ་མཚན་དུ། མི་སྨྲ་གཏུལ་བཞུགས་ལ་འཛིན་པ་ནི་ལྐུག་པ་ལྐུག་རྐྱང་ཞིག་ལ་ངེས་འཛིན་བྱེད་འདོད་བྱུང་།
༧གོང་ས་མཆོག་གིས་ག་དུས་ཡིན་ན་ཡང་བོད་མི་མི་རེ་ངོ་རེ་ལ་འགན་ཡོད་པ་གསུངས་གསུངས་གཉིས་ཀས་ང་ཚོ་གཉིད་སད་ཡོད་ན་ཆགས་སམ་སོང་། མི་རེ་ལ་འགན་ཡོད་ན། མི་རེ་ཡི་བསམ་ཚུལ་ལ་ཡང་གོ་ས་ཞིག་དགོས་པ་ཪེད།
ང་ཚོ་ལ་བཀག་རྡོ་གཉིས་ཡོད་པ་རེད། གཅིག་དེ་དགྲ་པོ་སྟོབས་ཆེན་རེད་ཟེར་བ་དང་། གཉིས་དེ་ང་ཚོ་ལ་རྡོག་རྩ་མི་འདུག་ཟེར་བ་གཉིས་རེད།
དང་པ་དེ། དགྲ་བོ་ཉིན་རེ་ནས་སྟོབས་ཆེན་དུ་འགྲོ་བཞིན་ཡོད་ན། དེ་ཡི་སྟོབས་ཤུགས་རྒུད་ཐབས་ཀྱི་སྲིད་ཇུས་ངན་པ་ག་རེ་ཡོད། ཡང་ན་རང་དགྲ་པོ་ལས་རྒྱལ་བར་བྱེད་པའི་ཕུག་མདུན་ཡང་དག་ག་རེ་ཡོད། འདིའི་ཕྱོགས་ལ་བརྩོན་དགོས་བ་ལས། རྒྱལ་བའི་གསུངས་ཡང་དག་ཡིན་མིན་གྱི་གནས་ལུགས་དཔྱོད་པའི་བློ་འོས་ཤིང་འཚམས་པ་ཞིག་དགྲ་བོད་གཉིས་ཀྱི་ཕྱོགས་ན་གཅིག་ཀྱང་ཡོད་ཚོད་མི་འདུག།
གཉིས་པ་དེ། བོད་མི་ཞིག་ཡིན་ཕྱིན་ཕལ་ཆེར་གསུམ་བཅུའི་དུས་དྲན་ལ་འཛུལ་ཞུགས་གང་ཐུབ་ཀྱིས་བྱེད་བཞིན་ཡོད་པ་རེད། འདིས་ང་ཚོ་དགྲ་བོའི་སྔུན་ན་རྡོག་རྩ་་གཅིག་དུ་ཡོད་པ་བསྟན་པ་རེད། བོད་སྟོད་སྨད་ཕྱི་ནང་གང་ན་ཡང་རང་ལུས་མེ་ལ་སྒྲོན་བཞིན་པ་འདིས་ཡང་རྡོག་རྩ་གཅིག་དུ་ཡོད་པ་བསྟན་པ་རེད། དེ་གས་འགྲིགས་པ་རེད་མ་གཏོགས། ཆས་གོས་ཡུལ་སྲོལ། ལྟ་བ་ལང་ཕྱོགས། ཆོས་གཅིག་མྱི་གཅིག་དུ་འདོད་པ་ནི་མི་མང་མགོ་སྐོར་གྱི་ལམ་ནས་གཞུང་ཞབས་པ་འགས་རྡོག་རྩ་གཅིག་དུ་མེད་མདོག་གིས་ཉི་མ་སྐྱོལ་ཐབས་ཙམ་ལས། དོན་དངོས་སུ་དགྲ་ཕྱོགས་ཀྱི་སྔོན་ན་རྡོག་རྩ་ཡོད་མེད་དེ་ལ་སེམས་ཁུར་བྱས་མེད།
ང་ཚོ་ལ་མེད་པ་ནི་བོད་རྒྱ་གཉིས། མ་ཟད་འཛམ་གླིང་སྐྱེ་བོ་ཡོད་ཚད་ཀྱིས་ཧ་གོ་ནིའི་བདེན་པ་ལ་ཕྱི་ནུར་དང་གོང་གཏམ་མེད་པའི་ལམ་ཁ་ལོ་རྒྱུས་ཅན་པོ་དེ་རེད། དེ་ཐོབ་པའི་མཐུན་རྐྱེན་ལེགས་ཚོགས་སྦྱོར་ཐུབ་ནིའི་ཕ་མེས་ཡང་མེས་ཚོའི་ཆོད་སེམས་བརྟན་པོ་དེ་ཡང་དགོས་བ་རེད། དེ་ནས་ཨ་མའི་བུ་ལ་རུས་པ་ཡོད་ན་བདེ་མོའི་ཐང་ལ་རྒྱུག་ས་དང་། ཨ་ཁུ་ཚོ་ལ་ཡོན་ཏན་ཡོད་ན་ལོ་རྒྱུས་རིང་པོ་ཀློག་ཚད་དང་། འཛམ་གླིང་མི་ལ་སྙིང་རྗེ་ཡོད་ན་བདེན་པའི་དོན་ལ་ཤི་ཚད་ཡོད་པ་རེད།