གཟུ་བ།
ད་ལྟའི་དུས་ཚོད་ནི་འུ་ཅག་ལ་མཚོན་ན་ཛ་དྲག་གི་དུས་སྐབས་ཤིག་ཡིན་པས། ཛ་དྲག་དང་ཉེན་ཁ། དཀའ་སྡུག་གི་དུས་སུ་ད་གཟོད་མི་མང་པོ་ཞིག་འཆམ་མཐུན་མེད་པ་དང་འདོད་བློ་མི་མཐུན་པ། མཉམ་འབྲེལ་གྱི་སྟོབས་ཤུགས་ཉམས་པའི་ཡ་ང་བའི་གནས་ཚུལ་གྱི་འགོ་འཛུགས་པ་ནི་ཆོས་ཉིད་ཅིག་རེད། ད་ལྟའི་བོད་ཀྱི་གནས་ཚུལ་དང་གནད་དོན་དག་ང་ཚོས་ངེས་པར་དུ་གླེང་དགོས་པ་ཞིག་ཡིན་མོད། གླེང་སྟངས་ཀྱི་གནས་བབ་ལ་གཞིགས་ཚེ་སྨྱུག་ཐོགས་པ་རང་ཉིད་ཀྱི་འདོད་བློ་དང་དགའ་ཕྱོགས་ཁོ་ན་གཙིགས་སུ་བཟུང་སྟེ་གླེང་འགོ་འཛུགས་བཞིན་པའི་སྣང་ཚུལ་ངན་པ་ཞིག་ཡོད་པར་སྙམ། འདི་ནི་ཆབ་སྲིད་ཀྱི་ལྟ་སྟངས་ལ་སྒེར་གྱི་ཚོར་ཤུགས་ཁོ་ནར་སྐྱབས་བཅོལ་བའི་གླེང་ཕྱོགས་ཙམ་ལས་མི་རིགས་དང་རྒྱལ་ཁབ། རིག་གཞུང་ཞིག་གི་གནས་བབ་གླེང་སྐབས་ཕུགས་རྒྱང་རིང་བོའི་བསམ་བློ་དགོས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ།
ཡང་གནད་དོན་གཞན་ཞིག་ནི་ང་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་གླེང་སྐབས་སྒྲུང་བཤད་རྒྱུར་དགའ་སྟེ། གྲོས་འཆར་དོན་ཚན་ལྔ་དང་སི་ཊས་སི་སྦག་གི་གྲོས་འཆར་ནས་སྒྲུང་བཤད་རྒྱུ་དགའ་བ་དེ་རེད། ང་ཚོའི་དབུ་མའི་ལམ་ནི་སྒྲུང་བཤད་པའི་ཕྱིར་དུ་སྒྲུང་བརྩམས་པ་ཞིག་མིན་ཏེ། འུ་བུ་ཅག་གི་འདས་མ་ད་གསུམ་གྱི་གནས་བབ་ཕྱོགས་ཡོངས་སུ་གཞིགས་ནས་ད་གཟོད་དབུ་མའི་ལམ་གྱི་ལྟ་གྲུབ་གསར་དུ་བཏོད་པ་ཞིག་རེད། དེས་ནི་བོད་མི་རིགས་དང་བོད་ཀྱི་ས་ཁོངས། བོད་ཀྱི་རིག་གཞུང་། བོད་ཀྱི་བདག་དབང་སྐྱོབ་པའི་ཐབས་ལམ་ཆེས་དམིགས་བསལ་ཞིག་ཏུ་ཅིས་ཀྱང་བརྩི་རིགས་པས། དེ་ལ་རང་ཉིད་ཀྱི་དགའ་ཕྱོགས་ཁོ་ན་དམིགས་ཡུལ་དུ་བཟུང་སྟེ་སྡོམ་ཚིག་རྒྱག་མི་རུང་བས། ང་ཚོས་མི་རིགས་ཤིག་གི་དར་རྒུད་ལ་ལྟ་སྐབས་ཡུལ་དུས་གནས་བབ་མང་པོ་ཞིག་བསྡུར་ཏེ་དཔྱོད་འཇུག་བྱ་དགོས་པ་དེ་ཡིན། དབུ་མའི་ལམ་གྱི་ནུས་སྟོབས་འཚོལ་བ་ཡང་དེ་བཞིན་ནོ།།
གཅིག དབུ་མའི་ལམ་དང་འཛམ་གླིང་གི་འགྱུར་འགྲོས།
འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་མཇུག་བསྒྲིལ་རྗེས་གོ་ལ་འདིའི་སྟེང་གི་འཚོ་གནས་ཀྱི་ཁ་ཕྱོགས་རྦད་དེ་འགྱུར་ལྡོག་གསར་བ་ཞིག་གི་ངོ་བོར་ཕྱོགས་ཡོད། དེ་ནི་མཚོན་ཆའི་ཁ་ནས་རྒྱལ་ཕམ་འགྲན་རྩོད་བྱེད་པའི་ཚབ་ཏུ་ལག་འཇུ་དང་མཐུན་སྒྲིལ་གྱིས་བསམ་བློ་བརྗེ་རེས་ཀྱི་གོ་རྟོགས་སྤེལ་བའི་ལྟ་སྟངས་གསར་བ་དེ་བྱུང་བ་རེད། དེ་ལྟར་མཉམ་གནས་དང་མཉམ་འབྲེལ་གྱི་ལྟ་བ་གཞི་རྩར་བཟུང་སྟེ་སྤྱི་ལོ༡༩༤༥ ལོར་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཤིང་། དང་ཐོག་རྩ་འཛུགས་འདིའི་ཁོངས་སུ་རྒྱལ་ཁབ་བཅུ་ཕྲག་རེ་འགའ་ལས་མེད་ཀྱང་རིམ་གྱིས་འཕེལ་ཏེ། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཉིས་བརྒྱར་ཉེ་བ་ཡོད། དང་ཐོག་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་གཏན་འབེབ་ཀྱི་སྒྲིག་ཁོངས་སུའང་རྒྱལ་ཁབ་༤༨ ཙམ་ལས་མཉམ་ཞུགས་བྱས་མེད་ཀྱང་རིམ་གྱིས་མང་དུ་ཕྱིན་ཏེ་རྒྱལ་ཁབ་ཀུན་གྱིས་གཅིག་གྱུར་ཏུ་ངོས་ལེན་ཐོབ་ཞིག་གོ ། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་སུ་ཞུགས་ཡོད་པས། རྒྱལ་ཚོགས་ཀྱི་དབང་ཚད་དང་ནུས་ཤུགས་ཀྱང་སྟོབས་ལྡན་རྒྱལ་ཁབ་གང་གིས་ཀྱང་འགྲན་མི་བསྡོ་བའི་གོ་གནས་ངེས་ཅན་ཞིག་ཟིན་ཡོད།
དེ་བཞིན་ཡོ་རུབ་མནའ་འབྲེལ་མཐུན་ཚོགས་ཀྱང་རྒྱལ་ཁབ་ཉེར་བདུན་གྱིས་གྲུབ་ཅིང་། མཐུན་ཚོགས་དེས་ཡོ་རུབ་རྒྱལ་ཁབ་སྤྱི་དང་དེ་བཞིན་ཤར་ཕྱོགས་རྒྱལ་ཁབ་སོགས་ཀྱི་བདེ་སྡུག་ལ་སྟངས་འཛིན་ནན་མོ་བྱེད་པའི་གནས་ཚུལ་བྱུང་ཡོད། འདི་ནི་རྒྱལ་ཁབ་གང་དང་གང་ཞིག་ཡིན་ཡང་ཁེར་རྐྱང་དུ་གནས་ཐབས་བྲལ་བའི་བརྡ་མཚོན་གསལ་བོ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་དེ་དང་དེའི་དབང་ཚད་ཀྱང་རང་ཉིད་ཀྱི་རྒྱལ་ཁབ་ཁོ་ནས་སྟངས་འཛིན་བྱེད་ཐབས་མེད་པར་མཉམ་འབྲེལ་ཚོགས་པའི་ལག་ཏུ་འགྲོ་བཞིན་པའི་གནས་སྟངས་ཤིན་ཏུ་གསལ་བོ་ཡིན། དེ་ལྟར་རྩེད་རིགས་ཀྱི་ཐད་ནས་རྒྱལ་སྤྱི་མཉམ་འབྲེལ་བྱུང་བ་ནི་རྒྱལ་སྤྱིའི་ཨོ་ལིན་ཕེ་ཁི་རྩེད་འགྲན། ཨེ་ཤ་ཡའི་རྩེད་འགྲན། དེ་བཞིན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་རྩེད་འགྲན། དབྱུག་སྤོལ་མཉམ་འབྲེལ་རྩེད་འགྲན་ཤིན་ཏུ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་འདིས་ཐུན་མོང་གི་སྟོབས་ཤུགས་ཆིག་སྒྲིལ་རང་བཞིན་དུ་འགྱུར་བཞིན་པ་མཚོན་གྱི་ཡོད་ལ། ད་ལྟའི་དུས་རྒྱལ་ཁབ་ག་གེ་མོ་ཞིག་ཁེར་རྐྱང་དང་ཁེར་ཚུགས་སུ་གནས་པའི་ནུས་པ་ནི་རྦད་དེ་ཉམས་བཞིན་པའི་སྣང་ཚུལ་མངོན་གསལ་དུ་གྱུར་ཡོད།
དེ་ལྟ་ན་འུ་བུ་ཅག་གིས་ཀྱང་གདོད་མའི་ལྟ་བ་ཞིག་བཙན་དང་བཙིར་ཏེ་དམུར་ནས་སྡོད་པ་ལས་དུས་དང་བསྟུན་ནས་འགྱུར་ལྡོག་ཅིག་དགོས་པ་ནི་གོང་གི་གནས་བབ་འདི་དག་གིས་གསལ་སྟོན་བྱས་ཡོད། ཡུན་རིང་དཔྱད་ཞིབ་དང་བཅད་བརྡར། རྒྱུས་ལོན་དང་ཉམས་མྱོང་གི་ཁྲོད་ནས་ད་གཟོད་དབུ་མའི་ལམ་གྱི་ལྟ་གྲུབ་འདི་ཉིད་དབུ་བརྙེས་པ་ཞིག་ཡིན་ལ། འདི་ཡང་རྒྱལ་སྤྱིའི་འགྱུར་འགྲོས་དང་མཐུན་པའི་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ལས་བྱུང་བའི་གདམ་གའི་ཐབས་ལམ་ཞིག་ཡིན་པས། འཛམ་གླིང་མི་མང་གི་མངོན་འདོད་དེ་འཛམ་གླིང་ཞི་བདེ་ཞེས་པའི་ཁ་ཕྱོགས་དང་མཐུན་ཞིང་། འཛམ་གླིང་ཆིག་སྒྲིལ་རང་བཞིན་ཅན་དུ་འགྲོ་བའི་འགྱུར་འགྲོས་དང་མཐུན་པའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་བར་མ་ཟད། ང་ཚོའི་གནས་བབ་ཀྱང་རྒྱལ་སྤྱིའི་རང་བཞིན་གྱི་འཁོར་འགྲོས་ཀྱི་ཁྲོད་དུ་ཐག་གཅོད་པའི་གོ་སྐབས་ལེགས་ཤོས་ཤིག་བྱུང་བའི་གདེང་ཚོད་གསར་བ་ཞིག་ཀྱང་རྙེད་པ་ཡིན།
དོན་དངོས་སུ་དབུ་མའི་ལམ་ནི་རང་ཉིད་ཀྱི་ཁེ་ཕན་ནི་གཞན་གྱི་སྡུག་བསྔལ་ལམ་ཕམ་ཁའི་སྟེང་ནས་བསྐྲུན་པའི་བྱེད་ཐབས་དེ་སྤྱད་མེད་པར། ང་ཚོས་ནི་རང་གཞན་སྙོམས་འཇུག་གི་ལག་ལེན་བྱེད་ཐབས་སྤྱད་པའི་སྤྱི་སྙོམས་རང་བཞིན་གྱི་བདེ་སྐྱིད་འཚོལ་བའི་ལམ་བུ་ཞིག་ཏུ་གཏོགས་པས། ད་ལྟའི་དུས་ཚོད་གནས་བབ་དང་མཐུན་ཞིང་དགོས་མཁོ་དང་འཚམས་པའི་ལམ་བུ་ཉག་གཅིག་ཏུ་གཏོགས་ཤེས་དགོས་པའི་གནད་དུ་ཟད་དོ།།
ཡང་བསྐྱར་དོགས་སློང་ཞིག་འབྱུང་སྲིད་པ་ནི་བོད་པའི་བདེ་སྡུག་ནི་བོད་པས་ཐག་གཅོད་ཀྱི་འབྲས་བུ་ལས་རྒྱལ་སྤྱི་སྦྱར་བ་ནི་དགོས་མེད་ཀྱི་ལས་ཁུར་ལྷག་མ་ཞིག་ཏུ་འདོད་སྲིད་ཀྱང་། བོད་པའི་གནད་དོན་ནི་སའི་གོ་ལའི་སྟེང་གི་མིའི་འཚོ་གནས་ཀྱི་གནད་དོན་ཞིག་ཡིན་པ་དང་། བོད་ནི་སའི་གོ་ལར་འཚོ་སྡོད་བྱེད་མཁན་གྱི་འགྲོ་བ་མིའི་རིགས་ཡིན་པར་གོ་ན་ཅི་ཡང་འཐུས་པར་འགྱུར་སྲིད། གོང་དུ་བརྗོད་པ་ལྟར་ད་ལྟའི་འཛམ་གླིང་ནི་སྔར་ལྟར་རྒྱལ་ཁབ་ག་གེ་མོ་ཞིག་གི་དབང་ཚད་ཀྱི་ཐག་གཅོད་ནུས་པས་སྟངས་འཛིན་བྱེད་བཞིན་པ་ཞིག་མིན་པས། རྒྱལ་ཁབ་མང་པོ་འདུས་པའི་རྩ་འཛུགས་སམ་སྒྲིག་འཛུགས་དག་གི་དབང་ཚད་ཀྱི་སྟོབས་ཤུགས་ནུས་པས་ཐག་གཅོད་ཅིག་ཏུ་འགྱུར་བཞིན་ཡོད་པས། ང་ཚོ་ཡང་འཛམ་གླིང་གི་འཁོར་སྐྱོད་དང་ལྡོག་པའི་ཡན་གར་བའི་འཁོར་སྐྱོད་ཅིག་ཏུ་དུས་ནམ་ཡང་འཚོ་སྡོད་བྱེད་དུ་མི་གཏུབ་པས། ད་གཟོད་དབུ་མའི་ལམ་གྱི་སྲིད་ཇུས་ནི་འཛམ་གླིང་རང་བཞིན་གྱི་ཆབ་སྲིད་ཐབས་ལམ་མཚོན་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་བར་མ་ཟད། བོད་མི་རིགས་ཀྱི་འཚོ་གནས་རང་དབང་ཐག་གཅོད་བྱེད་པའི་ལམ་ག་ལེགས་ཤོས་ཤིག་ཀྱང་རེད་སྙམ།
གཉིས་པ། དབུ་མའི་ལམ་དང་བོད་རྒྱའི་གནད་དོན།
དམར་ཕྱོགས་པའི་ལམ་ལུགས་གཙོ་བོ་ཞིག་ནི་མེ་མདའི་ཁ་ནས་སྲིད་དབང་ཐོབ་པའི་ལྟ་གྲུབ་ཀྱི་སྟོབས་ཤུགས་ཅིས་ཀྱང་ཆེ་བ་དེ་རེད། སྤྱི་ལོ༡༩༩༢ ལོར་དམར་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ར་ཤེ་ཡ་འཐོར་ཞིག་ཏུ་སོང་རྗེས་དམར་ཕྱོགས་པའི་སྲིད་ཇུས་ནི་འཚོ་གནས་ཀྱི་བདེན་པའི་ལམ་ལུགས་ཤིག་མིན་པ་ར་སྤྲོད་གསལ་བོར་གྱུར་བ་རེད། ད་ལྟ་ཡང་རྒྱ་གཞུང་གི་དམག་མིའི་སྟོབས་ཤུགས་ཁོ་ནར་བརྟེན་ཡོད་པས། ལོ་རེ་ལོ་ནས་དམག་མིའི་དཔལ་འབྱོར་གྱི་འགྲོ་སོང་དང་དམག་མི་རྣམ་གྲངས་འཕེལ་རིམ་ནི་ཆེས་ཧ་ལས་པའི་མྱུར་ཚད་ཅིག་ཏུ་སླེབས་ཡོད་པས། ད་ལྟ་ནི་དམག་མི་ཁོ་ནའི་སྟོབས་ཤུགས་དང་དྲག་གནོན། སྲུང་སྐྱོབ་དང་རམ་འདེགས་ཤིག་ཏུ་བརྟེན་ཡོད། ནམ་ཞིག་རྒྱ་དམར་གྱི་དམག་མིའི་སེམས་ཁམས་འགྱུར་ཏེ་མེ་མདའ་ཐང་དུ་བཞག་ཚེ་འུད་དུ་བསྒྲགས་པའི་རྒྱལ་ཁབ་འདི་ཡང་ལོ་རྒྱུས་ཀྱི་མིང་ཡིག་ལྷག་མ་ཞིག་ཏུ་འགྱུར་བར་ཐེ་ཚོམ་གང་ཡང་མེད། ད་ལྟ་ནས་བཟུང་དམག་འཁྲུག་ལ་མི་དགའ་བའི་དམག་སྤྱི་ཡོད་པར་མ་ཟད། དམག་སྲིད་ཀྱི་ལམ་ལུགས་སྟངས་འཛིན་བྱེད་ཕྱོགས་འདོད་པ་མ་ཚིམ་པའི་གནས་ཤིན་ཏུ་མང་བས། དམག་མི་དག་གི་མིག་ཟུང་ཡང་བདེ་བར་མོས་ཤིང་སྡུག་བསྔལ་ལ་སྐྲག་པའི་སེམས་ཅན་ཡོངས་དང་གཅིག་མཚུངས་སུ་ཡོད་པས། མཚོན་ཆ་རྦད་དེ་འདོར་བཞིན་པའི་འཛམ་གླིང་མཐོང་བཞིན་པའི་སྐབས་འདིར། ནམ་ཞིག་གོ་མཚོན་དོར་ཏེ་མི་སེར་དཀྱུས་མའི་འཚོ་བ་ལ་དགའ་བའི་དུས་ཚོད་འཆར་སྲིད། ད་ལྟ་བལྟས་ཚོད་དུ་རྒྱ་གཞུང་ནི་ཤོམ་ཞིང་རྔམ་པའི་ཉམས་སྣང་ཞིག་བརྟས་ཀྱང་། ཞིབ་ཏུ་བལྟས་ཚེ་བདེན་པའི་སྟོབས་ཤུགས་ཀྱིས་རྡུང་རྡེག་ཡུན་རིང་བཟེད་པའི་དབང་པོ་ཕྱེད་ཀ་མ་ཞིག་ཏུ་གྱུར་ཡོད།
སྤྱི་ལོ༡༩༥༨ ལོ་དང༡༩༥༩ རིག་གནས་གསར་བརྗེ་སྟེ་སྤྱི་ལོ༡༩༦༦ནས་༧༦ལོའི་བར། ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན། ༡༩༩༩ ལོའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ། ༢༠༠༨ བོད་ཀྱི་ཞི་རྒོལ་ཆེན་མོ། ༢༠༡༠ ལོའི་ཤར་ཏིར་ཀི་སི་ཐན་གྱི་བདུན་ལྔའི་དོན་རྐྱེན། ༢༠༠༩ ནས་འགོ་བཙུགས་པའི་བོད་ཀྱི་ཞི་བའི་མེ་རྒོལ་ཆེན་མོ། དེ་བཞིན་དུ་ལས་ཤོར་བའི་ངོ་རྒོལ་དང་ཞིང་བའི་ངོ་རྒོལ། ཤེས་ཡོན་པའི་ངོ་རྒོལ། སློབ་མའི་ངོ་རྒོལ་སོགས་ངོ་རྒོལ་རྫོགས་མཐའ་མེད་པ་ཞིག་གི་ཁྲོད་དུ་ལྷུང་ཡོད་པས། འདི་དང་འདི་ལྟ་བུའི་སྲིད་གཞུང་ནི་འཛམ་གླིང་མདུན་དུ་ལངས་པར་ངོ་གནོངས་ཤིང་ངག་མི་འཁྲོལ་བའི་གནས་ཚུལ་རབ་དང་རིམ་པ་བྱུང་བར་མ་ཟད། རང་ཉིད་ཀྱང་འཆི་བའི་རྟེན་འབྲེལ་དཀྱུས་གཅིག་ཏུ་ཚང་བའི་གནས་ལུགས་ཀྱང་རྟོགས་ཀྱི་ཡོད་པའི་དུས་སུ་སླེབས་ཡོད། འུ་ཐུག་པའི་དབང་གིས་སྐབས་སྐབས་སུ་རྒྱལ་སྤྱིའི་མདུན་དུ་མགྲིན་པ་སྦོམ་པོ་འདེགས་པའི་ཁུལ་བྱས་ཀྱང་རང་ཉིད་ཀྱི་ཕྱི་ནང་ཆ་ཚང་ཞིག་ད་དུང་འཛམ་གླིང་མདུན་དུ་སྦས་སྐུང་བྱས་ཏེ་འུ་ཐུག་དང་གཡོ་ཐབས། རྫུན་བཟོ་དང་འཕྲལ་སྐྱོབ་ཀྱི་ལས་དོན་ཞིག་གི་སྟེང་དུ་བསྡད་ཡོད། འདི་ནི་རླབས་ཆེ་བའི་དཔའ་བོ་ཚོས་དུས་ཡུན་རིང་མོ་ཞིག་ལ་བདེན་པ་བརྡར་ཏེ་ཞི་བས་རྒོལ་ཞིང་བཏུལ་བའི་ན་ཟུག་གི་ཤུལ་རྗེས་ཤིག་དང་། ནད་རྟགས་མངོན་དུ་གྱུར་བའི་རྨ་ཁ་ཟབ་ཤོས་དེ་ཡིན་པས། ད་ནི་བཅོས་ཐབས་དཀའ་བའི་སྐྲན་ནད་མངོན་འགྱུར་གྱིི་དུས་སུ་སླེབས་པ་བདེན་པའི་རྒྱལ་ཁ་རིགས་ཡིན་ལ། དེ་དང་མཉམ་དུ་ང་ཚོ་དང་རྒྱང་ཁད་ཉེ་རུ་འགྲོ་བཞིན་པ་ནི་དུས་ཚོད་ཀྱི་འགྲོས་དང་རྒྱ་གཞུང་གི་དཔོན་རིགས་འཕོ་འགྱུར། རྒྱ་གཞུང་གི་ད་ལྟའི་འུ་ཐུག་པའི་གནས་བབ་གང་དུ་གཞིགས་ཀྱང་དབུ་མའི་ལམ་ནི། མཐའ་མཇུག་སྲིད་གཞུང་འདིའི་གདམ་ག་ཉག་གཅིག་ཏུ་གྱུར་བ་ནི་ཧ་ཅང་གསལ་བོ་ཡིན་ལ། འདི་ནི་དམར་པོའི་གཞུང་གི་འཆི་ཁའི་ངལ་གསོའི་སྟེགས་བུ་ཡག་ཤོས་ཤིག་ཡིན་པས། དུས་ནམ་ཞིག་ཏུ་དབུ་མའི་ལམ་གྱི་སྲོལ་འབྱེད་བྱེད་པོར་བཀའ་དྲིན་ཞུ་སྲིད་ལ། ད་ལྟས་ནས་རྒྱ་མི་ཤེས་ལྡན་པ་མིག་རྒྱང་ཡངས་པ་མང་པོ་ཞིག་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་རེ་བ། ཡིད་ཆེས། ངང་སྒུག་གི་ཁྲོད་དུ་ཡོད་དོ།། ལམ་བུ་འདི་ནི་བོད་ཙམ་དུ་མ་ཟད་མི་རིགས་གཞན་དུའང་འདི་ལྟར་འཇུག་པའི་གོ་སྐབས་ཀྱི་བར་གསེང་ཡངས་པར་ཕྱེ་བའི་ཆེས་གུ་ཡངས་དང་བདེ་སྐྱིད་ཀྱི་ཕྱོགས་སུ་ཁྲིད་པའི་ལམ་བུ་ཞིག་ཡིན་པ་དེའོ།།
འདི་ལྟར་བརྗོད་ན་བོད་རྒྱ་ཞི་མོལ་གྱི་ལམ་ག་འགགས་ཟིན་པས་དབུ་མའི་ལམ་ཆད་ཟིན་པ་ལྟ་བུའི་ཚོར་བ་ཞིག་འབྱུང་སྲིད་ཀྱང་། བོད་རྒྱ་ཞི་མོལ་ནི་སྐར་ཆ་གཅིག་ཀྱང་ཆད་མྱོང་མེད་དེ། དེ་ནི་དབུ་མའི་ལམ་གྱི་སྲིད་ཇུས་ལས་ལམ་ག་རིགས་གཅིག་ཡིན་པས་རེད། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་རྗེས་ནས་རྒྱ་ནག་གཞུང་ལས་རྒྱ་ནག་མི་མང་ལ་ཞི་མོལ་གྱི་ཁོར་ཡུག་ཅིག་བསྐྲུན་པར་མ་ཟད། དེ་བས་རྒྱ་ནག་གི་ཤེས་ཡོན་པར་ཞི་མོལ་གྱི་གོ་སྐབས་མང་དུ་བསྐྲུན་པར་བྱས། དེ་ལྟ་ན་བོད་ཀྱི་རང་དབང་ནི་བོད་རྒྱའི་བར་གྱི་གནད་དོན་ཞིག་ཡིན་པས། བོད་རྒྱ་ཞི་མོལ་ནི་དུས་ནམ་ཡང་ཆད་མི་སྲིད་ལ། ལྷག་པར་དུ་ད་ལྟའི་དུས་ཚོད་ནི་མཚོན་ཆའི་ལྡིར་སྒྲ་དང་ཁ་འབྲལ་བཞིན་པའི་དུས་ཤིག་ཡིན་པས། ཞི་བའི་ངང་ཅོག་ཙེ་སྟེང་ནས་གླེང་མོལ་གྱིས་གནད་དོན་ཐག་གཅོད་བྱེད་པའི་དུས་ཚོད་ཅིག་ཏུ་སླེབས་ཡོད། རྒྱ་གཞུང་གིས་དྲ་ལམ་འགོག་པ་དང་ལས་བྱེད་ཚོར་མི་མང་སྲུང་དུ་འཇུག་པ། ལོ་སར་གཏོང་བར་དངུལ་སྤྲོད་པ་སོགས་ཀྱི་ཡིད་མུག་པའི་སྣང་ཚུལ་དག་དང་། དེ་བཞིན་དམག་མིའི་རྣམ་གྲངས་མང་དུ་གཏོང་བ། མི་མང་ནང་ཁུལ་དུ་འགལ་ཟླ་བཟོ་བ། ཤེས་ཡོན་པ་ལྐོག་བསླུ་བྱེད་པ། ཚོགས་པའམ་རྩ་འཛུགས་རྦད་དེ་གཏོར་བ། གསར་འགྱུར་རྫུན་མ་སྒྲོག་པ་སོགས་འུ་ཐུག་པའི་བྱ་སྤྱོད་ཆེས་མངོན་གསལ་གྱི་འཕེལ་ཚད་མྱུར་བའི་དུས་ལ་སླེབས་པས། ད་ནི་འདི་ལས་བརྒལ་བའི་བྱ་ཐབས་གང་ཡང་མེད་དེ་ཡོད་ཚད་བཏོན་ཟིན་ཏོ།། དེའི་ཕྱི་ན་ལྷག་པའི་གདམ་ག་ནི་དབུ་མའི་ལམ་ཁོ་ནའོ།།
མི་མང་སྐྱོང་བའི་སྲིད་གཞུང་ཞིག་ལ་མཚོན་ན་མི་མང་དུ་མངོན་འདོད་བསྒྲུབ་རྒྱུ་ཡིན་ནམ། ཡང་ན། མི་མང་དམར་གསོད་བྱ་རྒྱུ་ཡིན། འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་འཛིན་གྱིས་སྔར་གྱི་བྱས་ཉེས་དག་པར་གཞན་གྱི་དུར་སའི་མདུན་དུ་པུས་ཚིགས་ཀྱིས་འགྱོད་བཤགས་ཞུ་བཞིན་པའི་སྐབས་འདིར་མུ་མཐུད་དུ་དམར་གསོད་བྱ་རྒྱུའི་འདུན་པ་གཏན་དུ་འོང་མི་སྲིད་པས། དེ་འཕྲོར་ལྷག་པ་ནི་རྒྱ་དམར་ལ་ཁེ་ཕན་ཡོད་པ་དང་བོད་མི་རིགས་ལ་ཁེ་ཕན་ཡོད་པའི་གདམ་ག་སྟེ་དབུ་མའི་ལམ་ལས་ཅི་ཡང་ལྷག་མེད་པ་ཤིན་ཏུ་གསལ་ལོ།།
གསུམ་པ། དབུ་མའི་ལམ་དང་བོད་ཀྱི་གནས་བབ།
ར་བ་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་འདི་ནི་ཆོས་ལྡན་པའི་ཞིང་ཁམས་ཤིག་དང་། ཞི་བདེའི་རྒྱལ་ཁམས་ཤིག་ཏུ་གྱུར་ཏེ་དུས་ཡུན་རིང་པོར་གནས་ཐུབ་པར་གྱུར་ཅིང་། ད་ལྟའང་བོད་མི་རིགས་ནི་འཛམ་གླིང་མི་མང་མདུན་དུ་ཞི་བདེ་ལ་དགའ་བའི་མི་རིགས་སྟེ། གཞན་ཕན་དང་བྱམས་སྙིང་རྗེ། རང་ལས་གཞན་གཅེས་ཀྱི་གཤིས་ཀ་ཡོད་པའི་མི་རིགས་ཤིག་ཏུ་བརྩི་བཞིན་ཡོད། དེ་ནི་གཙོ་བོ་མི་རིགས་འདི་ཉིད་ཀྱང་བློ་རྒྱ་དང་དཀྱེལ་ཡངས་ཀྱི་རིག་གནས་ཤིག་ཡོད་པས་ཡིན་ལ། དཀྱེལ་ཡངས་རིག་གནས་ཀྱི་སློབ་གསོའི་མངའ་འོག་ནས་འཚར་ལོངས་བྱུང་བའི་མི་རིགས་ལ་འཛུམ་ཤིག་ཤིག་དང་སྤྲོ་ལྷང་ལྷང་ངང་འཚོ་སྡོད་བྱེད་པའི་འཚོ་བའི་གོམས་གཤིས་ལེགས་པོ་ཞིག་ཀྱང་ཡོད། དེ་ནི་མི་རིགས་རང་ཉིད་ལ་གདོད་ནས་མངའ་བའི་རིག་གནས་ཀྱི་སྣང་ཚུལ་རྨ་མེད་ཞིག་གོ །
དེ་ལྟ་ན་བོད་ཀྱི་ཁོར་ཡུག་ནི་དག་གཙང་གི་རང་བྱུང་ཁམས་ཤིག་དང་བོད་ཀྱི་མི་རིགས་ཀྱང་བྱམས་སྙིང་རྗེ་ལ་དགའ་བ་ཞིག བོད་ཀྱི་རིག་གནས་ཀྱང་འཚེ་མེད་ལྟ་གྲུབ་ཀྱི་རིག་གནས་ཤིག་ཡིན་པས། ད་གཟོད་བོད་ནི་ཞི་བདེའི་མཚོན་རྟགས་ལྟ་བུའི་མི་རིགས་ཤིག་རེད་ཅེས་བརྗོད་ཀྱང་ཐལ་དྲགས་པའི་སྣང་ཚུལ་གང་ཡང་མེད་དེ། ཡ་རབས་ཀྱི་མི་རིགས་ཤིག་ཏུ་གྱུར་བས་ད་ལྟའི་ཉམ་ཐག་ཅིང་ཉག་ཕྲ་བའི་དུས་སྐབས་འདིར་ཡང་མི་རིགས་གཞན་དག་བོད་མིའི་བྱ་སྤྱོད་མང་པོ་ཞིག་ལ་ཡིད་སྨོན་ཤོར་བ་ཡང་རྒྱུ་མཚན་གཏན་དུ་མེད་པ་མིན་ཏེ། བོད་ཀྱི་མི་གཤིས་དང་བོད་ཀྱི་རང་བྱུང་ཁམས། བོད་ཀྱི་རིག་གནས་བཅས་ནི་མ་བཅོས་ངང་གིས་གྲུབ་པའི་རིན་ཐང་ཞིག་ཡིན་པར་ངོས་འཛིན་པའོ།། དེ་ནི་དུས་ནམ་ཡང་བོར་བརླགས་འགྲོ་བར་འཛམ་གླིང་མི་མང་ཡང་ཕངས་སེམས་སྐྱེས་པར་མ་ཟད། ད་ལྟ་རྒྱལ་ཁབ་ཁ་ཤས་ཤིག་གིས་བོད་པ་སྐྱབས་བཅོལ་དུ་ལེན་པའི་དམིགས་ཡུལ་ནི་རྒྱལ་ཁབ་གང་དེར་བོད་པའི་མི་གཤིས་ཀྱི་ཤུགས་རྐྱེན་ཐེབས་ན་སྙམ་པས་ཡིན་པ་དང་། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་གང་དུ་སོང་ཡང་ལས་ཀ་འཚོལ་བའི་མི་རིགས་མི་གཅིག་པ་མང་པོ་མཉམ་དུ་སོང་ཚེ། དང་ཐོག་བོད་པར་ཐོབ་འགྲོ་བའི་བཤད་ཚུལ་འདི་ནི་རྒྱུན་ལྡན་ཞིག་ཡིན་པར་མ་ཟད། འདིས་ནི་བོད་པའི་རིན་ཐང་གི་ཚད་གཞི་འཛམ་གླིང་མི་མང་མདུན་དུ་བཤམས་ཟིན་པ་ཡིན།
དེ་ལྟ་ན་འུ་ཅག་གི་དབུ་མའི་ལམ་ཞེས་པ་ཡང་དཀྱེལ་ཡངས་རིག་གནས་ཀྱིས་བསྐྱེད་པའི་ཆབ་སྲིད་ཀྱི་ཐབས་ལམ་ཆེས་ལེགས་ཤིག་སྟེ། མི་རིགས་ཀྱི་རིག་གནས་དང་མི་གཤིས་དང་ཁོར་ཡུག དུས་ཚོད་དང་འཚམ་པའི་ལམ་ག་འདི་ལྟ་བུ་ཞིག་གསར་དུ་གཏོད་པ་ནི་ཆེས་རླབས་ཆེ་བའི་ལེགས་སྐྱེས་རིན་ཐང་ཅན་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་ཁྲོད་དུ་གླེང་རིན་ཡོད་པའི་གསར་གཏོད་ཀྱི་མིག་རྒྱང་རིང་བའི་དཀྱོགས་མཚམས་གསར་བ་ཞིག་ཏུ་ཅིས་ཀྱང་ངོས་བཟུང་ཆོག་པ་ཡིན། ང་ཚོས་འདི་ལྟ་བུའི་ཕུགས་རྒྱང་རིང་བའི་ལམ་ལུགས་ལ་དཔྱད་གཞིགས་བྱ་སྐབས་དུས་ནམ་ཡང་རང་ཉིད་ཀྱི་སྒེར་གཤིས་ཁོ་ནའི་ཕྱོགས་སུ་ལྷུང་ནས་བལྟ་རྒྱུ་མ་ཡིན་པར། མི་རིགས་གང་དེའི་འདས་མ་ད་གསུམ་འཚོ་གནས་དགོས་མཁོ་དམིགས་ཡུལ་དུ་བཟུང་སྟེ་མནོ་བསམ་བགྱིས་ན། ད་གཟོད་ཁོད་ཡངས་པའི་ཕུགས་བསམ་གྱི་གནས་ལུགས་ཤིག་ལྷང་ལ་འབུད་ཐུབ་པ་ཡིན། དེ་ནི་དབུ་མའི་ལམ་གྱིས་བསྐྲུན་པའི་གནས་ལུགས་ཀྱི་བདེན་པ་ང་ཚོ་དང་བར་ཐག་ཤིན་ཏུ་ཉེ་བ་ཡང་རྟོགས་ཐུབ་པོ།།
བཞིི་བ། དབུ་མའི་ལམ་དང་བོད་ཀྱི་མ་འོངས་པ།
འུ་བུ་ཅག་གི་མ་འོངས་པ་ལྟ་ཚུལ་ཅུང་ཟད་མི་འདྲ་བ་ཡོད་སྲིད་དེ། དེ་ནི་ཁྱོད་དང་འུ་གཉིས་ཁམས་ཀྱིས་མོས་པ་མ་འདྲ་བ་ཡིན་སྲིད་ཀྱང་། དེ་ཙམ་དུ་བརྩི་རིགས་པར་མི་འདོད་དེ། གཙོ་བོ་འུ་བུ་ཅག་གི་མ་འོངས་པའི་ལྟ་བའི་ཕུགས་རྒྱང་གི་བསམ་གཞིགས་ལ་སྒེར་ཚོར་ཤུགས་ཆེར་གྱིས་ཁྱབ་པའི་གནད་ཀ་ཞིག་ཡོད་མེད་ཀྱི་ཁྱད་པར་ཙམ་འདོད། ད་ལྟའི་འུ་བུ་ཅག་གི་མི་རབས་ཀྱིས་ཕ་རོ་མ་རོ་བརྩིགས་པའི་འདས་ཟིན་པའི་དགྲ་ཤ་དེ་རྩོད་རྒྱུ་ཡིན་ནམ། ཡང་ན་ཕ་མེས་ཡང་མེས་ཀྱིས་བཞག་པའི་གཅེས་ནོར་གྱི་རིན་ཐང་དེ་སྐྱོང་རྒྱུ་ཡིན། གཅིག་ནི་ལོ་རྒྱུས་ཀྱི་ཕྱིར་དུ་ལོ་རྒྱུས་ལ་འཐབ་རྩོད་དུ་འཇུག་རྒྱུ་དེ་ཡིན་ལ། ཅིག་ཤོས་ནི་ལོ་རྒྱུས་ཀྱིས་བསྐྲུན་པའི་དགོས་མཁོའི་ཕྱིར་དུ་ད་ལྟའི་གསོན་ལམ་དེད་ནས་མ་འོངས་པ་བསྙེག་རྒྱུ་དེ་ཡིན།
བདག་གིས་ནི་དབུ་མའི་ལམ་ནི་འདས་པའི་མེས་པོའི་རྒྱུན་དེད་པའི་ཀྱག་ཀྱོག་གི་དེ་རིང་བརྒྱུད་ནས་སང་ཉིན་གྱི་གསོན་ལམ་འཚོལ་བའི་ཐབས་ལམ་དཔེ་མེད་ཅིག་ཏུ་འདོད་དེ། བལྟས་ཚོད་དུ་དབུ་མའི་ལམ་གྱི་ཕུགས་རྒྱང་རིང་བ་དང་ཁོར་རྒྱ་ཡངས་པ་སོགས་ཀྱིས་གློ་བུར་བསམ་བློར་འཆུན་དཀའ་བའི་གནས་ཚུལ་ཡང་འབྱུང་སྲིད་ཀྱང་། ཆབ་སྲིད་ནི་ཚོར་བ་རྣོ་བའི་སྟེང་ནས་བསྒྲུབ་དགོས་པ་མང་ལ། དེ་བཞིན་བསམ་གཞིགས་རྣལ་དུ་གནས་པའི་ཐོག་ནས་མ་འོངས་པའི་མི་རབས་ཀྱི་འཚོ་བའི་བདེ་སྡུག་ལ་འགན་ཁུར་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། དབུ་མའི་ལམ་ནི་མ་འོངས་པར་ཆེས་སྟོབས་ཤུགས་དང་མི་གྲངས་མང་པོ་རྒྱ་གར་ནག་གི་བར་དུ་འཚོ་སྡོད་བྱེད་པའི་བོད་ལ་མཚོན་ན་ཤིན་ཏུ་འོས་ཤིང་འཚམ་པར་འདོད་དེ། གལ་སྲིད་ང་ཚོས་ཆབ་སྲིད་ཀྱི་ཐབས་ལམ་དང་གདམ་ག་གཞན་ཞིག་བགྱིས་ཚེ། དུས་ནམ་ཡང་ལེགས་གྲུབ་འབྱུང་དཀའ་བ་ཞིག་ཡིན་ཏེ། དེ་ནི་རང་གཞན་གཉིས་ཕན་གྱི་དབུ་མའི་ལམ་ལས་ཀྱང་དམིགས་བསལ་བ་ཞིག་འུ་བུ་ཅག་གིས་གསར་གཏོད་བྱེད་དཀའ་བས་སོ།།
ཕ་རོལ་བོར་ཁེ་ཕན་གང་ཡང་མེད་པར་ཁྱོད་དང་འུ་ཅག་གི་འདོད་པ་བཞིན་ཅི་མཁོ་ལྟར་སྤྲོད་ཆོག་པ་ཞིག་ཡོད་ན། དེ་ནི་འཐབ་རྩོད་ཅིག་ཡིན་མི་སྲིད་ལ། དེ་ནི་ལོ་རབས་ནས་ལོ་རབས་དང་མི་རབས་ནས་མི་རབས་འཛད་པའི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཏུ་འགྱུར་དགོས་དོན་གང་ཡང་ཡོད་མི་སྲིད། ས་སྒང་འདི་ནི་འབྲེལ་ལམ་ཇེ་ཉེ་ནས་ཇེ་ཉེ་འགྲོ་བཞིན་པའི་སྐབས། ང་ཚོས་ཀྱང་ས་སྒང་གི་མི་རིགས་དང་འབྲེལ་བ་ཟབ་མོའི་སྟེང་ནས་ཕན་ཚུན་གྱི་དགོས་མཁོ་སྐོང་བ་ལས། རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་གི་ཕྱིར་དུ་ཡོད་ཚད་བློས་གཏོང་བའི་ཕྱོགས་ལྷུང་གི་སྣང་ཚུལ་ཡོད་མི་རིགས་པ་ནི་ཤིན་ཏུ་གསལ་བོ་ཡིན། དེ་ལྟ་ན་མ་འོངས་པའི་འཚོ་གནས་ཉེ་འཁོར་གྱི་འབྲེལ་བ་དང་ད་ལྟའི་བོད་རྒྱའི་གནད་དོན། མི་རིགས་རང་ཉིད་ཀྱི་ལོ་རྒྱུས་རང་བཞིན་གྱི་ལམ་བུ་གང་དུ་གཞིགས་ཚེ་དབུ་མའི་ལམ་ནི་དུས་ལ་བབ་པའི་བོད་རྒྱའི་གནད་དོན་གྱི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་འོད་ལམ་ལམ་དེ་རེད་ཅེས་སྨྲ་བར་འདོད་དོ།།
༢༠༡༣ ༣ ༢༣ ལ།
ཆབ་སྲིད་ཀྱི་ནང་དུ་ཆོས་ལུགས་ལྟར་ལམ་དབུ་མ་ཞིག་ཡོད་པ་མ་རེད། བར་དོ་དང་ལྟ་བུའི་བཙན་བྱོལ་གཞུང་འདི་ཡང་ན་རང་བཙན་ལ་ཚེ་འཕོ་དགོས། མིན་ན་མགོ་འདོགས་ཀྱི་སྐྱེས་བ་ལེན་དགོས། འདི་གཉིས་ལས་འདས་བའི་གདམས་གསེས་ཚང་མ་ནི་ནོར་འཁྲུལ་ཡིན།
གཟུ་བ་ནས་དབུ་མའི་སྐོར་ལ་ཉམས་ཞིབ་ཡག་པོ་གནང་འདུག ངས་ནི་རང་བཙན་དབུ་མའི་ལམ་གཉིས་ཀར་མོས་མཐུན་ཡོད་པ་མ་ཟད་ང་རང་ལའང་ལམ་ཕྲན་ཞིག་ཡོད། བོད་དོན་རྩད་ན་དབུ་མ་རང་བཙན་གང་རུང་གི་ལམ་དུ་འགྲོ་དགོས་པས་མ་ཁྱབ། ལར་ནི་ད་ལྟ་བྲོས་བྱོལ་བོད་པའི་དབུ་རང་གཉིས་ཀས་བོད་ཀྱི་འཐབ་རྩོད་ཀྱི་གནས་ཚད་ནི། སྐད་འབོད་དང་། ཟས་བཅད་ངོ་རྒོལ། རྔམས་སྟོན་ཁྲོམ་སྐོར། རྒྱལ་ཚོགས་ཞུ་གཏུགས་ལས་དེ་ལས་ལྷག་གཅིག་རང་བཙན་བརྩོད་མཁན་ཚོ་ལའང་མེད་དུས་བཤད་ན་ཅི་ཕན།
༧ དབུ་ལམ་དང་རང་བཙན་གང་ཡིན་ན། ཐབས་ཤོག་རྩོད་ཤོག
ཁ་བདེ་བོ་རྐྱང་བཤད་མ་སྡད། གོ་སོང་ངམ།
ཡང་ནོར་སོང་། འཐབ་ཤོག་ཟེར་བཅོས་རོགས།
གོང་གི་རྩོམ་ཡིག་འདིར་ཆ་ཚང་ཞིག་བཀླགས་འདོད་ཀྱི་འདུན་པ་སྐྱེས་མ་སོང་། འགོ་ནས་མར་ཏོག་ཙམ་བཀླགས་དུས་གནད་ལུགས་དང་མི་མཐུན་པའི་སྐད་ཆ་དེ་དག་མཐོང་བས་ལན་ཞིག་འབྲི་འདོད་སྐྱེས།
༡་་་བཙན་བྱོལ་བའི་མི་རྒན་རྙིང་པ་ཚོས་བསམ་བློའི་ནང་དུ་ཡུང་རོབ་རྒྱལ་ཁབ་ཅོ་བརྒྱད་མཉམ་འབྲེལ་བྱས་པ་དང་ཤོག་སྒོར་གཅིག་བེད་སྤྱོད་བཏང་བ། ཕར་ཚུར་ལས་ཀ་བྱེད་མཁན་འགྲོ་ཆོག་བ། སྡོད་ཆོག་པ་སོགས་ཀྱི་འབྲེལ་ལམ་ཞིག་བཙུགས་པ་འདིས་ཡུང་རོབ་རྒྱལ་ཁབ་ཅོ་བརྒྱད་གཅིག་ཆགས་བཞིན་འདུག་བསམས་ཀྱི་ཡོད་པར་འདྲ།
༢་་་གནད་དོན་འདིས་འཛམ་གླིང་གཅིག་འགྱུར་གྱི་ཁ་ཕྱོགས་ཡོང་གི་ཟེར་ན་ནོར་འཁྲུལ་རེད་འདོད། རྒྱལ་ཁབ་ཅོ་བརྒྱད་ཀྱིས་མཉམ་འབྲེལ་བྱས་ལས་པ་གཅིག་འོག་གཅིག་བསྡད་པ་མ་རེད། ཐོབ་ཐང་འདྲ་མཉམ་རེད་ལ་རྒྱལ་ཁབ་ཀྱི་བདག་དབང་འདྲ་འདྲ། གཞན་ཡུང་རོབ་མཉམ་འབྲེལ་གྱི་འོག་ཏུ་རང་སྲིད་རང་སྐྱོང་བྱས་པ་མ་རེད། བོད་རྒྱ་དམར་གྱི་འོག་ཏུ་རང་སྲིད་རང་སྐྱོང་སྡོད་ཀྱི་ཡིན་ཟེར་བ་དང་གནས་ཚུལ་ཁ་ཁར་སོ་སོར་རེད།
༣་་་བོད་རང་བཙན་བྱུང་ནའང་རྒྱ་ནག་ལ་འབྲེལ་བ་ལོས་དགོས། མ་གཏོགས་བོད་རང་བཙན་བྱུང་ན་རྒྱ་ནག་ལ་འབྲེལ་གཅོད་ཀྱི་ཡིན་ཟེར་གྱི་མེད་ལ་ཡོང་ཤེས་ཀི་མ་རེད། གཅིག་ལ་གཅིག་རྟེན་གྱི་རྟེན་འབྲེལ་གྱི་འབྲེལ་བ་འདིར་འགྱུར་བ་འགྲོ་གི་མ་རེད། བོད་རང་བཙན་བྱུང་ཚར་བའི་རྗེས་སུའང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱེད་དང་བྱེད། ཨེ་ཤེ་ཡའི་མཉམ་འབྲེལ་གྱི་ཐོག་ནས་ཤོག་སྒོར་གཅིག་འགྱུར་ཞིག་བཟོ་ཆ་ཡོད་པའང་རེད། ད་ལྟའི་ཆ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་སྤྲང་ཕྱུག་གི་ཁྱད་པ་ཆེ་བས་གཅིག་འགྱུར་གྱི་ཤོག་སྒོར་བཟོ་ཐུབ་མེད་པར་ཤོད་ཀྱི་འདུག
༤་་་དབུ་མའི་ལམ་འདི་འཛམ་གླིང་ཞི་བདེ་བསྐྲུན་བྱེད་ཡིན་ཟེར་བ་ནི་མི་བདེན་པའི་གཏམ་རེད་འདོད། བོད་རྒྱ་ཁུངས་སྡོད་ན་འཛམ་གླིང་ཞི་བདེ་ཡོང་བར་ཐག་རིང་དུ་ཕྱིན་པ་རེད་འདོད། རྒྱ་ནག་དམར་ཕྱོགས་པ་འདིའི་སྟོབས་ཤུགས་ཅི་ཙམ་རྒྱས་པ་དེ་ཙམ་འཛམ་གླིང་ལ་ཞི་བདེ་ཡོང་ཁག་པོ་རེད་འདོད། བོད་རྒྱ་ཁུངས་བསྡད་ན་རྒྱ་དམར་སྟོབས་ཤུགས་ཆེ་རུ་ཕྱིན་པ་རེད། སྤྱིའི་ཆ་ནས་དབུ་མའི་ལམ་འདིས་བོད་མི་རིགས་ལ་ཞི་བདེ་བསྐྲུན་ཐུབ་ཀྱི་མེད་པར་འཛམ་གླིང་ལ་ཞི་བདེ་བསྐྲུན་གྱི་རེད་བསམས་པ་ནི་ཉིན་མོའི་རྨི་ལམ་རེད་འདོད། རང་མིས་སྡུག་བསྔལ་མ་ཁྱག་པར་རང་ལུས་མེར་བསྲེགས་པ་རེད།
རྒྱ་ནག་ལ་འབྲེལ་ལམ་ཉེ་པོ་བཟུང་མ་མྱངས་བ་ག་ལ་ཡིན། དང་པོར་གཉེན་སྒྲིག་གི་འབྲེལ་ལམ་བཙུགས། དེ་ནས་ཆོས་འབྲེལ་གྱི་འབྲེལ་ལམ་བཙུགས། འབྲེལ་ལམ་གང་འདྲ་ཞིག་བཙུགས་ཀྱང་ཧམ་པ་དང་བཙན་ཕྲོགས་ཁོ་ནའི་ཕྱོགས་སུ་ཁ་བསྒྱུར་བ་མ་གཏོགས་དྲང་པོ་ཞིག་དང་ཚོད་ལྡན་ཞིག་ག་དུས་ཡང་བྱུང་མེད།
དབུ་མའི་ལམ་འདིས་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ཛ་དྲག་གི་གནས་བབ་ཡོད་པ་ལས་མྱུར་སྐྱོབ་ཐུབ་ཆེད་དུ་ཡིན་ཟེར་བ་ཡང་བདེན་གཏམ་ཞིག་མ་རེད། གུན་ཁྲན་ཏང་གིས་མི་སེར་སྤེལ་པའི་རིགས་ལུགས་ལག་བསྟར་བྱས་དང་བཞིན་པ་རེད། རྒྱ་རིགས་མང་པོ་བོད་ཀྱི་རྒྱལ་ས་ལྷ་སར་གཙོ་བོ་བྱས་པའི་བོད་ཀྱི་ཚོང་ལམ་བཟང་བའི་གྲོང་ཁྱེར་ཁག་ཏུ་གནས་སྤོ་བྱས་པ་རེད།
བོད་འདི་རྒྱ་ཁུངས་སྡོད་ཀྱི་ཁས་ལེན་ཡོང་དུས་བོད་ཀྱི་ས་ཆའི་ཐོག་ཏུ་རྒྱ་མི་རྣམས་བློ་བདེ་པོའི་ཐོག་ནས་གནས་སྤོ་བྱས་པ་དང་ཁང་པ་རྒྱག་པ། མགྲོན་ཁང་དང་ཚོང་ཁང་བཙུགས་ཆོག་པ་རེད། ཅིའི་ཕྱིར་ཞེ་ན། བོད་རྒྱ་ཁུངས་སྡོད་ཀྱི་ཡིན་པའི་ཕྱིར།
སྤྱིའི་ཆ་ནས་དབུ་མའི་ལམ་འདི་ལག་བསྟར་བྱས་པ་ནས་བཟུང་བོད་ཀྱི་ས་ཐོག་ཏུ་རྒྱ་མི་གནས་སྤོ་བྱེད་མཁན་མང་རུ་ཕྱིན་པར་དངོས་ཡོད་གནས་ཚུལ་རེད། ༡༩༩༣ལོའི་གོང་དུ་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ནང་དུ་རྒྱ་མི་དེ་འདྲ་མང་པོ་མེད། བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་ཨ་མེ་ཀ་གཙོ་བོ་བྱས་པའི་ཕྱི་ནང་གཉིས་ཀས་ཤོད་རྐྱང་བྱས་པ་རེད། བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པའང་རྒྱ་ཁུངས་སུ་སྡོད་ཀྱི་ཡིན་ན་རྒྱ་མི་རྣམས་བོད་ལ་གནས་སྡོད་བྱེད་མཁན་སླེབས་ལོས་འོང་།
འདི་ནས་ཡར་བརྩིས་པའི་མི་ལོ་༢༠་ནང་དུ་བོད་ཀྱི་སྐད་ཡིག་ཉམས་ཆག་ཕྱིན་པ་དང་བོད་ཀྱི་ས་ཐོག་ཏུ་རྒྱ་མི་མང་པོ་བསླེབས་པའི་ལོ་ཡིན། འདི་དག་དབུ་མའི་ལམ་གྱི་མཇུག་འབྲས་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད། བོད་མི་ཚོས་ཐུགས་བསམ་གཟབ་གཟབ་བྱས་ནས་བཞེས་དང་། དབུ་མའི་ལམ་འདིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་མི་རིགས་ཀྱི་ཛ་དྲག་མྱུར་སྐྱོབ་བྱེད་ཀྱི་ཡིན་གསུངས་པ་ལྟར་ལག་ལེན་གྱི་ཐོག་ནས་སྐད་ཡིག་ལ་ཕན་པའི་ལས་ཀ་ག་རེ་བྱས་སོང་ངམ་། བོད་ཀྱི་ས་ཐོག་ཏུ་བོད་མི་རིགས་གྲངས་ཉུང་མི་ཆགས་བའི་ཆེད་དུ་ཕན་ཐོགས་ག་རེ་བྱུང་སོང་ངམ། ཞེས་བསམ་བླ་ཐོངས་དང་། འདི་དག་ཚང་མ་རྫུན་མ་རེད། གལ་སྲིད་བོད་འདི་རྒྱ་ཁུངས་སྡོད་ཀྱི་ཡིན་ན་རྒྱ་མི་དུང་ཕྱུར་མང་པོ་མཉམ་དུ་བོད་མི་ས་ཡ་དྲུག་པོ་བརླག་འགྲོ་གི་རེད། རྒྱ་ཁུངས་སྡོད་ཀྱི་ཡིན་ན་བོད་ཀྱི་སྐད་ཡིག་བེད་མེད་ཆགས་ཀྱི་རེད།
ཡ་ཡ། ཅོ་རིས་བཤད་སྟངས་འདིར་བལྟས་ཡོང་ན་ཁོག་པའི་ནང་རང་བཙན་ལེན་ཆོག་ཆོག་གི་གྲ་སྒྲིག་ཨང་སར་ཡོད་པ་འདྲ། དབུ་མའི་ལམ་ག་ཚད་སྡུག་པོར་མཐོང་ན་ཡང་མཐོང་། རང་བཙན་བློངས་དང་། ང་ཚོ་དེ་ལ་མི་དགའ་ཅི་ལ་དགའ།
རང་བཙན་ལེན་ཐུབ་པའི་སྐད་ཆ་ཚིག་འབྲུ་གཉིས་ཀྱི་ནང་དུ་བཤད་ན་ཆིག་སྒྲིལ་ཞེས་པའི་ཚིག་འདི་རེད། ཐུ་བ་རྒྱ་མཚོ་ལགས། རང་བཙན་བློངས་དང་ཞེས་གསུངས་ཡོང་དུས་ཁྱོད་རང་ངའི་མཉམ་དུ་མེད་པ་བསྟན་འདུག་ག བྱས་ཙང་ཆིག་སྒྲིལ་མ་ཚང་བ་རེད། ངས་ག་དུས་ཡིན་ནའང་བསམས་བསྡད་པ་ཞིག་ལ་བོད་མི་ས་ཡ་དྲུག་པོ་རྡོག་རྩ་གཅིག་སྒྲིལ་བྱུང་ཉིན་བསྒྲུབ་མི་ཐུབ་པའི་བྱ་བ་ཞིག་ཡོད་ཀྱི་མ་རེད་བསམས་ཀྱི་འདུག་་་་ཧཧཧ
མགོ་བོད་ནང་གི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཞིའི་འཕགས་པ་ལགས་ནས་ཏང་ཡན་བོད་མི་ཡོངས་རྫོགས། བཙན་བྱོལ་ནས་༧གོང་ས་མཆོག་དང་ཟམ་གདོང་གཉིས་གཙོ་བོ་བྱས་པའི་བཙན་བྱོལ་བོད་མི་ཡོངས་རྫོགས། ཆོས་ལུགས་ཁག་དང་བླ་ཆེན་ཡོངས་རྫོགས། བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཆགས་པའི་ཉིན་མོ་ཡོད་ན་རང་བཙན་འཐོབ་པའི་ཉིན་མོ་ཡོད་ཅེས་ངས་ཐག་བཅད་ནས་ལབ་ཀྱི་ཡིན།།་་་ཧཧཧ
མི་ཁག་ཅིག་གིས་ག་དུས་ཡིན་ཡང་ཡིན་པ་མིན་པར་བཏང་།མི་སྲིད་པར་རེ་བ་བརྒྱབས། ཚིག་དོན་ལྡོག་ནས་ཤོད་རྒྱུར་དགའ་བོ་བྱེད་ཀི་ཡོད་པ་རེད། ཅོ་རི་ཡང་དེའི་ཁོངས་གི་གཅིག་རེད། རྒྱུ་མཚན། ད་ལྟའི་དུས་སྐབས་འདི་ལ་བོད་སྲིད་པ་ཆགས་པ་ནས་བཟུང་སྔར་བྱུང་མ་མྱོང་བའི་ཚད་མཐོའི་གཅིག་སྒྲིལ་ཅིག་བོད་མི་ཚོར་བྱུང་ཡོད་པ་རེད། ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ཡོད་དང་། ཆོས་རྒྱུད་ལྔ་གཅིག་ཏུ་སྒྲིལ་ཡོད། ཕྱི་ནང་གཉིས་གཅིག་ཏུ་སྒྲིལ་ཡོད་པ་དང་། གསར་རྙིང་གཉིས་ཀྱང་གཅིག་ཏུ་སྒྲིལ་ཡོད། དེ་བཞིན་རྒན་གཞོན་གཉིས་དང་། ཕོ་མོ་གཉིས་བཅས་ཚང་མའི་བར་ལ་མི་མཐུན་པའི་འགལ་ཟླ་གང་མེད་པར་བསམ་བློ་གཅིག་མཐུན་དང་། སེམས་ཤུགས་གཅིག་ཏུ་སྒྲིལ་ཡོད།
ཚིག་དོན་ལྡོག་ནས་ཤོད་མཁན་འདི་གྲས་ཀྱིས་ནམ་རྒྱུན་དུ་ཡིན་པ་མིན་པར་གཏོང་ཨེ་ཐུབ་བལྟ་བ་དང་། མི་ཐུབ་པ་ཐུབ་རེ་ཀྱི་སྟོང་བསམ་མང་ཙམ་བཅིངས་པ། དོན་དངོས་ཚད་ལས་བརྒལ་བའི་ཚོད་དཔག་བྱེད་པ། གཞུང་ལམ་དུ་མི་ཞུགས་པར་ལམ་ལོག་ཏུ་ཁེར་འགྲོ་བྱེད་པ། དོན་དངོས་ལ་མི་བལྟ་བར་ཧམ་པ་གང་ཐུབ་ཅི་ཐུབ་བྱེད་ཀི་རེད། སོང་ཙང་། ཅོ་རིའི་སྐད་ཆ་ཡང་གོང་གི་འདི་དག་དང་གཅིག་འདྲ་རེད།
དབུ་མའི་ལམ་གྱི་བོད་ནང༌གི་དཔལ་འབྱོར་འཛུགས་སྐྲུན་རྒྱ་སྐྱེད་མ་དངུལ་འཇོག་རྒྱུ་དང་། དེའི་ཁེ་བབ་ཆ་བགོས་བྱེད་རྒྱུ་སོགས་དཔལ་འབྱོར་གྱི་འགྲོ་ཕྱོགས་རྒྱ་བོད་གྲོས་མོལ་གྱིས་གཏན་འབེབས་བྱ་ཆོག་པ་དང། རྒྱལ་སྲུང་དམག་དོན་མཚོན་ཕྱི་སྲིད་འབྲེལ་མཐུད་ཆར་རྒྱ་ཕྱོགས་ནས་འགན་ཆེ་བ་ལེན་རྒྱུ་སོགས་མི་རིགས་སྤྱི་མཐུན་གྱི་སྒྲོམ་གཞིའི་འོག་ལམ་ལུགས་ཁྲིམས་གཞི་གཏན་འབེབས་གྲོས་གཞི་གྲོས་འཆར་གྲོས་ཆོད་བཞག་དགོས།
དབུ་མའི་ལམ་གྱི་ལས་འགན་དང་བསྒྲུབ་བྱ་གཙོ་བོ་ནི། ཕྱི་ལས་ནང་དང་ཕྱི་སྲིད་ལས་ནང་སྲིད། འཇིག་རྟེན་ལས་ནང་དོན་གལ་ཆེ་བ་དགོངས་ཀྱི་ཡོད། རྩ་ཁྲིམས་ནང་ཡོད་བཞིན། མི་རིགས་རང་སྐྱོང་ཙམ་མིན་པར་མི་རིགས་སགནས་རང་སྐྱོང་། དེའི་དོན་ཚན་ནང་རིག་གཞུང་དང་སྐད་ཡིག་གཅིག་གྱུར་ལས་གྲུབ་པའི་མི་རིགས། ནང་ཆོས་ཀྱིས་དམ་དུ་བཅིངས་པའི་མི་རིགས། དེས་ཁྱབ་པའི་ས་གནས་རང་སྐྱོང་བཅས་གནད་དོན་དུ་མར་ཡོད་པ་བཅས་སོ།།
གོང་གསལ་རྩོམ་ཡིག་དེ་ཚང་བཀླགས་པ་ཡིན་་་ངོ་མ་གནས་ལུགས་རྒྱུ་མཚན་ཚད་མཐོན་པོའི་བཀའ་མོལ་གནང་བཞག་འདུག །ཡག་བྱུང་ཟེར་རྒྱུ་ཡིན། དེ་མིན་སོ་སོས་ཁ་ཕོར་ལས་མཐོང་མི་ཐུབ་པའི་མི་ངན་རེ་ཟུང་མཆན་ཉོག་ཁ་ཤས་བྲིས་འདུག་པར་་་་ཀློགས་འདོད་སྐྱེས་མ་སོང་་་་་་་གང་ཡིན་ཟེར་ན། མི་ངན་དེའི་རིགས་ཀྱི་ག་རེ་བཤད་མིན་སྔོན་མ་ནས་རྒྱུས་ཡོད་ཡིན་་་་་་་
ཐུ་བ་རྒྱ་མཚོ་ལགས།
ཁྱོད་ཀྱིས་་་་ད་ལྟའི་དེང་སྐབས་འདི་ལ་བོད་སྲིད་པ་ཆགས་པ་ནས་བཟུང་སྔར་བྱུང་མ་མྱོང་བའི་ཚད་མཐོའི་གཅིག་སྒྲིལ་ཅིག་བོད་མི་ཚོར་བྱུང་ཡོད་པ་རེད།་་་ཅེས་གསུངས་འདུག ་སྐད་ཆ་བཤད་སྟངས་འདི་ལ་བལྟས་ན་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཏུ་བོད་བཙན་པོའི་སྐབས་སུ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་འཛམ་གླིང་ས་ཡི་སུམ་ཆ་གཅིག་ལ་དབང་སྒྱུར་བྱས་པའི་ལོ་རྒྱུས་ཤེས་ཀྱི་མེད་པར་འདྲ། ཁག་མེད། རྒྱལ་རབས་ལོ་རྒྱུས་ཡག་པོ་བལྟས་ནས་སྐད་ཆ་བཤད་དང་དགའ་གི་རེད།
དེང་སང་བོད་མི་རིགས་ཆིག་སྒྲིལ་ཚོད་མཐོ་ཡོད་ཟེར་ན་བདེན་གཏམ་ཞིག་མ་རེད། བོད་ནང་དུ་ཆ་བཞག་ན་ཏང་གཅེས་གུན་ཁྲན་ཏང་ཡན་ཚོས་ཏྭ་ལའི་རུ་ཁག་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་ནས་བསྒྲབས་ཀྱི་འདུག དེ་ལས་ཆུང་བའི་ཏང་གི་ཕག་ཕྲུག་ཚོས་བོད་མི་རྒྱལ་གཅེས་པ་རྣམས་ལ་མ་ཉེས་ཁ་གཡོགས་དང་བཙོན་བཅུག་བྱེད་གང་ཐུབ་ཀྱི་ལས་ལ་བརྩོན་བཞིན་པ་རེད། འདི་ཆིག་སྒྲིལ་ཡིན་ནམ།
བཙན་བྱོལ་ནང་དུ་ལྟོས་དང་། དེང་སང་ཆིག་སྒྲིལ་གྱི་ཚད་མཐོ་དམན་ཅི་ཙམ་བསླེབས་ཡོད་མེད་མིག་མདུན་དུ་འདུག་ག ཆོས་ལུགས་པ་ཚོས་རང་ཆེ་རང་མཐོ་དང་ང་བཟང་ཁྱོད་ངན་གྱི་རྩོད་པ་བརྒྱབ་ཡོང་དུས་ཧང་སང་ཡ་རེད། ལོ་རྒྱུས་ཀྱི་སྙིང་ནད་ཀྱིས་ཡིན་གྱི་རེད་བ།
ཆབ་སྲིད་འཐབ་རྩོད་པའི་སྤྱི་ཚོགས་ནང་དུ་བཤད་ན་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱས་པ་མ་ཟད་རང་བཙན་ཐོག་ཏུ་འཐབ་རྩོད་བྱེད་མཁན་རྣམས་ཀྱང་དགྲ་བོ་དམར་པོ་ལས་སྡུག་བ་ཡོད་ཅེས་བཀའ་བློན་ཁྲི་པ་ཟམ་ལགས་ཀྱིས་བསྒྲགས་མྱངས་བ་རེད། འདི་ཆིག་སྒྲིལ་ཡིན་ནམ།
མདོ་ན་བོད་སྲིད་པ་ཆགས་ནས་དེང་སང་ལས་ལྷག་པའི་ཆིག་སྒྲིལ་ཡོང་མ་མྱངས་ཟེར་ན་ལོ་རྒྱུས་ཀྱི་གཞུང་ལམ་ནང་དུ་མི་འགྲོ་བ་ལྐོག་ཟ་ངོ་དགའ་རིང་ལུགས་པའི་རྐང་ལམ་ནང་དུ་སྤྲེལ་ལད་འཁྲམ་སྟངས་ཤིག་རེད།
ཏང་ཕྲུག་ཚོས་ཉོན་བྱོས། ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་ཞེས་འབོད་ཀྱི་འདུག བོད་རང་བཙན་འཐབ་རྩོད་པ་ཚོའི་བཤད་པའི་སྐད་ཆ་ལ་ཁ་སྟོང་ནང་གི་ཚིག་སྟོང་རེད་ཅེས་འབོད་ཀྱི་འདུག
༡་་་བོད་རང་བཙན་འཐབ་རྩོད་པ་ཚོའི་ཁ་འདི་དངོས་ནས་སྟོང་པ་རེད། ཟ་སྐལ་འཐུང་སྐལ་དེ་མེད་པ་རེད། གོ་གནས་དང་ཆེ་མཐོང་རག་གི་མེད་པ་རེད། རྒྱ་སྒོར་དང་སྒྲོ་ལོ་སྤྲད་མཁན་མེད་པ་རེད། ཁ་སྟོང་ཡིན་པ་ཁྱོད་ཚོ་བདེན། ཚིག་སྟོང་རེད་ཟེར་བ་མི་བདེན། ང་ཚོས་བོད་རང་བཙན་གྱི་ཆེད་དུ་བཤད་དུས་ཁ་ནང་མཆི་མ་ཙམ་ཡང་ལྷད་འདྲེས་པར་ཤོད་ཀྱི་ཡོད། ཚིག་གསལ་ལ་དོན་གོ་སླ་བའི་སྐད་ཆ་རེད།
༢་་་ཁྱོད་ཚོ་ཁ་སྟོང་ནང་གི་ཚིག་སྟོང་དེ་ཤོད་མཁན་མ་རེད། ཁྱོད་ཚོའི་ཁ་སྟོང་པ་མིན། ཁྱོད་ཚོའི་ཁ་ལ་ཟ་སྐལ་དང་འཐུང་སྐལ་ལྡན། རྒྱ་སྒོར་དང་ཨ་སྒོར། ཤ་ཆང་སོགས་ཟས་རིགས་ཕུན་སུམ་ཚོགས་པ་ཡོད། ཁྱོད་ཚོའི་ཁ་དེར་ཁེངས་ནས་ཡོད། ཁ་ཁེངས་བསྡད་པའི་སྐད་ཆའི་ཚིག་དོན་མི་གསལ། ཨ་སྒོར་རྒྱ་སྒོར་གཉིས་ཀ་ཁ་ནང་བླུགས་ནས་སྐད་ཆ་ཤོད་དུས་བོད་འདི་དམངས་གཙོ་ལ་དགའ་འམ་དམར་ཕྱོགས་ལ་དགའ་ཞེས་གསལ་པོ་ཞིག་ཚིག་ཐོན་དཀའ་མོ་འདུག ཨ་རིའི་གྲོས་ཚོགས་ནང་དུ་བསླེབས་དུས་དམངས་གཙོ་ལ་དགའ་མདོག་མདོག་དང་། རྒྱ་དམར་དང་ཐུག་དུས་དམར་ཕྱོགས་པའི་སྒྲོམ་གཞིའི་འོག་ཏུ་འདོད་མོས་ཡོད་མདོག་མདོག་གི་ཚིག་ཐོན་གྱི་རེད་བ། འདི་ལ་ཚིག་རྙོག་ཟེར། འདི་ལ་མགོ་རྙོག་ཟེར། ཡག་ཉེས་དམངས་གཙོ་དང་དམར་ཕྱོགས་གདམ་ཁ་མི་ཤེས་པའི་ས་མཚམས་བསླེབས་འདུག་ག
༣་་་་ཏང་ཕྲུག་ཁྱོད་ཚོས་མུ་མཐུད་ནས་བོད་རང་བཙན་འཐབ་རྩོད་པ་རྣམས་ལ་ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་རེད་ཟེར་ནས་འབོད་ཀྱི་ཡིན་ན་ང་ཚོས་ངོས་ནས་ཁྱོད་ཚོ་ལ་ཁ་ཁེངས་ནང་གི་ཚིག་རྙོག་བཤད་མཁན་རེད་ཅེས་འབོད་ཀྱི་ཡིན་པས་དེ་ལུགས་བྱོས།།
ཚིག་སྟོང་རེད་ཟེར་བ་མི་བདེན། ང་ཚོས་བོད་རང་བཙན་གྱི་ཆེད་དུ་བཤད་དུས་ཁ་ནང་མཆི་མ་ཙམ་ཡང་ལྷད་མ་འདྲེས་པར་ཤོད་ཀྱི་ཡོད།ཅེས་བཅོས་རོགས་བྱོས།
ཅོ་རི་ལགས།
ངས་བོད་མི་ཚོ་སྔར་བྱུང་མ་མྱོང་བའི་ཆིག་སྒྲིག་བྱུང་ཡོད་ཟེར་པ་དེ་སྤོབས་པ་ཆེན་པོའི་ཐོག་ནས་ཤོད་ཀིན་ཡོད། ཡིད་ཆེས་བློས་འགེལ་གྱིས་ཐོག་ནས་ཤོད་ཀིན་ཡོད། ཟོལ་མེད་ཀུན་སློང་གི་ཐོག་ནས་ཤོད་ཀིན་ཡོད། དོན་དངོས་གནས་ཚུལ་དང་མཐུན་པའི་ཐོག་ནས་ཤོད་ཀིན་ཡོད། ཡིན་ན་ཡང་། ངས་ཤོད་པའི་ཆིག་སྒྲིལ་དེ་ལུས་པོ་ཆིག་སྒྲིལ་དང་དབང་ཤུགས་ཆིག་སྒྲིལ་མ་རེད། བསམ་བློ་ཆིག་སྒྲིལ་དང་སེམས་ཤུགས་ཆིག་སྒྲིལ་རེད།
བཙན་པོའི་དུས་སྐབས་ལ་བོད་ས་ཡོངས་རྫོགས་སྲིད་དབང་གཅིག་གི་འོག་ཏུ་སྒྲིལ་ཡོད་པ་བདེན་པ་རེད། ཡིན་ཡང་། རྒན་དར་གཞོན་གསུམ་དང་སྐྱ་སེར་ཕོ་མོ་དབྱེར་མེད་དུ་བསམ་བློ་གཅིག་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ་དེ་ཁ་སང་དེ་རིང་གི་ད་ལྟའི་དུས་ཚོད་འདི་འདྲ་བ་ནི་སྐབས་དེ་དུས་བྱུང་མེད་པ་གསལ་པོ་ཡིན། དེར་གོ་བ་ལོག་སྒྲུབ་བྱེད་མི་རུང་། སྒྲོ་འདོགས་ལྷན་པ་ཡང་བརྒྱག་མི་ཉན། ཁ་གསལ་དུ་བཏང་ན། བཙན་པོའི་དུས་སྐབས་དེར་དབང་ཤུགས་གཅིག་སྒྲིལ་བྱུང་ཡོད་ན་ཡང་སེམས་ཤུགས་གཅིག་སྒྲིལ་དང་བསམ་བློ་གཅིག་སྒྲིལ་བྱུང་ད་ལྟ་དང་བསྡུར་ཐབས་མེད་ཟེར་ཞུ་གི་ཡོད།
མི་སོ་སོའི་བསམ་བློ་གནས་ཚད་དང་གོ་བ་ལེན་ཕྱོགས་མི་འདྲ་བའི་དབང་གིས་ཚིག་གཅིག་ལ་གོ་བ་ལེན་སྟངས་རྒྱ་ཆེ་ཆུང་གི་ཁྱད་པར་ཡོང་གི་ཡོད་པ་རེད། ཁ་ཤས་ཀྱི་གོ་བ་ལེན་སྟངས་ནི་དངོས་ཡོད་དང་མཐུན་པ། དོན་དངོས་དང་མཐུན་པར་གོ་བ་ལེན་གི་ཡོད་པ་རེད། ཡང་ཁ་ཤས་ཀྱིས་དེ་ལས་ལྡོག་ཏེ་དངོས་ཡོད་དང་མི་མཐུན་པར་བཙན་ཤུགས་དང་རང་བཟོ། བཅོས་མ་དང་ཧམ་བཤད། རེ་སྟོང་སྐམ་པོ་སེམས་ལ་བཅིངས་ནས་ཚིག་སྐམ་པོ་ཁ་ནས་སྒྲོག་གིན་ཡོད་པ་རེད།
ང་ཚོས་གཙིགས་ཆེན་དུ་འཛིན་དགོས་པ་དང་དམ་འཛིན་བྱེད་དགོས་པ་དེ་བོད་ཕྱི་ནང་གི་རྒན་དར་གཞོན་གསུམ་ཡོངས་དང་། མདོར་ན་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ཕྱོགས་བཞི་མཚམས་བརྒྱད་ན་གནས་སྡོད་བྱེད་པའི་བོད་མི་ཚང་མའི་སེམས་ན་བོད་དོན་འཕྱུར་བཞིན་ཡོད་པ་དང་། ཞལ་ན་བོད་དོན་བར་མེད་དུ་གླེང་གིན་ཡོད་པ་འདི་ནི་རྩ་བའི་གཞི་རྒྱ་ཆེ་བའི་བསམ་བློ་གཅིག་མཐུན་དང་སེམས་ཤུགས་གཅིག་སྒྲིལ་གྱི་རྨང་གཞི་བརྟན་པོ་ཆགས་ཡོད་པའི་བདེ་རྟགས་ཡིན། འདི་འདྲ་བའི་ཚད་མཐོའི་གཅིག་སྒྲིལ་ཅིག་ལ་གོ་བ་ལོག་སྒྲུབ་བྱེད་པ་རེ་ཟུང་ནི་འབྱུང་སྲིད་ཡང་དེ་ལྟ་བུའི་ཕོ་རོགས་དཀར་པོ་རེ་གཉིས་ཡང་མི་སྲིད་པ་ཞིག་མིན་པས་ང་ཚོས་དེར་བསམ་ཤེས་ལོས་ཐུབ། ཧཧཧ
ཨ
ཧཧཧ་་་ཁྱོད་དང་ང་གཉིས་བོད་དོན་ཐོག་ཏུ་ཆིག་སྒྲིལ་ཡོད་དམ། མེད་པ། དབུ་མ་པ་ཚོས་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ། རང་བཙན་པ་ཚོས་སྐར་ལྔའི་དར་དམར་དང་རྒྱ་འོག་མགོ་འདོགས་བྱེད་ཀྱི་ལ་རྒྱབ་སྐྱོར་མི་བྱེད་པ། ཁ་ཡོད་ཚོད་ཀྱིས་བོད་དོན་དང་བོད་དོན་ལབ་མདོག་རེད། ལྐོག་ཟ་རུལ་སུངས་ཚོས་སྒེར་དོན་འགྲུབ་ཆེད་དུ་བོད་དོན་ཤོད་ཀྱི་རེད་བ། དོན་ངོ་མའི་བོད་དོན་ཐོག་ཏུ་ཆིག་སྒྲིལ་མེད་པ།
སྤྱིའི་ཆ་ནས་ཆིག་སྒྲིལ་ཟེར་བ་འདི་བསྒྲུབ་བྱ་གཅིག་གི་ཐོག་ཏུ་མཉམ་ལས་དང་མཉམ་མོས་བྱེད་དགོས་ཀྱི་ཞིག་རེད་བ། མ་གཏོགས་རང་བཙན་ཐོག་ཏུ་ཆིག་སྒྲིལ་མེད། དབུ་མའི་ཐོག་ཏུ་ཆིག་སྒྲིལ་མེད། བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་སྲིད་ཇུས་གང་གི་ཐོག་ཏུ་ཆིག་སྒྲིལ་མེད་བཞིན་དུ་བོད་དོན་ཐོག་ཏུ་ཆིག་སྒྲིལ་ཡོད་ཟེར་ན་་་་ཧཧཧཧཧཧཧཧཧཧོ
དཔེར་ན། རྫུན་བཤད་ཀྱི་རེད། བོད་ནང་གི་བོད་མི་ཚོས་རང་ལུས་ཐོག་ཏུ་བོད་རང་བཙན་ཞེས་བྲིས་ནས་རང་ལུས་མེར་སྲེག་བྱས། འགའ་རེས་ཤོག་ཐོག་ཏུ་བྲིས། འགའ་རེས་གྱང་ངོས་སུ་བྲིས། འགའ་རེས་ཁ་ནས་འབོད། འཆི་ཁར་ཁ་ཆེམས་བཞག་པ་ནི་བོད་རང་བཙན་རེད། བཙན་བྱོལ་ནང་གི་ཁ་ཤུགས་དབང་ཤུགས་ཆེ་བ་ཚོས་རང་བཙན་འདི་རང་དབང་ལ་བསྒྱུར། ༧གོང་ས་མཆོག་ཁྲི་ལ་འཁོད་དགོས་ཅེས་པ་དེར་༧གོང་ས་མཆོག་གདན་འདྲེན་ཞུ་དགོས་ཅེས་པ་ལ་བསྒྱུར།
སེང་གེའི་བཀའ་ཤག་གཙོ་བོ་གྱུར་པའི་བཙན་བྱོལ་ནང་གི་བོད་མི་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བོད་ནང་དུ་རང་ལུས་མེར་སྲེག་བཏང་གི་འདུག་པ་དང་བཏང་དགོས་དོན་རྣམས་སྙན་ཞུ་བརྒྱབ་དུས་བོད་རང་བཙན་ཟེར་བའི་ཚིག་གཅིག་བྲིས་ཡོད་དམ། ་་ ་་དྲང་པོ་རེད་པེ། རྒྱུ་འབྲས་ཡོད་མཁན་རེད་པེ། དམངས་གཙོ་ལ་བརྩི་བཀུར་ཡོད་པའི་བྱས་སྟངས་རེད་པེ། ཡིད་ཐང་ཆད་པའི་ལས་ཀ་འདི་དག་ལས་འོང་དུས་ཆིག་སྒྲིལ་ཟེར་བ་ཡོང་ཁག་པོ་རེད་བ། ཁྱེད་ཀྱིས་གཅིག་གསུང་དང་། དྲང་པོ་བྱས་སོང་ངམ། བོད་རང་བཙན་ཟེར་དུས་ཕྱི་ནས་གུན་ཁྲན་ཏང་གིས་ནག་བསུབ་གཏོང་ཐབས་དང་། ནང་ནས་བཀའ་སྤྱི་གཉིས་གཙོ་བོ་གྱུར་པའི་གནད་ཡོད་ལས་བྱེད་པ་ཚོས་བོད་རང་བཙན་ཟེར་བ་འདི་ཚིག་གཅིག་ཡིན་ནའང་ཕྱིའི་རྒྱལ་ཁབ་ཁག་ལ་བསྒྲག་མི་དགོས་ཐབས་བྱས་དང་བྱེད་བཞིན་པ་རེད་བ། ་་མ་རེད་དམ།་་ཁྱོད་ཡིན་ད། གསུང་དང་།
ཨ་ཅོ་རི། དེ་སྔོན་ངས་འདི་འདྲ་ཞིག་ཤོད་མྱོང་ཡོད། དེ་ག་རེ་རེད་ཟེར་ན། རང་བཙན་རང་བཙན་ཞེས་ལམ་དབུ་མར་སྐྱོན་འཛུགས་ཁག་འདོགས་བྱེད་མཁན་ཁག་ཅིག་ནི་ཆབ་སྲིད་ཀྱི་གོ་རྟོགས་ལེའུ་དང་པོ་ན་འགྲོ་གི་ཡོད་པའི་རྟགས་ཕྱི་ལ་སྟོན་གྱིན་ཡོད་པ་རེད་ཟེར་མྱོང་། མི་དེ་ཚོའི་སྐད་ཆ་ནི་དབྱར་དུས་ཀྱི་འབྲུག་སྒྲ་བཞིན་ཡིན་པས་འུར་སྒྲ་ག་ཚད་ཆེ་ན་ཡང་སྟོང་སྒྲ་ཡིན། མི་དེ་ཚོའི་སྐད་ཆ་ནི་ཆར་ཤུལ་གྱི་འཇའ་མཚོན་བཞིན་ཡིན་པས་མདོག་ག་ཚད་ལེགས་ཀྱང་ཡུན་ཙམ་ལ་ཡལ་ནས་འགྲོག་བ་ཡིན།
ང་ཚོས་ཀྱང་དཔྱིད་དུས་ཀྱི་དྲོད་འཇམ་མྱོང་འདོད་མེད་པ་དང་། དབྱར་དུས་ཀྱི་སྤངས་ལྗོངས་གཟིགས་འདོད་མེད་པ། སྟོན་དུས་ཀྱི་ལོ་ཏོག་རོལ་འདོད་མེད་པ་གཏན་ནས་མིན། ད་ལྟའི་དུས་སྐབས་ནི་དགུན་དུས་ཀྱི་གྲང་རླུང་ལྡང་བཞིན་པའི་སྐབས་ཡིན་པས་ང་ཚོས་དུས་བཞིའི་འགྲོ་ལུགས་དང་རྒྱུ་འབྲས་ཀྱི་གོ་རིམ་ལ་བརྩི་བཀུར་ཞུས་ན་དགའ་གི་རེད། རང་གི་འདོད་པ་དེ་ག་ཚད་ལེགས་པོ་དང་།ག་ཚད་བདེན་པ་ཡིན་ན་ཡང་དུས་བཞི་དང་ཁོར་ཡུག་གི་གནས་བབ་དང་མ་མཐུན་ན་མི་འགྲུབ་པའི་གནས་ལུགས་དེ་ཡང་མཁྱེན་དགོས་གི་རེད། དེ་མ་མཁྱེན་པའི་ཁྱེད་ཚོའི་སྐད་ཆ་ནི་འུར་སྒྲ་ཆེ་འབྲུག་སྐད་དང་། ཁ་མདོགས་ལེགས་པའི་འཇའ་མཚོན་དང་འདྲ་བ་ཡིན་པས་བྱིས་པའི་སེམས་ཁམས་དེ་དོར་ནས་དངོས་ཡོད་དང་བསྟུན་ན་དགའ་གི་རེད།
དངོས་ཡོད་དང་བསྟུན་དགོས་ཨེ། དངོས་ཡོད་ག་རེའི་དངོས་ཡོད། དངོས་མེད་རྫུན་ལ་ཁུངས་བཅོལ་ནས་དབུ་མའི་ལམ་འདི་གཏན་ལ་འབེབས་པ་མིན་ནམ། དངོས་ཡོད་ལོ་རྒྱུས་ལ་བརྩི་བཀུར་མེད་པར་རྫུན་རྒན་རྒྱ་དམར་གྱི་སྒྲོམ་གཞིའི་འོག་ཏུ་སྡོད་ཀྱི་མིན་ནམ། ཧམ་པ་ཆེ་བ་ལ་ཨང་། དངོས་ཡོད་གནས་ཚུལ་གྱི་ཐོག་ཏུ་རྒྱ་བོད་གཉིས་ཁ་ཁར་སོ་སོར་ཡིན་པ་ལས་གཅིག་འོག་གཅིག་སྡོད་དགོས་པའི་ལོ་རྒྱུས་རིག་པའི་གཏན་ཚིགས་གང་ཡང་མེད་པ།
ཁྱོད་ཀྱིས་་་་ད་ལྟའི་དུས་སྐབས་ནི་དགུན་དུས་ཀྱི་གྲང་རླུང་ལྡང་བཞིན་པའི་སྐབས་ཡིན་པས་ང་ཚོས་དུས་བཞིའི་འགྲོ་ལུགས་དང་རྒྱུ་འབྲས་ཀྱི་གོ་རིམ་ལ་བརྩི་བཀུར་ཞུས་ན་དགའ་གི་རེད།ཅེས་གསུངས་འདུག་ག་་་་ངོ་མི་ཚ་འང།
ད་ལྟའི་དུས་སྐབས་ཀྱི་དུས་བཞིའི་འགྲོ་ལུགས་དང་མཐུན་དགོས་མཁན་ངོ་མ་དབུ་མ་ལམ་པ་ཚོ་རེད། འཛམ་གླིང་འདི་ལ་ཆ་བཞག་ན་དམངས་གཙོ་ཡི་ས་བོན་བཏབ་དང་འདེབས་བཞིན་པའི་སྐབས་རེད། མྱུ་གུ་དམངས་གཙོའི་རང་དབང་དང་ཐོབ་ཐང་འདི་འཛམ་གླིང་མི་དམངས་ཀྱིས་ལོངས་སྤྱོད་ཀྱི་རེད། མ་གཏོགས་དམར་ཕྱོགས་པ་ནི་སྟོན་ཀའི་རྩྭ་ཤིང་ནང་བཞིན་ས་ལ་ལྷུང་རན་བསྡད་ཡོད། རྒྱ་ནག་མི་དམངས་ཀྱིས་ཀྱང་དམར་ཕྱོགས་པ་གཏོར་ངེས་ཡིན། འདི་ཙམ་བསམ་བློ་བཏང་གི་མེད་དུས་དུས་བཞིའི་འགྱུར་བ་བཤད་ན་ཁྱོད་ཀྱི་རྣ་བ་ལ་ཨ་དགོས་ཆུང་ཆུང་རེད་བ།།
ལོ་གསུམ་གྱི་ནང་དུ་རྒྱ་ནག་དམར་ཕྱོགས་པའི་སྲིད་གཞུང་འགོ་གཏིང་ལོག་སོང་ན་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྩ་མེད་འགྲོ་ངེས་ཡིན་དུས། ཁྱོད་ཚོའི་དབུ་མའི་ལམ་འདི་ཕ་མེད་དྭ་ཕྲུག་ཞིག་ཆགས་མི་འོང་ངམ། དེར་དུས་ཁྱོད་ཚོ་སྙིང་རྗེ་ཨེ། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་བསམས་ནའང་རྩ་ཁྲིམས་ཤི་ཟིན། དམར་པོའི་རྩ་ཁྲིམས་ཁས་ལེན་མཁན་གྱི་མི་ཁྱོད་ཚོ་ལ་དམངས་གཙོ་ལ་དགའ་བའི་འཛམ་གླིང་མི་དམངས་ཀྱིས་མིག་ལོག་བལྟ་གི་རེད་ད་་་་ཧཧཧཧཧ སྐུ་རྩེད་ཡིན། སྡུག་བ་རང་དང་མི་ཡོང་།
དངོས་ཡོད་དང་བསྟུན་ན་དགའ་གི་རེད། བོད་རྒྱ་གཉིས་ཀྱི་སྟོབས་ཤུགས་བསྡུར་ནས་ཤོད། དབང་ཤུགས་བསྡུར་ནས་ཤོད། ཆེ་ཆུང་བསྡུར་ནས་ཤོད། མང་ཉུང་བསྡུར་ནས་ཤོད། དམག་དོན་བསྡུར་ནས་ཤོད། ཆབ་སྲིད་བསྡུར་ནས་ཤོད། དཔལ་འབྱོར་བསྡུར་ནས་ཤོད།
དེངགི་འཛམ་གླིང་མི་མང་གི་དགའ་ཕྱོགས་བསྡུར་ནས་ཤོད། འཛམ་གླིང་མི་མང་གི་དགའ་ཕྱོགས་དེ་ང་ཚོ་རེད་དམ་རྒྱ་གཞུང་གི་དཔལ་འབྱོར་རེད། དྲང་མོར་ཤོད།
ཨོ་རེད། གཅིག་ལྷག་ཤག རང་བཙན་དང་རང་བཙན་ཟེར་མཁན་ཚོ་ཆབ་སྲིད་ཀྱི་ཐོག་ཏུ་ལེའུ་དང་པོར་འགྲོ་རེད་ཟེར་བ་ཁྱོད་ལོས་བདེན། ཁྱོད་རང་གིས་ལྟ་ཚུལ་བྱས་ན་བོད་རང་བཙན་དང་རང་བཙན་བཤད་མཁན་རྣམས་ནི་ཅི་གང་མི་ཤེས་པའི་བླུན་པ་དང་། ཁ་ཡག་ངོ་དགའ་ཙམ་ཡང་མི་ཤེས་པའི་ལྐུགས་པ། དགྲ་བོ་ལ་བསྟུན་མཁས་མི་ཤེས་པའི་བྱབ་ཆུང་རེད་བསམས་ཀྱི་ཡོད་རེད་བ།
ཁྱོད་ཀྱི་ལྟ་ཚུལ་འདི་ཡང་ཡག་པོ་འདུག བོད་རང་བཙན་དང་རང་བཙན་ཟེར་ནས་མ་ཎི་འདོན་འདོན་བྱས་མཁན་ལྷ་བཟང་མཆོག་གི་མི་ཚེའི་ཁེ་གྱོང་ལ་བལྟས་ནའང་ཤེས། འཇམ་ནོར་མཆོག་གི་ཁ་རྡུང་རག་དགོས་པའི་གནད་དོན་ཐོག་ཏུ་བལྟས་ནའང་རེད། རང་ལུས་མེ་ལ་བསྲེགས་ནས་ཁ་ཆེམས་བཞག་ནའང་བདག་པོ་མི་བརྒྱབ་ལུགས་བལྟས་ནའང་རེད། རང་བཙན་འབད་ན་རང་ཉིད་ལ་གྱོང་མ་གཏོགས་ཁེ་ཟེར་བ་ཞིག་རག་མྱངས་མེད། ངོ་མ་ལྐུགས་པའི་ལས་ཀ་རང་རེད་བ་་་་་ངོ་མ་ལེའུ་དང་པོ་བ་རང་རེད་་་་སྐུ་ངོ་ཁྱོད་བདེན་ཧཧཧཧ
ཡིན་ནའང་ང་ཚོ་ལ་སྤོབས་པ་མཐོ་པོ་ཞིག་ཡོད་པ་ནི་་་དྲང་བདེན་ལ་རྒྱབ་འགལ་བྱས་མེད། རང་ཡུལ་དགྲ་ལག་ཏུ་བཙོང་བརྩི་མེད། རང་མི་ཚེ་གཡོག་བཞག་བརྩི་མེད། དམངས་གཙོ་ལ་དགའ་ཞེན་དོར་མྱངས་མེད། དམར་ཕྱོགས་པའི་རྩ་ཁྲིམས་ལ་བརྩི་བཀུར་བྱས་ཀྱི་མེད། མི་ཚེའི་ཁ་ཕོར་པའི་ཆེད་དུ་བོད་རང་བཙན་པ་ཚོ་ལྐུགས་པ་ཆགས་ནའང་བོད་མི་རིགས་ཀྱི་རུས་རྐང་འདྲེན་བཞིན་མེད་ཡ་་་་་འདི་ཡང་ཤི་དུས་བློ་བདེ་བའི་ཆེད་དུ་ཕན་ཐོགས་ཡོང་སྲིད་དོ།།
བོད་རྒྱ་གཉིས་ཀྱི་སྟོབས་ཤུགས་དང་ དབང་ཤུགས། ཆེ་ཆུང་དང་མང་ཉུང་། དམག་དོན་དང་ཆབ་སྲིད། དཔལ་འབྱོར། དེང་གི་འཛམ་གླིང་མི་མང་གི་དགའ་ཕྱོགས། ་་ཧཧཧཧ
དཔེར་ཞིག་བཞག་ན།་་རྒྱ་ནག་དམར་ཕྱོགས་པ་གླང་ཆེན་ནད་པ་དང་བོད་ཙི་ཙི་ནད་མེད་ལྟ་བུ་རེད། ཙི་ཙི་ལས་གླང་ཆེན་སྟོབས་ཆེ། ཙི་ཙི་ལས་གླང་ཆེན་ཤུགས། ཡིན་ནའང་གླང་ཆེན་ནད་པ་འདིར་ཙི་ཙི་ཡིས་གསོད་མི་དགོས་པར་ཁོ་རང་རང་ལྐོག་ཟ་དང་སྲིད་དབང་སྒེར་གཅོད་པའི་ནད་འདིས་གསོད་ཀྱི་རེད་བ། ར་ཤུ་ཡའི་དམར་ཕྱོགས་པའི་གླང་ཆེན་ཤི་བ་བཞིན་རེད་བ། གླང་རྗེས་མ་འདི་ལ་ཅི་ཡང་དེ་གླང་སྔོན་མ་ཤི་བའི་རོ་ལ་ལྟོས། ཟེར་ནའང་ཆོག ལེའུ་དང་པོ་བ་ཞིག་མིན་ན་ཤེས་ཚར་ཡོད་ཀྱི་རེད་བ།
སྔོན་མ་ར་ཤི་ཡའི་དམར་ཕྱོགས་པའི་གླང་ཆེན་སྨྱོན་པ་དེས་འཛམ་གླིང་འདར་འདར་བཟོས་པ་རེད་བ། རྒྱ་ནག་ལ་རྒྱ་ནག་དམར་ཕྱོགས་པའི་དམག་གི་གྲངས་ཀ་ལས་མང་བའི་དགྲ་བོ་ཡོད་པ། ནུབ་ཕྱོགས་པའི་དམངས་གཙོ་རྒྱལ་ཁབ་ཁག་གཙོ་བོ་གྱུར་པའི་རྒྱ་གར་དང་རི་པན། ལྷོ་ཀོ་རི་ཡ། ཝན་ནོམ། ཧྥིང་ལེན་པི། བོད་སོག་གཉིས་བཅས་ཕྱོགས་བཞི་མཆམས་བརྒྱད་ནས་དགྲ་བོ་མ་གཏོགས་གཉེན་མེད་པ།། ད་དུང་ཁྱོད་སྐྲག་ཀིན་འདུག་གམ།་ཧཧཧ
ཁྱོད་ཀྱིས་་་་ཁ་གསལ་དུ་བཏང་ན། བཙན་པོའི་དུས་སྐབས་དེར་དབང་ཤུགས་གཅིག་སྒྲིལ་བྱུང་ཡོད་ན་ཡང་སེམས་ཤུགས་གཅིག་སྒྲིལ་དང་བསམ་བློ་གཅིག་སྒྲིལ་བྱུང་ད་ལྟ་དང་བསྡུར་ཐབས་མེད་ཟེར་ཞུ་གི་ཡོད།ཅེས་གསུངས་འདུག་ག་་་་ཧཧཧཧཧ
དབང་ཤུགས་ཟེར་བ་འདི་སེམས་ཤུགས་ལས་བྱུང་བ་ཞིག་ཡིན་པ་ལ་ངོས་འཛིན་བྱས་ཀྱི་ཡོད། བོད་བཙན་པོའི་རྒྱལ་ཁབ་ཀྱི་སྐབས་ཀྱི་དབང་ཤུགས་དེ་ཡང་དེའི་སྐབས་ཀྱི་སེམས་ཤུགས་ལས་བྱུང་བའི་ཕྱིར། རྒྱུ་འབྲས་གཏན་ཚིགས་ཀྱི་འགྲོ་སྟངས་འདི་ཡང་མི་ཤེས་པར་ཅིག་ཤོད་ཀིན་སྡོད་ན་ལུགས་དང་མཐུན་པ་ཞིག་ཅང་ཡིན་ནམ། ལེའུ་གཉིས་པ་འབྲས་རྟགས་ཡང་དག་སྦྱང་ཚར་དུས་ཤོག་
ཆོས་མེད་སྨྲ་བའི་རྒྱ་ནག་དམར་བོའི་གཞུང་།།
ལྟ་བའི་མོད་ལ་མཛེས་མཛེས་སྣང་ན་ཡང་།།
གང་ལ་འཐེན་ན་དེ་རུ་འགྲོ་བ་ཡི།།
སྲོག་དང་བྲལ་བའི་འགྱིག་གི་ཐག་པ་འདྲ།།
གཞན་གྱིས་སྒྲུང་ཤོད་ཀྱི་འདུག་ཅེས་རང་གིས་སྒྲུང་རིང་པོ་ཞིག་བཤད་འདུག་པར་ཐུགས་རྗེ་ཆེ།ཧཧཧཧཧ