པཀྵི།
བར་ལམ་ཞིག་ནས་རང་བཙན་པ་དང་དབུ་མ་བ་གཉིས་ཀྱི་བར་ལ་རྩོད་གླེང་ཅུང་ལྷུག་པོ་ཡོང་གི་ཡོད་པ་མཐའ་གཅིག་ཏུ་ངན་པ་རང་མ་ཡིན། ཆབ་སྲིད་ཀྱི་ལམ་ཁ་ཆེན་པོ་དེ་གཉིས་ཀྱི་གཞི་ལམ་འབྲས་གསུམ་ལ་ངེས་ཤེས་ཟབ་མོ་ཞིག་རྙེད་པའི་སྒོ་ནས་རང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐག་གཅོད་བྱེད་རྒྱུ་ནི། སྐྱེ་བོ་ཟེར་རྗེས་མི་འབྲངས་པ་ཞིག་ལ་ངེས་པར་ཡོད་དགོས་པའི་ཚུགས་ཐུབ་ཀྱི་རང་གཤིས་དེ་རེད། དེ་བས་དོན་གནད་གང་ཞིག་ལ་བགྲོ་གླེང་དང་རྩོད་པ་བྱེད་པ་ནི་དོན་དག་དེ་ཉིད་ཀྱི་ངོ་བོ་དམར་རྗེན་མར་མཐོང་བར་ཕན་ཐོགས་ཡོད་པ་གྲྭ་སར་འགྲིམས་མྱོང་མཁན་ཞིག་ཡིན་ན་གསལ་བོ་ཡིན་པས། ང་ཚོས་རྩོད་པ་གང་ཞིག་ཡིན་རུང་གཞན་གྱི་ལྟ་ཚུལ་ལ་གུས་བརྩི་ཡོད་པའི་སྒོ་ནས་བྱས་ཚེ་གནོད་ལས་ཕན་ཆེ་བར་སྙམ་ན།ཚང་མས་རྩོད་པ་དེ་གཉིས་གུས་ཀྱི་ལམ་ནས་བྱེད་རྒྱུ་ནི་དམངས་གཙོའི་སྤྱི་ཚོགས་ཤིག་ལ་མེད་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་ངེས་པར་མཁྱེན་དགོས་པ་འདྲ།
རེད་དེ། ང་ཚོས་རང་བཙན་དང་དབུ་མ་གཉིས་ཀྱི་གང་ཞིག་ལ་རྩོད་པ་བྱས་པ་ཡིན་ནའང་། འབྲས་བུ་ལ་བརྩད་ནས་བསྡད་ཡོད་པ་རེད། རྐུན་མ་ཇི་ལྟར་བཟུང་རྒྱུ་མ་བཤད་པར་རྐུན་མར་ཇི་ལྟར་གཅར་རྒྱུར་བརྩད་ནས་བསྡད་ཡོད་པ་རེད། ང་ལ་མཚོན་ན་དེ་ནི་ཁྱད་མཚར་ཞིག་རེད། མིག་མདུན་གྱི་བསྒྲུབ་དགོས་པའི་དོན་དག་ཟུར་དུ་བཞག་ནས་འབྲས་བུ་འདི་དགོས་པ་དང་དེ་མི་དགོས་པའི་འདེམས་ཀ་བཏང་ནས་བསྡད་ན་བྱབ་ཆུང་གི་བྱེད་སྟངས་མ་ཡིན་ནམ། ལྷག་པར་དུ་རང་བཙན་རྩོད་མཁན་ཞིག་ཡིན་ན་རང་བཙན་དེ་ཁྱེད་ཀྱི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཡིན་པ་ཡང་ནས་བསྐྱར་དུ་བཤད་རྒྱུ་ཙམ་མ་ཡིན་པར། རང་བཙན་ཇི་ལྟར་རྩོད་རྒྱུ་དེ་ལ་ངེས་པར་དགོངས་བཞེས་དང་འཆར་གཞི་འདིང་དགོས་པ་མ་གཏོགས་རང་བཙན་བཤད་ནས་འཐོབ་རྒྱུ་མེད་པ་ནི་མི་ལོ་ལྔ་བཅུའི་ང་ཚོའི་ཉམས་མྱོང་ལས་རྗེས་སུ་དཔོགས་ཐུབ་པ་རེད། ཡང་གལ་ཏེ་མི་རབས་རྗེས་མ་དག་གིས་ལས་བདའ་མི་བྱེད་པ་ཙམ་གྱི་ཆེད་དུ་ང་ཚོས་རང་བཙན་བདམས་པ་ཡིན་ན། རང་བཙན་ཟེར་བ་དེ་ཡང་མྱི་ཁ་འགོག་བྱེད་ཙམ་དུ་ཟད་འདུག་གོ།
དེ་འདྲ་མ་ཡིན་པར་ང་ཚོས་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་མཐོང་བའི་ཐོག་ནས་རང་བཙན་བདམས་པ་དང་། ཆབས་ཅིག་རང་བཙན་རྩོད་པ་ལ་ཡོད་དགོས་པའི་སྙིང་སྟོབས་དང་། ཚང་དགོས་པའི་བསམ་བློའི་གོ་ཆ་ཡོངས་སུ་རྫོགས་པ་ཞིག་སོ་སོ་རང་ཉིད་ལ་ཡོད་པའི་ངེས་ཤེས་ཟབ་མོ་ཞིག་རྙེད་པར་གྱུར་བ་ན། དེ་ནས་ང་ཚོས་དབུ་མ་མི་དགོས་རང་བཙན་དགོས་ཞེས་བརྗོད་ནའང་བརྗོད་ཆོག་པ་རེད་ལ། བརྗོད་པ་ལྟར་རང་ཉིད་ལའང་གདེངས་ཚོད་ཅིག་དང་སྤོབས་པ་ཞིག་ཡོད་ངེས་ཡིན་པས། མ་མཐའ་ཡང་ཁ་བཤད་ཙམ་གྱི་རང་བཙན་པ་དག་ལས་ལྗིད་ཁོག་ཅུང་ཆེ་བར་སྙམ།
བར་འདི་ནས་འུ་ཚོས་དམིགས་ཡུལ་གྱི་སྐད་ཆ་དེ་ཟུར་བཞག་ནས། ལག་ལེན་གྱི་དྲི་བ་ཚ་བོ་ཞིག་དྲིས་པ་ཡིན་ན། ད་འོ་ན་ང་ཚོས་རང་བཙན་ཇི་ལྟར་ལེན་རྒྱུ་ཡིན་ཞེས་པ་དེ་རེད། དྲི་བ་འདི་ལ་རང་བཙན་པ་མང་པོས་དགའ་བོ་མི་བྱེད་པ་ངས་ཤེས་གི་ཡོད། ཁོང་ཚོ་དྲི་བ་འདིར་མི་དགའ་བའི་རྒྱུ་མཚན་ནི་ཁོང་ཚོར་དྲིས་ལན་གནད་ལ་འཁེལ་བ་ཞིག་འདེབས་རྒྱུ་མེད་པས་རེད། རེད་དེ་དྲི་བ་འདི་ནི་ང་ཚོས་ངེས་པར་འདྲི་དགོས་ཤིང་། དྲི་བ་འདིའི་ལན་ནི་ང་ཚོས་ཅིས་ཀྱང་རྙེད་དགོས་པ་རེད། ང་ཚོས་ཇི་སྲིད་དྲི་བ་འདིའི་ལན་མ་རྙེད་པ་དེ་སྲིད་དུ་ང་ཚོར་རང་བཙན་གྱི་གོ་སྐབས་གཏན་ནས་མེད་པ་ཡིན། དེ་བས་དྲི་ལན་འདི་གནམ་ན་ཡོད་རུང་ང་ཚོས་འཛིན་དགོས་ལ་ས་ན་ཡོད་རུང་ང་ཚོས་བརྐོ་དགོས་པ་རེད། ངས་བལྟས་ན་དྲི་ལན་འདི་ཚོར་བ་གཅིག་བུ་ལས་ནམ་ཡང་འཚོལ་མི་རུང་། ཚོར་བ་གཅིག་བུ་ལས་བཙལ་བའི་དྲི་ལན་དེ་དག་ནི་ཁ་བཤད་ཆུ་ཡི་ལྦུ་བ་དེ་ཚོ་རེད། དྲི་ལན་འདི་འཚོལ་བ་ལ་གཞུང་ལུགས་ཀྱི་རྒྱབ་ལྗོངས་བརྟན་པོ་ཞིག་དགོས་པའི་མི་ཚད་སྙིང་སྟོབས་དང་བློས་གཏོང་ཚད་མེད་ཅིག་དང་འགྲོགས་དགོས་པ་ཡིན། མ་ཟད་ཡོད་ཚད་རང་ཉིད་ནས་མགོ་རྩོམ་དགོས་པའི་ངེས་ཤེས་ཟབ་མོ་ཞིག་གིས་གཞི་འདིང་དགོས་པ་རེད། དེ་ལྟར་བྱུང་བ་ཡིན་ན་ད་བཟོད་ང་ཚོས་དྲི་ལན་དེ་བདེ་བླགས་ངང་རྙེད་ཐུབ་པར་ཐེ་ཚོམ་ཅི་ཡང་མེད།
ལོ་རྒྱུས་ལ་ཕྱིར་བལྟས་སློག་སྟེ་བཤད་ན་དྲི་བ་འདིའི་ལན་ལ་ཞི་དྲག་གི་སྦྱོར་བ་སྣ་ཚོགས་ཤིག་བྱུང་ཡོད་ལ། དེ་ལས་ཁ་ཤས་ལེགས་འགྲུབ་བྱུང་ཡོད་པ་དང་། མང་པོ་ཞིག་ཕམ་ཉེས་དང་བློ་ཕམ་གྱི་གནས་སུ་གྱུར་ཡོད་པ་རེད། ང་ཚོའི་ཉེ་རབས་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ནའང་། ཆུ་བཞི་སྒང་དྲུག་གི་དྲག་རྒོལ་ལ་ཕམ་ཉེས་བྱུང་བ་དང་། ང་དགུ་ལོའི་རང་དབང་སྒེར་ལངས་དང་པོར་དྲག་གནོན་ཐེབས་ནས་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་ཡོང་དགོས་ཐུག་པ་སོགས་ནི། ལེགས་འགྲུབ་མ་བྱུང་བའི་དྲི་བ་འདིའི་ལན་གསོན་པོ་དག་རེད། གང་ལྟར་འདས་པ་ནི་འདས་ཚར་བ་རེད། དེ་ལ་འཁང་ར་དང་སྡུག་ཡུས་བགྲང་ནས་ཡོང་རྒྱུ་ཅི་ཡང་མེད། ང་ཚོས་ཀོ་ཐག་ཁྱོན་ནས་གློད་མི་རུང་བ་ནི་ད་ལྟ་དང་དེ་ལས་ཀྱང་མ་འོངས་པ་རེད། དེ་རིང་ནས་བཟུང་མ་འོངས་པའི་དུས་སྐབས་གསེར་འདྲ་བ་དེ་དག་གི་ནང་དུ་ང་ཚོས་རང་ཉིད་ནས་འགོ་ཅི་ཞིག་རྩོམ་རྒྱུ་ཡིན། ཁ་སྟོང་ནང་གི་ཚིག་སྟོང་མ་ཡིན་པའི་སྦྱོར་བ་གང་ཞིག་རྩོམ་རྒྱུ་ཡིན། དྲག་པོའི་སྦྱོར་བ་རྩོམ་རྒྱུ་ཡིན་ནམ། ཡང་ན་ཞི་བའི་སྦྱོར་བ་རྩོམ་རྒྱུ་ཡིན། དྲག་པོ་བྱེད་ན་ཇི་ལྟར་བྱེད་རྒྱུ་ཡིན། ཞི་བ་བྱེད་ན་ཇི་ལྟར་བྱེད་རྒྱུ་ཡིན། དྲག་པོ་བྱེད་ན་དམག་རྒྱག་བྱེད་ཀྱི་ལག་ཆ་དང་། དམག་རྒྱག་སའི་ས་ཆ་གཉིས་ཀ་དགོས་པས་དེ་གཉིས་ཀ་ང་ཚོར་མེད། ཡང་ན་འཇིགས་རྒོལ་བ་བྱེད་རྒྱུ་ཡིན་ནམ། ཇི་ལྟར་་་་་་་། དེ་མིན་གྱི་བྱ་ཐབས་གཞན་མེད་པས། འདོད་ཀྱང་རུང་མི་འདོད་ཀྱང་རུང་ང་ཚོའི་མིག་མདུན་ན་འདེམས་ཀ་གཅིག་ལྷག་ཡོད་པ་ནི་ཚང་མའི་ཁ་ལ་གོམས་ཤིང་རྣ་ལ་བྱང་བའི་འཚེ་མེད་ཞི་བ་ཟེར་བ་དེ་རེད། འཚེ་མེད་ཞི་བ་ཟེར་བ་ནི་མི་ཤི་རྟ་འགྱེལ་མེད་པའི་འཐབ་རྩོད་ཅིག་ལ་ཟེར་རམ། ངེས་པ་ཡོད་པ་མ་རེད། མི་ཤི་རྟ་འགྱེལ་མེད་པར་བོད་རང་བཙན་ལེན་སྟངས་ཤིག་ངོ་སྤྲོད་བྱེད་ཀྱི་ཨེ་ཡོད། གཏན་ནས་ཡོད་པ་མ་རེད།
ངོ་མ་བཤད་ན་མི་ཤི་རྟ་འགྱེལ་མི་དགོས་པའི་ཆེད་དུ་༧གོང་ས་མཆོག་གིས་རྒྱ་མི་ལ་ཡང་བསམ་བློ་གཏོང་ས་ཡོད་པའི་དབུ་མའི་ལམ་གྱི་ཐབས་ལམ་དེ་བདམས་གནང་བ་རེད། ཕྱོགས་གཉིས་བར་གྱི་དོན་དག་ཅིག་ཞི་བའི་ལམ་ནས་ཐག་གཅོད་བྱེད་དགོས་ན། ངེས་པར་དུ་གྲོས་མོལ་བྱེད་དགོས་ཤིང་། གྲོས་མོལ་བྱེད་དགོས་ན་ངེས་པར་དུ་རྒྱ་ཅོག་སྒོར་མོའི་མཐའ་རུ་མཉམ་འཛོམས་བྱེད་དགོས་པ་རེད།དེ་ལྟར་མཉམ་འཛོམས་ཡོང་བར་ལམ་ཁ་གཉིས་ཡོད་པ་སྟེ། གཅིག་ནི་ཕྱོགས་གཉིས་ཀར་བསམ་བློ་གཏོང་ས་ཡོད་པའི་ཐོག་ནས་གྲོས་མོལ་གྱི་ལམ་དུ་ཞུགས་རྒྱུ་དང་། ཕྱོགས་གཞན་གཅིག་ནི་ངོ་རྒོལ་གྱི་ལམ་ནས་ཕར་ཕྱོགས་དེས་སྐད་ཆ་མ་བཤད་རང་བཤད་བཟོ་རྒྱུ་དེ་རེད། སྔ་མ་ནི་དབུ་མའི་ལམ་དང། ཕྱི་མ་ནི་གན་ངྷིའི་བདེན་པའི་ཨུ་ཚུགས་ལྟ་བུ་རེད། སྔ་མ་ནི་མི་ཤི་རྟ་འགྱེལ་མི་དགོས་པའི་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་སྟངས་ཤིག་ཡིན་ལ། ཕྱི་མ་ནི་འཆི་བ་ལ་གྲ་སྒྲིག་ཡོད་པའི་ཐོག་ནས་བདེན་པ་རྩོད་སྟངས་ཁྱད་པར་ཅན་ཞིག་རེད། དབུ་མའི་ལམ་ནི་བསྟུན་པའི་བདེན་པ་རྩོད་སྟངས་ཤིག་ཡིན་ལ། བདེན་པའི་ཨུ་ཚུགས་ནི་མི་བསྟུན་པའི་བདེན་པ་རྩོད་སྟངས་ཤིག་རེད། འདི་ནི་དབུ་མའི་ལམ་དང་བདེན་པའི་ཨུ་ཚུགས་གཉིས་ཀྱི་རྩ་བའི་མི་འདྲ་བའི་ཁྱད་པར་དེ་ཡང་རེད།
འུ་ཚོས་ངོ་མ་རང་སྲེག་དང་འཆི་རྨས་མི་འདོད་ན་དབུ་མའི་ལམ་མ་གཏོགས་ལམ་ཁ་གཞན་ཡོད་པ་མ་རེད། བསྟུན་མཁས་དང་གུ་ཡངས་ཀྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་དགོས་པ་རེད། དེ་མིན་རང་བཙན་དང་དེ་ལས་ཀྱང་བཙན་པོའི་སྐབས་ཀྱི་རང་བཙན་དགོས་གི་ཡོད་ན། ད་བསམ་བློ་གཏོང་ས་གཞན་ལྷག་ཡོད་པ་མ་རེད། འཆི་བར་གྲ་སྒྲིག་བྱས་ནས་མི་བསྟུན་པའི་བདེན་པ་དེ་རྩོད་དགོས་པ་རེད། འཆི་རྨས་དང་གོད་ཆག་མང་པོ་ཡོང་གི་རེད། དེ་ཡོང་བར་བསམ་བློའི་ནང་གྲ་སྒྲིག་བརྒྱ་ཆ་བརྒྱ་ཐམ་པ་དགོས་པ་རེད། དེ་ལྟར་འཆི་བ་ལ་མི་སྐྲག་པའི་རང་བཙན་འཐབ་རྩོད་པ་མང་པོ་བྱུང་བ་ཡིན་ན་ང་ཚོས་རང་བཙན་ལེན་མི་ཐུབ་རྒྱུ་ཅི་ཡང་མེད། རང་སྲེག་ནི་འདིའི་དཔེ་མཚོན་ཡག་པོ་ཞིག་རེད། དེ་ལྟར་མ་ཡིན་པར་རང་ཉིད་རྐང་རྐྱང་ལག་རྐྱང་ངང་སྐྱིད་ཉལ་རྒྱག་བཞིན། ཁ་ནས་རང་བཙན་དང་བཙན་པོའི་སྐབས་ཀྱི་རང་བཙན་སོགས་སྐད་ཆ་སྦོམ་པོ་རེ་གླེང་བཞིན་འགན་མེད་དུ་བསྡད་ན་ཁྱེད་ཀྱིས་འདོད་པའི་བཙན་པོའི་སྐབས་ཀྱི་རང་བཙན་དེ་ཇི་ལྟར་ལེན་ཐུབ་བམ།
ལར་ན་བཙན་པོའི་སྐབས་ཀྱི་རང་བཙན་ཟེར་བ་དེ་བཙན་པོ་གང་གི་སྐབས་ལ་ཟེར་རྒྱུ་ཡིན་ནམ། བཙན་པོ་རེ་རེའི་སྐབས་ཀྱི་མངའ་ཐང་གི་རྒྱ་ཁྱོན་མི་འདྲ་བ་རེད། བཙན་པོའི་མངའ་ཐང་དར་ཆེ་ཤོས་ནི་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་རེད། དེ་ལྟར་ཡིན་ན་འབྲུག་ཡུལ་དང་རྒྱ་གར་ས་ཁོངས་སུ་གནས་པའི་ཧི་མ་ལ་ཡའི་མི་རིགས་དེ་ཚོའི་བདག་དབང་ཡང་ང་ཚོ་ཡིན་ཟེར་དགོས་པ་རེད། ད་ང་ཚོའི་རང་བཙན་རྒྱ་གར་གྱི་ས་ནས་ཀྱང་རྩོད་དགོས་ཐུག་རྒྱུ་རེད། སྐད་ཆ་བསམས་ནས་བཤད་དགོས་པ་རེད། མི་རིགས་འཕེལ་འགྲིབ་ལ་བརྟེན་ནས་ས་ཁོངས་ལ་འཕེལ་འགྲིབ་ཡོང་བ་དེ་ཆོས་ཉིད་ཅིག་རེད། རྒྱ་གར་ལྟ་བུ་ལ་མཚོན་ནའང་སྔར་ས་རྒྱ་ཧ་ཅང་ཆེན་པོ་རེད། ད་ལྟའི་པཱ་ཀི་སི་ཐན་དང་བྷང་ག་ལཱ་སོགས་སྔོན་མ་རྒྱ་གར་གྱི་ས་ཆ་རེད། རེད་དེ་ད་ལྟ་རྒྱལ་ཁབ་སོ་སོ་ཆགས་ཚར་བ་རེད། སྔར་གྱི་ལོ་རྒྱུས་གླེང་ནས་ད་ལྟའི་བདག་དབང་རྩོད་ཆོག་ཆོག་ཡོད་པ་མ་རེད། ཆབ་སྲིད་རྩོམ་ཡིག་འབྲི་རྒྱུ་དེ་སྙན་ངག་འབྲི་བ་ནང་བཞིན་ཚོར་བ་ཅི་ཡོད་གང་བྱུང་དུ་འབྲི་རྒྱུ་དེ་འདྲ་ཞིག་མ་རེད། དགོས་པ་རྒྱུ་མཚན་ལ་བསམ་བློ་གཏོང་དགོས་པ་རེད། སྤྱི་ཚོགས་ལ་ཡང་བསམ་བློ་གཏོང་དགོས་པ་རེད། དེ་མ་ཟད་རང་གིས་ཀྱང་འགན་ཞིག་འཁུར་དགོས་པ་རེད། དེ་ལྟར་མ་བྱུང་ན་རྙོག་དྲ་སློང་གི་རེད། ད་ཆབ་སྲིད་རྩོམ་ཡིག་མི་འབྲི་ཟེར་དགོས་ཐུག་གི་རེད།
གང་ལྟར་ངས་འདིར་མང་པོ་ཞིག་བཤད་པའི་སྙིང་པོ་ནི། སུ་ཞིག་གིས་རང་བཙན་འདོད་ནས་རང་བཙན་གྱི་ལས་སུ་ཞུགས་པ་ཡིན་ན། དེ་ནས་བཟུང་སྐུ་ཉིད་མི་བསྟུན་པའི་བདེན་པ་རྩོད་མཁན་དུ་རང་བཞིན་གྱིས་གྱུར་སོང་བ་ཡིན་ལ། མི་བསྟུན་པའི་བདེན་པ་རྩོད་པའི་བརྒྱུད་རིམ་ཁྲོད་ནས་ཚེ་སྲོག་གི་འགྲོ་སོང་ནི་རང་སྲེག་ལྟར་མུ་མཐུད་དུ་འགྲོ་རྒྱུ་ཡིན་པ་དང་། དེ་ཡང་ཚེ་སྲོག་བརྒྱ་སྟོང་ནས་ཁྲི་ཁྲག་བར་མ་བཏང་ན་རང་བཙན་ཟེར་བ་ལས་སླ་བོར་སྤྲོད་མཁན་མེད་པའི་གནས་ལུགས་འདི་ཤེས་པའི་ཐོག་ནས། འཆི་བ་དང་རང་བཙན་བརྗེ་དགོས་པའི་བདེན་པའི་ཨུ་ཚུགས་ཀྱི་བསམ་བློ་ཡང་དག་པ་ཞིག་རང་རྒྱུད་ལ་འཁྲུངས་པར་བྱས་ན། ད་བཟོད་རང་བཙན་ཟེར་བ་དེ་ཡང་རང་ཉིད་དང་ཐག་མི་རིང་བ་ཡིན། དེ་མིན་རང་སྲེག་དང་རང་བཙན་བརྗེ་མི་ཐུབ་པའི་རང་བཙན་པ་དག་ནི། འཚེ་མེད་ཞི་བའི་ལམ་ནས་མི་བསྟུན་པའི་བདེན་པ་རྩོད་སྟངས་ལ་ད་དུང་ཡི་ག་ཞུགས་མེད་པའི་ཏན་རྟགས་དེ་ལགས་པས། ངས་བལྟས་ན་རང་བཙན་ཁྱེད་རང་དང་ད་དུང་དཔག་ཚད་ཁྲི་ཁྲག་གི་ཕ་མཐའ་དེ་ནས་ལྷག་རྒྱུ་ངེས་ཅན་རེད། དེ་བས་རང་བཙན་འདོད་ན་མི་བསྟུན་པའི་བདེན་པ་དེ་རྩོད་དགོས་ཤིང་། མི་བསྟུན་པའི་བདེན་པ་དེ་རྩོད་དགོས་ན་འཆི་བར་སྐྲག་མི་རུང་བ་རེད། ཇི་སྲིད་ང་ཚོའི་སེམས་རྒྱུད་ལ་རང་བཙན་དང་འཆི་བ་བརྗེ་ཐུབ་པའི་བློ་སྤོབས་བཅོས་མ་མ་ཡིན་པ་ཞིག་མ་འཁྲུངས་པ་དེ་སྲིད་དུ་ང་ཚོ་རང་བཙན་འཐབ་རྩོད་པ་ངོ་མ་ཞིག་ཏུ་ད་དུང་གྱུར་མེད་པའི་གནས་ལུགས་འདི་ཅིས་ཀྱང་མཁྱེན་པ་གནང་རོགས་ཞུ་རྒྱུ་ཡིན།
ང་ལ་མཚོན་ན་དབུ་མ་དང་རང་བཙན་བརྩད་ནས་འགལ་བ་དང་གས་ཁ་ཇེ་ཆེར་འགྲོ་བཞིན་པ་འདིར་ཅུང་བློ་མ་བདེ། རང་བཙན་པ་ཡིན་ནའང་འདྲ། དབུ་མ་བ་ཡིན་ནའང་འདྲ། ཚང་མ་བོད་ཀྱི་གནད་དོན་ཐད་སེམས་ཁུར་བྱེད་མཁན་རྐྱང་ཡིན་པས་ང་ཚོས་ངོ་རྒོལ་ཞིག་བྱེད་ན་འདྲ། ལས་འགུལ་ཞིག་སྤེལ་ན་ཆོག ཚང་མ་མཉམ་འབྲེལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དབུ་མ་བས་ལས་འགུལ་སྤེལ་དུས་རང་བཙན་པས་བལྟས་ནས་བསྡད། རང་བཙན་པས་ངོ་རྒོལ་་བྱེད་དུས་དབུ་མ་བ་རྒྱང་བཀྱེད་ནས་བསྡད་ན་བོད་དོན་ཐད་ནུས་པ་ཐོན་རྒྱུ་ཧ་ཅང་དཀའ་མོ་རེད།
ངས་བྱས་ན་གཞུང་སྒེར་སུ་ཡིན་ཡང་བོད་ཀྱི་མ་འོངས་པའི་གནད་དོན་ཐད་དབུ་མ་དང་རང་བཙན་གང་དགོས་ཐག་གཅོད་ཀྱི་དབང་ཚད་ཡོད་པ་མ་རེད། ༧གོང་ས་མཆོག་གིས་རྟག་པར་གསུངས་པ་ལྟར་རྒྱལ་ཁབ་དེའི་བདག་པོ་རྒྱལ་ཁབ་དེའི་མི་དམངས་ཡིན་པས། བོད་མ་འོངས་པར་རང་བཙན་བྱེད་རྒྱུ་ཡིན་ནམ་ཡང་ན་རང་སྐྱོང་བྱེད་རྒྱུ་ཡིན། དེ་བོད་རྒྱ་ཆེའི་མི་དམངས་ཀྱིས་ཐག་གཅོད་དགོས་པ་རེད།
གཞུང་སྒེར་སུ་ཞིག་ལའང་དེ་ཐག་གཅོད་བྱེད་ཆོག་པའི་དབང་ཚད་ཡོད་པ་མ་རེད། ༧གོང་ས་མཆོག་གིས་ཀྱང་གསུང་བཤད་སྔ་རྗེས་མང་པོའི་ནང་མཐའ་མའི་ཐག་གཅོད་བོད་རྒྱ་ཆེའི་མི་དམངས་ཀྱི་ལག་པར་ཡོད་པའི་་ལམ་སྟོན་བཀའ་སློབ་ཁ་གསལ་མཛད་ཡོད་པ་ལྟར། ང་ཚོས་བོད་ནང་གི་ད་ལྟའི་གནས་སྟངས་ལ་ངོ་རྒོལ་ཀྱིས་བོད་ཀྱི་དཀའ་རྙོག་དེ་མ་སེལ་ན་མི་ཆོག་པ་དང་། མ་སེལ་ན་མི་སྡོད་པའི་ངོ་རྒོལ་དང་འོས་ལངས་རབས་དང་རིམ་པའི་ཁྲོད་ནས། བོད་རྒྱ་ཆེའི་མི་དམངས་ལ་རང་དབང་གི་ལམ་ནས་བོད་ཀྱི་མདུན་ལམ་ཐག་གཅོད་བྱེད་ཆོག་པའི་གོ་སྐབས་སམ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ནི་ད་ལྟའི་ང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་དེ་རེད་ལ། ང་ཚོའི་དམིགས་ཡུལ་དེ་ཡང་རེད། འུ་ཚོ་ནི་གོ་སྐབས་སྐྲུན་མཁན་ཡིན་པ་ལས་ཐག་གཅོད་བྱེད་མཁན་དེ་མིན་པ་རེད། དེ་བས་རང་དབང་དང་། ཐོབ་ཐང་ཞིག་གི་ཆེད་དུ་ང་ཚོ་མཉམ་དུ་ལངས་དགོས་ལ། བདེན་པ་དང་། གནས་ལུགས་ཤིག་གི་ཆེད་དུ་ང་ཚོས་ལག་རྡང་མཉམ་དུ་སྦྲེལ་ཏེ། མཐའ་མའི་ཐག་གཅོད་ཀྱི་གཡུལ་ས་དེ་ལེན་པར་མཉམ་དུ་རྒྱུག་དགོས་ཨང་། གངས་ཅན་པ་ཚོ།
པཀྵི་བྱོན་པ་ལེགས། བདག་གི་བསམ་ཚུལ་ལྟར་ན་འདི་ནི་མི་ལྷག་བསམ་ཅན་ཞིག་གིས་བསམ་བློ་ཡང་ཡང་བཏང་ནས་བྲིས་འདུག་པས། མཆན་བུ་འདེབས་མཁན་ཚོས་ཀྱང་འཛུབ་མོས་གང་ནུས་མི་བྱེད་པའི་རེ་བ་ཡོད། མ་མཐའ་ཡང་སོ་སོས་ཅི་ལྕོགས་དང་འགན་གང་ཞིག་ཐེག་མིན། བོད་ལ་གང་དགོས་མིན་དང་དེ་དང་སྐྱེ་བོ་རང་གི་ནུས་པའི་བར་གྱི་འབྲེལ་བ་བཅས་ལ་བསམས་ནས་དཔྱད་པ་ནན་མོ་གནང་རོགས།
འུ་ཚོས་ངོ་མ་རང་སྲེག་དང་འཆི་རྨས་མི་འདོད་ན་དབུ་མའི་ལམ་མ་གཏོགས་ལམ་ཁ་གཞན་ཡོད་པ་མ་རེད། ཅེས་གསུངས་འདུག་དབུ་མའི་ལམ་འདོད་བཞིན་དུ་ཡང་རང་ལུས་མེར་བསྲེགས་ཀྱི་ཞུ་འབོད་འགྲོ་བཞིན་འདུག འཆི་རྨས་ཟེར་བ་ངོས་འཛིན་དཀའ་བ་ཞིག་གྱང་རེད། མཚམས་འདི་ནས་པཀྵི་ནས་དབུ་མའི་ལམ་གྱི་སྒྲུབ་བྱེད་སྐོར་ལ་སྐྱེས་བུ་སྒེར་གྱི་ལྟ་ཚུལ་ཅིག་གསུངས་ན་གང་འདྲ་འདུག
འུ་ཚོས་ངོ་མ་རང་སྲེག་དང་འཆི་རྨས་མི་འདོད་ན་དབུ་མའི་ལམ་མ་གཏོགས་ལམ་ཁ་གཞན་ཡོད་པ་མ་རེད། ཅེས་གསུངས་འདུག་དབུ་མའི་ལམ་འདོད་བཞིན་དུ་ཡང་རང་ལུས་མེར་བསྲེགས་ཀྱི་ཞུ་འབོད་འགྲོ་བཞིན་འདུག འཆི་རྨས་ཟེར་བ་ངོས་འཛིན་དཀའ་བ་ཞིག་གྱང་རེད། མཚམས་འདི་ནས་པཀྵི་ནས་དབུ་མའི་ལམ་གྱི་སྒྲུབ་བྱེད་སྐོར་ལ་སྐྱེས་བུ་སྒེར་གྱི་ལྟ་ཚུལ་ཅིག་གསུངས་ན་གང་འདྲ་འདུག
རེད་རེད།
དྲ་བདག་ལགས། ངའི་ཨི་མེལ་ཁ་སྦྱང་སྟེང་དུ་མཆན་འགྲོ་ཡི་མི་འདུག་པས་ག་རེ་ཡིན་ནམ།
དྲན་དཀར་ལགས་ལ། བཀྲ་ཤིས་བདེ་ལེགས་ཞུ།
དབུ་མའི་ལམ་གྱི་སྒྲུབ་བྱེད་ཟེར་ན་དགོངས་བཞེས་གནང་ས་གཙོ་བོ་ཁ་ཤས་ཤིག་ཡོད་པ་སྟེ། ༡ ཕྱོགས་གཉིས་བར་ལ་འཆི་རྨས་དང་གོད་ཆག་མི་འབྱུང་བའི་ཆེད་དུ་ཞི་བའི་ལམ་ནས་གྲོས་མོལ་བྱེད་རྒྱུ་དང་། དེ་ཡང་ཕར་ཕྱོགས་ལ་ཁེ་ཕན་ཅི་ཡང་མེད་ན་གྲོས་མོལ་བྱེད་རྒྱུ་ཅང་མེད་པས། དབུ་མ་ཞེས་གཉིས་ཕན་གྱི་གྲོས་འཆར་འདི་བཏོན་པ་རེད།
༧གོང་ས་མཆོག་སྒེར་ངོས་ནས་མི་ལོ་ལྔ་བཅུའི་རིང་ཚེ་སྲོག་གི་འགྲོ་སོང་གཏོང་མི་དགོས་པའི་ཐབས་ཤེས་གང་ཡོང་ཅི་ཡོང་གནངས་ཡོད་ནའང་། རྒྱ་ཕྱོགས་ནས་རྒྱུ་མཚན་ལྡན་པའི་གྲོས་མོལ་ཡང་དག་ཅིག་བྱེད་རྒྱུའི་ལྷག་བསམ་མེད་པར་བརྟེན། བོད་དོན་ཐད་གནས་ཚུལ་ཇེ་ཡག་ཏུ་འགྲོ་རྒྱུའི་ཚབ་ལ་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་འདིས། ༢༠༠༨ལོའི་ཞི་རྒོལ་དང་དེའི་གོད་ཆག དེ་བཞིན་ད་ལྟའི་མེར་སྲེག་གི་དོན་རྐྱེན་སོགས་བྱུང་བ་ཚང་མ་རྒྱ་མིའི་མཁྲེགས་འཛིན་གྱི་སྲིད་ཇུས་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས། ༧གོང་ས་མཆོག་གིས་ཀྱང་དེའི་ལན་པ་རྒྱ་མི་ལ་ཡོད་པའི་བཀའ་གནང་བ་དེ་ལྟར་རེད། ཕྱོགས་གཉིས་བར་གྱི་འགལ་བ་ཞིག་ཕྱོགས་གཉིས་ཀས་གུ་ཡངས་ཀྱི་བསམ་བློ་བཏང་ནས་སེལ་དགོས་པ་ལས། ཕྱོགས་གཅིག་གི་་གུ་ཡངས་ཀྱི་བསམ་བློ་ཁོ་ནས་སེལ་ཐབས་མེད་པ་དེ་ཡང་ཆོས་ཉིད་ཅིག་རེད། གང་ལྟར་ཕར་བསྟུན་ཚུར་བསྟུན་བྱེད་དགོས་པ་རེད། དེ་ལྟར་མ་བྱུང་ན་གོད་ཆག་ཡོང་གི་རེད། དེའི་ལན་པ་སུ་ལ་ཡོད་མེད་གལ་ཏེ་ཁྲིམས་ཁང་ཞིག་ལ་སོང་ནས་ཐག་གཅོད་བྱེད་ཆོག་པའི་དབང་དུ་བཏང་ན། དེའི་ལན་པ་མི་བསྟུན་མཁན་དེ་ལ་ཡོད་པ་སྨོས་མེད་རེད།
༢ ནང་པའི་ཆོས་ཀྱིས་གཙོས་པའི་བོད་ཀྱི་རིག་གནས་དང་གོམས་གཤིས་བཟང་པོ་རྣམས་ཆགས་འཇིག་དང་ཉེན་ཁ་ལས་མྱུར་སྐྱོབ་ཀྱི་ཆེད་དུ་རེད། དེ་ཡང་རང་བཙན་བརྩད་ན་མི་རབས་ནས་མི་རབས་འགོར་རྒྱུ་རེད། དབྱིན་ཇི་གྲངས་ཉུང་མི་རིགས་ཤིག་གིས་རྒྱ་གར་གྲངས་མང་མི་རིགས་ཤིག་ལ་དབང་བསྒྱུར་བའི་རང་བཙན་འཐབ་རྩོད་ལའང་མི་ལོ་ཉིས་བརྒྱ་ལྷག་གི་དུས་ཚོད་བཏང་ཡོད་པ་རེད། ང་ཚོ་གྲངས་ཉུང་མི་རིགས་ཤིག་རྒྱ་ནག་གྲངས་མང་མི་རིགས་ཤིག་ལས་རང་བཙན་བྱེད་རྒྱུའི་འཐབ་རྩོད་ལ་མི་ལོ་ག་ཚོད་ཅིག་འགོར་རྒྱུ་རེད། གལ་ཏེ་ང་ཚོས་ཀྱང་རྒྱ་གར་ལྟར་མི་ལོ་ཉིས་བརྒྱའི་དུས་ཚོད་དེ་སྤྱོད་པའི་དབང་དུ་བཏང་ན། མི་ལོ་ཉིས་བརྒྱའི་རྗེས་ཀྱི་བོད་པ་དེ་ག་འདྲ་ཞིག་ཡིན་རྒྱུ་རེད། མི་ལོ་ཉིས་བརྒྱའི་རིང་གི་ངྷ་རམ་ས་ལའི་སྒྲིག་འཛུགས་དེ་ག་འདྲ་ཆགས་སྲིད་དམ། གལ་ཏེ་ཁྱེད་རང་ཉེ་ཆར་བོད་ལ་སོང་ཡོད་ན་བོད་དང་བོད་ཀྱི་རིག་གནས་ཀྱི་འཇིགས་ཉེན་དེ་དངོས་སུ་མཐོང་རྒྱུ་འདུག་པས། དེ་མུར་ཡུན་རིང་འདུག་མི་རུང་བའི་ཚོར་སྣང་ཞིག་རང་བཞིན་གྱིས་ཡོང་གི་འདུག ཆབ་སྲིད་ཁོ་ནའི་རང་བཙན་འདོད་མཁན་ཞིག་ཡིན་ན་རིག་གཞུང་གི་འཇིག་ཉེན་ལ་བསམ་བློ་དེ་འདྲ་ཤུགས་ཆེན་པོ་མི་གཏོང་བ་ངས་ཤེས་གི་ཡོད། ཡིན་ནའང་། མི་རིགས་ཤིག་ཡིན་ན་རང་ངོ་མཚོན་བྱེད་ཀྱི་རིག་གཞུང་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་རང་ངོ་མ་བརླག་ན་མི་རིགས་བརླགས་ཡོད་པ་མ་རེད། འུ་ཚོས་རང་ངོ་བོར་ཟིན་པའི་རང་བཙན་ཞིག་བདམས་རྒྱུ་ཡིན་ནམ། ཡང་ན་རང་ངོ་མ་བོར་བའི་རང་སྐྱོང་ཞིག་འདོད་རྒྱུ་ཡིན། འདི་ནི་དབུ་མ་དང་རང་བཙན་བར་གྱི་འདེམས་ཀ་དེ་རེད། མ་གཞི་རང་ངོ་བོར་ཟིན་པའི་རང་བཙན་དེ་ཡང་ང་ཚོར་འཐོབ་ངེས་ཡིན་པའི་གདེངས་ཚོད་སུ་ལའང་ཡོད་པ་མ་རེད།
༣ ང་དགུ་ལོར་ང་ཚོས་བོད་རང་བཙན་ཤོར་ཟེར་བ་དེའི་ཁོངས་སུ་ཨ་མདོ་ཡོངས་རྫོགས་དང་ཁམས་ཀྱི་ཕྱེད་ཀ་དེ་ཚུད་ཡོད་པ་མ་རེད། ཨ་མདོ་དང་ཁམས་ཀྱི་ཕྱེད་ཀ་སྔོན་མ་ནས་རྒྱ་ལག་ཏུ་ཤོར་ཟིན་པ་དང་། ༧གོང་ས་བཅུ་གསུམ་པས་བོད་རང་བཙན་ཁྱབ་བསྒྲགས་གནངས་ཟེར་བ་དེའི་ཁོངས་སུ་ཡང་འབྲུ་ཆུ་ཡར་རྒྱབ་ཀྱི་བོད་པ་དེ་མ་གཏོགས་ཚུད་ཡོད་པ་མ་རེད། འདི་དག་ནི་ལོ་རྒྱུས་དངོས་ཡིན་པ་དེ་ངས་བཤད་གི་ཡོད་པ་མ་གཏོགས། ཁ་ཤས་ཀྱིས་ཁོས་རྒྱ་མིའི་ཕྱོགས་བཤད་གི་འདུག་མི་ཟེར་བའི་ངེས་པའང་མེད་མོད། ལོ་རྒྱུས་ནི་བྱུང་རབས་ལྟར་བཤད་དགོས་པ་ལས་དེ་རང་ཉིད་ཀྱི་ཁེ་ཕན་དང་བསྟུན་ནས་བཟོ་བཅོས་རྒྱག་ཐབས་ཡོད་པ་མ་རེད། དེར་བརྟེན་ང་དགུ་ལོའི་རང་བཙན་ཤོར་བ་སླར་རྩོད་གི་ཡིན་ན་དེ་ནི་འབྲུ་ཆུ་ཡར་རྒྱབ་ཀྱི་བོད་ས་དེ་ཡིན་ལ། ས་ཁོངས་ཀྱི་ཆ་ནས་བོད་ས་ཡོངས་རྫོགས་ཀྱི་གསུམ་ཆའི་གཅིག་ལྷག་དང་། མི་གྲངས་ཀྱི་ཆ་ནས་ས་ཡ་གཉིས་ལྷག་ཡོད་པའི་བོད་དེ་རེད། དེར་བརྟེན་བོད་མི་ས་ཡ་གཉིས་ཙམ་གྱི་རང་བཙན་ཆེད་དུ་བོད་མི་ས་ཡ་བཞི་ཙམ་ཞིག་རྒྱ་མིའི་བཙན་གནོན་འོག་ནས་འཇོག་རྒྱུ་དེ་ཁོང་གིས་བཟོད་པ་མི་འདུག་ཅེས་༧གོས་ས་མཆོག་གིས་བཀའ་སློབ་གནངས་མྱོང་བ་ལྟར་རེད། གང་ལྟར་མདོར་བསྡུས་ཤིག་གིས་དབུ་མའི་ལམ་གྱི་སྒྲུབ་བྱེད་ཟེར་ན་དགོས་པ་རྒྱུ་མཚན་བཀོད་ན་དེ་འདྲ་ཞིག་རེད། གལ་ཏེ་ཆུ་ཚོད་ཀྱིས་ང་ལ་གོ་སྐབས་འདྲ་སྤྲད་ན་འདི་ལས་ཞིབ་ཙམ་ཞིག་འབྲི་འདུན་ཡོད། ཐུགས་རྗེ་ཆེ།
པཀྵི་བྱོན་པ་ལེགས། དབུ་མའི་ལམ་གྱི་དགོས་པ་རྒྱུ་མཚན་བྲིས་འདུག ཆེས་ཡིད་དུ་འོང་བའི་རང་བྱུང་གི་སྣོད་བཅུད་ཀྱིས་འགྲོ་བ་མི་རྣམས་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་འབྲེལ་ཐག་གིས་བཅིངས་ཡོད་པས་དགོས་པ་རྒྱུ་མཚན་དེ་ཆད་པ་མ་གཏོགས་པ། ལན་ཞལ་གསལ་ཞིག་གནང་བས་སྤྲོ། ཁྱེད་ཀྱིས་རང་བཙན་གྱི་སྒྲུབ་བྱེད་དུ་མི་བསྟུན་པའི་བདེན་པ་བསྲུང་མཁན་དགོས་ངེས་ཞུས་འདུག བསྟུན་པའི་བདེན་པ་བདར་མཁན་གྱིས་སྐྱེས་བུ་དེའི་འཛམ་གླིང་གཅིག་དང་མཉམ་འདུ་སྤྱི་ཚོགས་ཀྱི་ནང་དུ་གཤོག་པ་གཉིས་ལྡན་ནམ་ཡང་ན་དུས་རབས་ཉེར་གཅིག་པའི་འགྲོ་འོང་དང་མཐུན་པའི་རིགས་གཅིག་རྐང་འཛིན་སོགས་ཀྱིས་གོམ་པའི་འདེག་འཇོག་སྐོར་ཡང་ཞུ་དགོས་ཐུག་གི་རེད། འདི་དག་ནི་སྤྱི་ཚོགས་ཡོངས་ཀྱི་ཕྱི་བཤོལ་མེད་པ་ཉག་གཅིག་རེད། བདག་གི་དྲི་བ་ནི་དབུ་མའི་ལམ་གྱི་སྒྲུབ་བྱེད་དམ་ལས་འགུལ་སྐོར་ལ་སྐྱེས་བུ་སྒེར་གྱི་ལྟ་ཚུལ་ཅིག་དྲིས་པ་ཡིན།
རང་བཙན་བརྩད་་ན་ལེན་སྟངས་མི་ཤེས། དབུ་མའི་རང་སྐྱོང་བརྩད་ན་བསྟེར་སྟངས་ཀྱང་མི་ཤེས། གང་ལྟར་འཐབ་ལམ་འདི་གཉིས་ཀྱི་འབྲས་བུ་མངོན་འགྱུར་མེད་པར་ལྐོགས་གྱུར་ལ་གནས་པ་འདྲ་མཚུངས་འདྲ་ཞིག་རེད། འོན་ཀྱང་བོད་དང་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་འཐོབ་ཐང་དང་བསྟུན་མཁས་དང་གུ་ཡངས་ཀྱི་སྒོ་ནས་བོད་ཀྱི་བསྟན་སྲིད་མུག་ཤི་ཐེབས་གྲབས་ལས་མྱུར་སྐྱོབས་ཀྱི་ཐབས་ལམ་འདི་གཉིས་ཀ་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་བྱེད་ཀྱི་ཡོད་ན་མེད་དུ་མི་རུང་བ་ཞིག་རེད། ད་དུང་རང་ཐག་རང་གཅོད་ཀྱི་འཐབ་ལམ་དེ་ཡང་དགོས་ངེས་ཞིག་རེད།
འོན་ཀྱང་རྩོམ་པ་པོས་རང་བཙན་ཇི་ལྟར་ལེན་རྒྱུ་ཡིན་ནམ། ཞེས་པའི་དྲི་བ་ཚ་པོ་དེར་ལན་མ་བཏབ་གོང་བསྟུན་མཁས་དང་གུ་ཡངས་ཀྱིས་དབུ་མའི་རང་སྐྱོང་ཇི་ལྟར་ལེན་རྒྱུ་ཡིན་ནམ། ཞེས་པའི་དྲི་བ་ཚ་པོ་ཞིག་འབུལ་རྒྱུ་ཡིན། རྒྱ་ཅོག་གཅིག་གི་སྟེང་དུ་ལྷན་འཛོམས་ཀྱིས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར་ན་ནི་མ་ངེས་ཏེས། བོད་རྒྱ་འབྲེལ་མོལ་ཇི་ལྟར་འགག་སོང་བ་རེད། མ་ཟད་ལན་དགུ་ཆད་མཐུད་ཀྱིས་འབྲེལ་ལམ་ལས་གསལ་པོ་འགྲེལ་བརྗོད་ཟིན་པ་རེད་ལ། ད་ཆ་སྒོ་ཕར་ག་ཚོད་བརྡུང་ཀྱང་ཨ་ལན་མི་བསྟེར་བ་དེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། མ་གཞི་ཏང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་ཟེར་བ་མ་གཏོག་བོད་ཀྱི་གནད་དོན་ཟེར་བ་ཞིག་གླེང་་གི་ཡོོད་དམ་མེད། ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཀྱིལ་འཁོར་ནང་གི་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་ཀྱི་སྲིད་ཇུས་དང་མི་རིགས་ཀྱི་ཐོབ་ཐང་ཟེར་བ་དེ་ཚོ་དོན་གྱིས་སྟོང་བ་རེད་ཡང་ན་དོན་གྱིས་གྲུབ་ཡོད་པ་རེད། གནད་འགག་འདི་ལ་འཐུག་བསྡད་ཡོད་པ་རེད།
པཀྵི་ལགས་བཀྲིས་བདེ་ལེགས། ཆབ་སྲིད་དཔྱད་རྩོམ་འདིར་བསམ་བློ་གཏོང་ས་མང་པོ་ཞིག་འདུག་ལ་རང་སྲུང་གཞན་དགག་གི་འདུ་ཤེས་ལས་བྱུང་བའི་བརྗོད་སྟངས་ཡང་མི་ཉུང་བ་ཞིག་མཐོང་། དཔེར་ན། རྒྱ་ཅོག་སྒོར་མོའི་མཐའ་རུ་མཉམ་འཛོམས་ད་བར་ཐེངས་དགུ་གནང་ཕྱོགས་གཉིས་ཀར་བསམ་བློ་གཏོང་ས་ཡོད་པའི་དབུ་མའི་ལམ་ཐོག་ནས་གྲོས་མོལ་བྱས་ཡོད། འོན་ཀྱང་དེའི་འབྲས་བུ་ནི་སྤྱི་ལོ་༢༠༠༨ ལོར་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་རེད། ལོའི་དེའི་ཟླ་ ༡༡ ་ནངཉིན་པེ་ཅིན་ཏུ་བོད་རྒྱའི་འབྲེལ་མོལ་སྐོར་ལ་སྔར་བྱུང་མ་མྱོང་གསར་འགོད་ལྷན་ཚོགས་བསྡུས་ཏེ། ང་ཚོས་ཏ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཆེད་གྲོས་མོལ་བྱས་པ་ལས་བོད་དོན་ཟེར་བ་ཞིག་ལ་གྲོས་མོལ་ནམ་ཡང་བྱས་མེད། ༡༩༨༠ནང་དུ་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་བོད་ས་ཡོངས་ལ་ཆེས་མཐོའི་རང་སྐྱོང་ཟེར་བ་ཡོང་ཐབས་མེད་པ་གསལ་བོར་བཤད་ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་བརྗོད་ནས་བོད་ཀྱི་གནད་དོན་ཟེར་བ་མེད་ཚུལ་བརྗོད་ཡོད།
དེ་བཞིན་ ༢༠༠༩ ལོའི་ཟླ་ ༦ ཚེས་༢༩ ཉིན་བོད་ལྗོངས་ཉིན་རེ་ཚགས་པར་ཐོག ཀྲུང་གོ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་གསར་འགོད་པའི་མཇལ་འཕྲད་ཚོགས་འདུ་ཞིག་གི་སྟེང་པེ་ཅིང་གིས་དང་ལེན་བྱེད་དཀའ་བའི་དྲན་ཐོ་ཞིག ན་ནིང་གྲོས་མོལ་བྱེད་དུས། ཡུལ་གྱར་སྲིད་གཞུང་གིས་ཀྲུང་དབྱང་སྲིད་གཞུང་ལ་༼བོད་མི་ཡོངས་ཀྱི་རང་སྐྱོང་གཙང་མ་བྱེད་པའི་དྲན་ཐོ༽ཞིག་སྤྲད་མྱོང་བ་དེར་ཁ་བྲལ་གྱི་འདོད་བློ་མངོན་པར་གསལ་སྟབས། པེ་ཅིང་ཕྱོགས་ཀྱིས་ཁ་ཡ་གཏན་ནས་མ་བྱས། ཀྲུང་དབྱང་སྲིད་གཞུང་ལ་ཆ་མཚོན་ནས་བཤད་ན། ཁ་བྲལ་ཐད་ནས་གྲོས་མོལ་བྱེད་ས་གཅིག་ཀྱང་མེད། ཀྲུང་དབྱང་སྲིད་གཞུང་གིས་རྣམ་འགྱུར་གསལ་བོར་བསྟན་རྗེས། ཏཱ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་དྲན་ཐོ་དེ་གྲོས་མོལ་གྱི་རྨང་གཞིར་བཟུང་ཡོད་པ་རེད། དེ་ནི་དྲང་སེམས་ཏིལ་འབྲུ་ཙམ་ཡང་མེད་པའི་མཚོན་རྟགས་ཤིག་རེད།་གལ་ཏེ་ཏཱ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་དྲན་ཐོའི་ནང་དོན་ལ་འཕྲི་སྣོན་གང་རུང་བྱས་ཏེ་ལམ་ཞིག་འཚོལ་འདོད་ཡོད་ཚེ། དེ་ལ་འབྲས་བུ་གང་ཡང་སྨིན་མི་སྲིད་། ཅེས་བསྒྲགས་ནས་རྒྱ་བོད་གྲོས་མོལ་མཇུག་བསྡུས་བ་རེད། དེས་ན་ཇི་སྲིད་རྒྱ་མིའི་མཁྲེགས་འཛིན་གྱི་སྲིད་ཇུས་དེ་མ་དོར་པ་དེ་སྲིད་དུ་ང་ཚོར་དབུ་མའི་ལམ་ལ་གོ་སྐབས་གཏན་ནས་མེད་པ་གསལ་ལེར་ཤར་བ་མ་ཡིན་ནམ།། །།