རྔ་བ་ཀུན་བཟང་སྒྲོལ་མ།
རྨི་ལམ་ཞིག་གི་ཕ་རོལ་ནས་
ཡོད་ཚད་འཁྲེང་ཞེན་སྐྱུར་མོ་ཞིག་དང་
དྲན་གདུང་གིས་བསླུས་པའི་སེམས་པ་དམར་པོ
ཁ་དོག་མེད་པའི་རྨི་ལམ་བཞིན་
འདི་ལྟར་ གོ་མེད་ཐོས་མེད་ཀྱིས་
ཞེན་ཆགས་ལྕི་མོ་ཞིག་ཕྲག་ཏུ་ལྷུང་
མདང་དགོང་ རྨི་ལམ་ཧ་ཅང་མང་བས་
རྨི་ལམ་ཞིག་གི་ཕ་རོལ་ནས་
རྨི་ལམ་མ་ཡིན་པའི་རྨི་ལམ་ཞིག་དང་
ཕྱིར་དྲན་ཆེ་བའི་ན་ཟུག་ཅིག་
རྟག་ཏུ་ བདག་གི་སྙིང་ཁར་ལྷོད་ཀྱིས་བབས་པས་
ངས་ཁ་སང་གི་རྨི་ལམ་དེ་རིང་གི་རྟོགས་འཁྲུལ་ཞིག་ཡིན་པ་གཞི་ནས་རྙེད་
རྨི་ལམ་དེ་ཁ་བ་བཞིན་བདག་གི་བྲང་གཞུང་ན་
གྲང་ཤུར་ཤུར་གྱིས་འབབ་པའི་དེ་རིང་
ཡོད་ཚད་ལ་ཕྱིར་མིག་རེ་འཁྲེང་དུས་
ད་གཟོད་ བདག་གི་རྨི་ལམ་ཞིག་གིས་
འཇིག་རྟེན་གྱི་ཁ་དོག་བསྒྱུར་ཟིན་པས་
ངའི་ཁ་བ་མེད་པའི་རི་ལུང་ཞིག་ནས་
ཁྱོད་ཀྱི་བྲང་གཞུང་ན་བཞུར་བཞིན་པའི་
སྙིང་གསོན་པོ་ཞིག་འཚོལ་ན་འདོད་ཨང་
༢༠༡༣ ༣ ༡༣ ཉིན་བྲིས།