མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པ།(UNESCO) Posted on 2013-03-262013-03-26 By ཁ་བརྡ་ No Comments on མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པ།(UNESCO) ཐེ་བོ་སངས་རྒྱས། ཚོགས་པ་འདི་རྒྱལ་ཚོགས་ཀྱི་ཆེད་ལས་སྡེ་ཚན་ཞིག་སྟེ། དེའི་དགོས་དམིགས་ནི་ཚན་རིག་དང་རིག་གཞུང་གི་སློབ་གསོའི་ལམ་ནས་རྒྱལ་སྤྱིའི་མཉམ་རུབ་ཀྱི་ནུས་པ་གོང་སྤེལ་གྱིས་ཞི་བདེ་དང་བདེ་འཇགས་ཡོང་ཐབས་བྱ་རྒྱུ་མ་ཟད། ས་སྒང་རིལ་བོར་དྲང་བདེན་དང་། ཁྲིམས་ལུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་བསྒྲགས་བཅའ་ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་ཁག་བརྒྱུད་ནས་གཞི་རྩའི་རང་དབང་བཅས་བརྩི་སྲུང་ཐད་སྐུལ་འདེད་གཏོང་རྒྱུ་དང་། དེ་ལ་ནང་གསེས་སྡེ་ཚན་མ་འདྲ་བ་བརྒྱད་ཡོད་པ་ལས་ཕལ་ཆེ་བ་ཆེད་ལས་ལས་ཁུངས་ཡིན། དེ་དག་མ་མཐའ་ཡང་རྒྱལ་ཁབ་གསུམ་རེའི་ནང་བཙུགས་ཡོད་པར་མ་ཚད་དབུས་དང་ས་གནས་ཀྱི་རིམ་པའང་ཡོད། ཚོགས་པ་འདིས་དམིགས་འབེན་ལས་གཞི་གལ་ཆེན་ལྔ་སྟེ། སློབ་གསོ་དང་། རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག མྱི་དཔྱད་ཚན་རིག ལེགས་བྱང་བཅས་ཀྱི་ཐད་འཆར་འགོད་དང་། འབྲེལ་ལམ། བརྡ་ཁྱབ་སོགས་ཀྱི་ཐད་འགྲོ་གྲོན་དང་ནུས་ཤུགས་འདོན་གྱི་ཡོད་ལ། འཕྲུལ་འཁོར་རིགས་ཆུ་ཚད་ཡར་རྒྱས་ཆེད་རྐང་འཛིན་དགེ་འོས་ལས་གཞི་དང་། ཤར་ནུབ་ཀྱི་རྒྱལ་ཁབ་སོ་སོས་བཏང་བའི་མཁས་པའི་རྒྱུན་འཛིན་རོགས་སྐྱོབ་གླ་དངུལ་གྱི་དོ་དམ་ཡང་བྱེད། གོ་ལ་ཧྲིལ་བོའི་ཚན་རྩལ་མཐོར་འདེགས་ལས་འཆར་ཁྲོད་མིའི་རིགས་ཀྱི་རིག་གནས་འཕེལ་རིམ་ལོ་རྒྱུས་དང་འབྲེལ་གསར་འགྱུར་བརྒྱུད་ལམ་རང་རྐྱ་ཐུབ་ཅིང་། གསར་འགོད་རང་དབང་ལ་ས་གནས་ཀྱི་འགག་རྒྱ་མི་ཐེབས་ཐབས་དང་། རྒྱལ་སྤྱིའི་གཅིག་ཕན་རོགས་རམ་གྲོས་ཆོད་ལྟར་འཛམ་གླིང་གི་རིག་གནས་དང་རྩོམ་རིགས་སྣ་ཚོགས་ཡིག་བསྒྱུར། དེ་བཞིན་ལོ་རྒྱུས་ལྡན་པའི་གནའ་ཤུལ་རིག་དངོས་སོགས་བརྟན་པོར་ཉར་ཚགས་བྱེད་རྒྱུ། འཛམ་གླིང་རྒྱ་ཁྱབ་ཀྱི་རྩིས་འཁོར་ཁ་གྲམ་པ་སྦྲེལ་ཟམ་དུ་ཚོད་ལྟ་བྱེད་པའང་འདིའི་ཁོངས་གཏོགས་ཡར་རྒྱས་ཚོགས་པའི་ལས་དོན་ཞིག་ཡིན། ཚོགས་པ་འདིའི་ཁོངས་གཏོགས་རྒྱལ་ཁབ་༡༩༥ཡོད་ལ། ཕྱི་ལོ་༢༠༡༡ལོའི་ཟླ་༡༡པའི་ནང་པྰ་ལི་སི་ཐྲིན་ (Palestine) ཡང་འཛུལ་ཞུགས་བྱས་ཡོད། མདོར་ན་ཞི་བདེའི་ཁོར་ཡུག་བསྐྲུན་ཞིང་ཚན་རིག་དང་རིག་གནས་སློབ་གསོ་བརྒྱུད་ནས་མིའི་རིགས་རྣམས་རང་རྐང་ཐོག་ལངས་ཏེ། དབུལ་ཕོངས་ལས་ཐར་ཐབས་ཀྱི་རིག་པར་བགྲོ་གླེང་དང་། འབྲེལ་ལམ། བརྡ་ཁྱབ་སོགས་དོ་གལ་ཆེ་བའི་ལས་དོན་སྒྲུབ་སྟེ། མིའི་རིགས་ཀྱི་སློབ་གསོའི་རྒྱུ་སྤུས་དང་བཟང་སྤྱོད་བསྐྱེད་བསྲིང་གི་འགྲན་རྩོད་ལ་ཞུགས་ནས་འབྱུང་འགྱུར་ལོ་ངོ་ཆིག་སྟོང་གི་ཕུགས་བསམ་ཞི་བདེ་དང་ཤེས་རིག་ལྡན་པའི་འཛམ་གླིང་ཞིག་འཛུགས་བསྐྲུན་བྱ་རྒྱུའོ། ། སྣ་ཚོགས།