“རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་” སྐོར་བོད་མཁས་པའི་བགྲོ་གླེང་ཚོགས་འདུ།
བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཟླ་འདིའི་ཚེས་༢༩-༣༠ ཉིན་གཉིས་རིང་”རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་”སྐོར་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་དྷརྨ་ཤཱ་ལར་སྐོང་ཚོགས་གནང་གཏན་འཁེལ་ཡོད།
བགྲོ་གླེང་ཚོགས་འདུ་འདིའི་ནང་རྒྱ་གར་དང་ཕྱི་རྒྱལ་ནས་ཕེབས་པའི་བོད་མི་རྩོམ་པ་པོ་སོགས་ཤེས་ཡོན་ཅན་ཞལ་གྲངས་༡༢ ནས་གསུངས་བཤད་གནང་རྒྱུ་དང་། བགྲོ་གླེང་ཚོགས་འདུའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བ་དང་། དྷརྨ་ཤཱ་ལར་རྟེན་གཞི་བྱེད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་མི་གྲངས་༧༠ ལྷག་ནས་ཚོགས་ཞུགས་གནང་རྒྱུ་རེད
དཔལ་ལྡན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་ནས་བགྲོ་གླེང་ཚོགས་འདུ་འདིའི་དབུ་འབྱེད་མཛད་སྒོར་ཕེབས་ཏེ་གསུངས་བཤད་གནང་རྒྱུ།
བགྲོ་གླེང་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་དམར་གྱིས་བཙན་དབང་བྱས་པའི་ད་ལྟའི་བོད་ནང་བོད་རིགས་སྤུན་ཟླ་མང་པོ་འུ་ཐུག་ཐབས་ཟད་ཀྱིས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་རྒྱབ་ལྗོངས་ལ་བལྟ་ཞིབ། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་ལས་བོད་མི་རྣམས་སྐྱོབ་ཐབས་ཇི་དགེའི་སྐོར་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་གསར་པ་མཉམ་འབྲེལ་ལམ་བཅས་སྐོར་བོད་མི་ཤེས་ཡོན་ཅན་གྱི་བསམ་ཚུལ་གླེང་སའི་གླེང་སྟེགས་སྐྲུན་རྒྱུ་ཆེད་ཡིན། བོད་དང་བོད་མིར་འབྲེལ་བའི་གནས་ཚུལ་མཐའ་དག་དངོས་ཐོག་བདེན་འཚོལ་ལམ་ནས་ཤེས་ཐབས་ཀྱིས་དངོས་བདེན་གནས་ཚུལ་གྱི་ཤེས་རྟོགས་སྤེལ་རྒྱུ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འགན་ཡིན།
འབྲེལ་མཐུད་པ།
དོན་གྲུབ་རྒྱལ་པོ།
༩༨༠༥༧༨༨༡༧༥