བཀྲ་ཤིས་དོན་འགྲུབ།
མཐོན་པོའི་རི་རྩེ་ནམ་མཁའི་མཐོངས་ལ་ཟུག།
ནྭགས་རྫོང་སྟུགས་པོ་གཡག་གི་སྤུ་ལྟར་འཛིངས།།
རང་བྱུང་མ་མས་གནང་བའི་ལེགས་སྐྱེས་འདི།།
འབྲུག་གི་རྒྱལ་ཁམས་བསྐོར་བའི་མཐོང་ཐོས་ཡིན།།
སྤྲིན་པ་དཀར་པོ་གངས་རིའི་མགུལ་ལ་འཁྱུད།།
གྲོང་ཚོ་ཐར་ཐོར་སྨུག་པའི་ཀློང་དུ་འཐུམས།།
སྲིད་པ་འུར་གྱིས་ཁེང་པའི་ནད་ཡམས་ཁྲོད།།
འབྲུག་གི་རྒྱལ་ཁམས་ཞི་བའི་ངལ་སྟེགས་ཉིད།།
ཞབས་མཐིལ་མཐོང་ཐབས་བྲལ་བའི་བྲག་ལྡེབས་ནས།།
སྐྲ་ཡི་ཉག་མ་ལྟ་བུའི་བྲག་ལམ་སྟེང་།།
གནས་མཇལ་ལན་གཅིག་བསྐྱོད་པའི་ཉམས་མྱོང་འདི།།
དམྱལ་བའི་འཕྲང་ལམ་འགྲིམས་པའི་ཚོར་སྣང་ཡིན།།
ཤེལ་གྱི་ངོས་ལྟར་འཇམ་པའི་བྲག་ལོགས་ནས།།
རྦབ་ཆུ་བསིལ་མ་ཆིལ་ཆིལ་བཞུར་ཚུལ་འདི།།
ལོ་མང་དྲན་པའི་སྦུབས་སུ་རྒྱས་བཏབ་པའི།།
རྫ་ཆུ་སྔོན་མོའི་དྲོ་བ་མྱོང་ཚུལ་ཡིན།།
མ་གཅིག་ལབ་སྒྲོན་ཞུ་བའི་མཛེས་མ་དེས།།
གཅོད་ཀྱི་སྒྲུབ་པ་རྒྱག་སའི་བྲག་ཕུག་འདིས།།
དོན་མེད་ས་མཐར་གྱར་བའི་དིང་རི་བའི།།
སེམས་པ་སྐྱ་བོ་གདུང་བས་མནར་ནས་ཡོད།།
ཐང་སྟོང་རྒྱལ་པོའི་རྔུལ་ཆུའི་རིན་དོད་དེ།།
ལྕགས་ཟམ་གོག་པོ་རྒས་པའི་མྱ་ངན་འདིས།།
མེས་པོའི་འཇིག་རྟེན་དྲན་བཞིན་དྲན་བཞིན་དུ།།
ང་ཡི་སེམས་པ་གནའ་བོའི་ཡུལ་དུ་དྲངས།།
ཁ་བའི་ལྗོངས་ནས་ས་མཐར་གྱར་ཟིན་པའི།།
ཁ་བ་དཀར་པོས་དོར་བའི་མི་རྐྱང་ངས།།
ཁ་བ་བརྗེད་དུ་ཐལ་བའི་དུས་ཚིགས་སུ།།
ཁ་བའི་རེག་བྱ་འབྲུག་གི་ཡུལ་ནས་རྙེད།།
གཡག་ཤ་ཤེད་ཧ་ཅང་ངན་པའི་སྐབས་ཀྱི་ཁུལ་ལུ་འདྲ་ཅུང་མི་ཤེས་མ་གཏོགས་གཡག་གི་སྤུ་ནི་འཛིངས་པ་མིན་ལ་གཡག་གི་སྤུ་ཟེར་བ་ལས་ཀྱང་གཡག་གི་རྩིད་བུ་ཟེར་ན་དོན་ལ་གནས།
བཀླགས།
འབྲུག་ཡལ་ལ་གནས་བསྐོར་ཕྱིན་ཀྱང་འབྲུག་གི་ཐུན་མོང་མ་ཡིན་པའི་རྟགས་མཚན་དེ་རིགས་མཇལ་མེད་པ་འདྲ།
གཡག་གི་རྩིད་བུ་མ་རེད་་་་་གཡག་གི་རྩིད་པ་རེད། ཡང་མིན་ན་གཡག་གི་རྩིད་པའི་བུ་དང་བུ་མོ་འདྲ་ཡོད་ན་ཅང་མི་ཤེས།
ཤིང་གི་ཕོ་མཚན་ཁྱིམ་རེའི་གདོང་ན་དཔྱང་། །
ཁྱིམ་རེའི་ནང་ན་སྨན་རེའི་དགོད་ཆུང་རེ། །
འདོད་ལྡན་ང་འདྲར་མཚོན་ན་འབྲུག་ཡུལ་ནི། །
ཉ་མོ་མིག་གི་དྭངས་གསལ་རྫིང་བུ་བཞིན།།
གཡག་གི་རྩིད་པ་འདྲ་དག་ཁྱེད་རང་གི་ཁ་ལ་འོ་དྲི་ཐུལ་དུས་ནས་ངས་ཤེས་ཀྱི་ཡོད་དེ། རྩིད་པ་ཡིན་ན་སྤུ་མ་ཡིན་པའི་ཁྱབ་པ་མེད་པ་དང་། སྐབས་ཐོབ་ཀྱི་ཚིག་གི་སྦྱོར་བ་ལ་བསྟུན་དགོས་པ་སོགས། རིགས་ལམ་དང་རྩོམ་འབྲི་གཉིས་ཀ་མི་ཤེས་མཁན་ཚོའི་སྤྱོད་ཡུལ་ཡིན་པར་ཡིད་ཆེས་བྱེད་ཀྱི་མེད།