ཀླུ་སྨྱོན་ཧེ་རུ་ཀ
དང་པོ།
མདང་དགོང་མཚན་མོའི་རྨི་ལམ་ནང་དུ།།
བར་དོ་ལྟ་བུའི་འཕྲང་རིང་འགྲིམས་རྗེས།།
རྦ་རླབས་རྩེ་རུ་ཉི་འོད་འཚེར་བའི།།
མཚོ་ཆེན་ཞིག་གི་འགྲམ་དུ་བསླེབས་སོང་།།
མཚོ་ནང་ཟུག་པའི་རྡོ་ཐེམ་སྟེང་དུ།།
ལུས་ཡོངས་སྡོམ་གྱི་དྲ་རྒྱས་སྦྲེལ་ཅིང་།།
སྐྲ་ལོ་རིང་པོས་བྱེ་ཐང་ཁེབས་པའི།།
མི་རྒན་ཞིག་གི་གཏམ་རྒྱུད་ཉན་ཡིན།།
ལོ་ངོ་སྟོང་དང་ལྔ་བརྒྱའི་གོང་དུ།།
མཚོ་འདིའི་ཤུལ་དུ་གྲོང་ཁྱེར་ཆགས་ཤིང་།།
ཇ་ཁང་ཆང་ཁང་མགྲོན་ཁང་མ་ལུས།།
སྙན་ངག་མཁན་ཚོས་བདག་གིར་བཟུང་ཡོད།།
དགའ་བའི་དུས་སུ་དགོད་སྒྲ་སྙན་ངག།
སྐྱོ་བའི་ཚེ་ན་མཆི་མ་སྙན་ངག།
དགའ་སྐྱོ་བར་མའི་ཚོར་བ་སྙན་ངག།
གནས་འདིའི་མཁའ་དབུགས་ཀྱང་ནི་སྙན་ངག།
སྙན་ངག་ལྗོན་ཤིང་བཞིན་དུ་སྐྱེས་ཤིང་།།
སྙན་ངག་མེ་ཏོག་ཇི་བཞིན་བཞད་དེ།།
སྙན་ངག་དྲི་ཞིམ་བཞིན་དུ་འཐུལ་བའི།།
སྙན་ངག་པ་ཡི་དག་ཞིང་གྲུབ་ཡོད།།
སྐྱེ་བོ་ཀུན་གྱི་སེམས་ཀྱི་གཤིས་ལུགས།།
ཆུ་ཤེལ་བཞིན་དུ་དྭངས་ཤིང་གཙང་ལ།།
ཕན་ཚུན་སྙན་པའི་ངག་གི་མེ་ཏོག།
དུས་དང་དུས་སུ་འབུལ་བའི་སྲོལ་ཡོད།།
རི་བོ་དག་ནི་གངས་བྲག་རྫ་གསུམ།།
སྐྱེ་དངོས་དག་ནི་སྨན་གྱི་འཁྲི་ཤིང་།།
བྱ་བྱེའུ་འབའ་འབུ་སྲོག་ཆགས་ཀུན་ཀྱང་།།
རང་བྱུང་ལོ་འབྲས་དག་གིས་འཚོ་འོ།།
དུས་བཞིའི་དྲོ་གྲང་ཧ་ཅང་སྙོམས་ཤིང་།།
མ་ཚང་མེད་པའི་ལོ་ཏོག་སྨིན་ཏེ།།
སྐྱེ་བོ་ཐམས་ཅད་འདོད་པའི་དཔལ་གྱིས།།
ཉིན་མཚན་ཀུན་ཏུ་བཟི་བར་གྱུར་ཏོོ།།
གྲོང་ཁྱེར་ཆེན་མོའི་ཟང་ཟིང་མེད་པར།།
ཁུ་སིམ་གྲོང་དང་གྲོང་བརྡལ་དག་ཏུ།།
རྐང་ལམ་གཡས་གཡོན་མེ་ཏོག་སྣ་བརྒྱའི།།
དྲི་ཞིམ་དུས་ཚོད་ཉེར་བཞིར་འཐུལ་ལོ།།
བདག་གི་ན་ཚོད་ཆུང་ངུའི་དུས་ནས།།
སྙན་ངག་རྩོམ་པའི་ལས་ལ་གཞོལ་བས།།
ཕོ་ལོ་ཉེར་གསུམ་དུས་སུ་བསླེབས་དུས།།
སྙན་པའི་གྲགས་པ་འབར་བར་གྱུར་ཏོ།།
གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་དག།
བདག་ལ་སྙན་ངག་མིན་པ་མེད་ཅིང་།།
དགའ་སྐྱོ་བར་མའི་ཚོར་བ་ཡོད་ཚད།།
བདག་གི་སྙན་ངག་སྐུད་པར་བརྒྱུས་ཡོད།།
དེ་དུས་མཚོ་བྱུང་དབྱངས་ཅན་ལྷ་མོ།།
ད་ལྟ་བཞིན་དུ་རྒྱང་ན་མེད་པར།།
ཉིན་རེ་བཞིན་དུ་པི་ཝང་བསྣམས་ཏེ།།
གྲོང་གི་བཞི་མདོར་གླུ་དབྱངས་ལེན་ནོ།།
ཇ་ཁང་ཆང་ཁང་མགྲོན་ཁང་སོགས་ཀྱི།།
རྩིགས་ལྡེབས་མ་ལུས་སྙན་ངག་བྲིས་ཤིང་།།
ཆུ་ཚོད་ཉེར་བཞིར་བརྙན་འཕྲིན་དག་ལས།།
བདག་གི་སྙན་ངག་གྱེར་འདོན་བྱེད་དོ།།
བཞི་མདོ་མཚོ་འགྲམ་རི་བོའི་རྩེ་རུ།།
བདག་གིས་སྙན་ངག་འབྲི་ཀློག་བྱེད་དུས།།
ཤེས་རབ་ལྡན་པའི་སྐྱེ་བོ་དུ་མ།།
བདག་གི་དྲུང་དུ་འདུ་བ་ཉིད་དོོ།།
བདག་གི་ལུས་ཀྱི་ཕྲ་ཕུང་རེ་རེ།།
སྙན་པའི་ངག་གི་འོད་ཕུང་རེ་རེ།།
བདག་གི་དབུགས་ཀྱི་འབྱིན་རྔུབས་རེ་རེ།།
སྙན་པའི་ངག་གི་རྦ་རླབས་རེ་རེ།།
ངོ་མ་ཡག་གི་ཐུགས་རྗེ་ཆེ་སོང་།
དགའ་བའི་དུས་སུ་དགོད་སྒྲ་སྙན་ངག།
སྐྱོ་བའི་ཚེ་ན་མཆི་མ་སྙན་ངག།
དགའ་སྐྱོ་བར་མའི་ཚོར་བ་སྙན་ངག།
གནས་འདིའི་མཁའ་དབུགས་ཀྱང་ནི་སྙན་ངག།
༼ཚིག་བཅད་འདི་ཇི་འདྲའི་སྙན་ཨང་།༽
ངེས་པ་དོན་གྱི་སྙན་ངག་པ་ཁྱེད་རང་སྐུ་ཚེ་བརྟན།
དགའ་སྐྱོའི་སྐབས་སུ་སྙན་ངག་ཡོང་ན་ཡང་།
ལེ་ལོའི་སྐབས་ལ་སྙན་ངག་མི་ཡོང་ཅི།
ང་ནི་ལེ་ལོ་ཡ་མེད་ཅིག་ཡིན་པས།
ལེ་ལོའི་སྙན་ངག་ཡོད་ན་རྫོགས་མེད་ཡོད།
ཐོག་མར་འཕྲད་པའི་བུ་མོའི་ཁ་བརྡ་དང་། །
བར་དུ་འགྲོགས་པའི་སེམས་གཏིང་སྐད་ཆ་དང་། །
ཐ་མར་རྒྱོ་བའི་དུས་ཀྱི་ངུ་སྒྲ་སོགས། །
འདྲེ་རྐང་ང་ཡི་རྣ་བར་སྙན་ངག་རེད། །
རེ་བའི་འདུད་སོ་ཐམས་ཅད་ཁྱོད་ལ་གཏད།།
འཇིག་རྟེན་ཡོད་ཚད་ཁྱོད་ཀྱི་རྗེས་སུ་བརྒྱུགས།།
ད་དུང་ཁྱོད་ཀྱི་འདོད་སེམས་རྫོགས་མཐའ་མེད།།
ནམ་ཞིག་ཁྱོད་ཀྱིས་འཇིག་རྟེན་སྟོང་པར་བྱེད།།
ཀླུ་སྨྱོན་རྒན་པོའི་བཤད་ཚད་སྙན་ངག་གོ།
ཀླུ་སྨྱོན་རྒན་པོའི་ལས་ཚད་ཉམས་ལེན་ནོ།།
ཀླུ་སྨྱོན་རྒན་པོའི་དྲན་ཚད་མཇེ་སྟུ་འོ།།
འདི་གསུམ་འཛོམས་པར་ཀླུ་སྨྱོན་ཁོ་ན་འོ།།