སྤོབས་པ་མཐའ་ཡས།
རྒྱ་གར་གྱི་མཐའ་མཚམས་དང་ཁད་ཉེ་བའི་ཟངས་དཀར་ལུང་གཤོང་ནི་ཐལ་རྡུལ་སྐྱ་འཚུབས་འཚུབས་དང་། བྱེ་གསེག་སྔོ་ལང་ལོང་། བྲག་རྡོ་རྩུབ་ཧྲག་གེ་བ་ཞིག་རེད། ལུང་པ་དེར་དབྱར་ཁའི་ཟླ་ཤས་རིང་མ་གཏོགས་ལ་དང་ཉག་ཁ་ཡོད་ཚད་གངས་འཐུག་པོས་བཀབ་ནས་འགྲུལ་འཁོར་རྒྱུ་མི་ཐུབ། གཞུང་གི་ལས་ཀ་བ་དང་། མང་ཚོགས་ཀྱི་མཁོ་ཆས་སྐྱེལ་འདྲེན་ཚང་མ་གནམ་གྲུར་བརྟེན་དགོས། གྲོང་བརྡལ་ལྟེ་བ་དེར་ཚོང་ཁང་ཟས་ཁང་ཁ་ཤས་དང་མགྲོན་ཁང་ཁ་ཤས་ཡོད་པ་ཕལ་མོ་ཆེ་དབྱར་ཁའི་དུས་ཡུན་ཐུང་ངུའི་རིང་མ་གཏོགས་སྒོ་མི་འབྱེད། དབྱར་ཁའི་དུས་ཡུན་ཐུང་ངུ་ཞིག་ལ་ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཡོང་བས་ཡུལ་མི་ཚོ་བྲེལ་བ་ཆེ་བ་དང་། ལས་ཀ་མང་བ། ཡོང་སྒོ་བཟང་པོ་ཡོད་ཟེར། ཡུལ་འདི་ཕྱོགས་ནི་རྒྱ་ནག་གིས་བཟུངས་བའི་བོད་ཀྱི་མཐའ་མཚམས་དང་། པ་ཀི་སི་ཐན་གྱི་མཐའ་མཚམས་ལ་ཁད་ཉེ་བས་མཐའ་སྲུང་དམག་མིའི་འདུ་ལོང་ནི་ནམ་ཡིན་ཡང་བྲེལ་བྲེལ་ཟང་ཟིང་ཞིག་རེད།
ང་ཡུལ་འདིར་སླེབས་པའི་དུས་སུ་དབྱར་མགོ་ཚུགས་ཙམ་ཡིན་སྟབས་ད་དུང་ཡང་ཡུལ་སྐོར་བ་མང་པོ་འབྱོར་གྱིན་མི་འདུག ཟས་ཁང་ནང་དུ་སོང་ནས་རིན་སྤྲད་ན་ཡང་ཟ་མ་བཟང་པོ་ཉོ་རྒྱུ་མེད། སྟབས་བདེ་སྐམ་ཐུག་དང་འབྲས་རྡལ་སྤུས་ཀ་སྡུག་པོ་རེ་ལས་མི་རག དེ་ལས་དགོན་པའི་ཐབ་ཚང་དང་གྲོང་སྡེ་ནང་གི་ཁྱིམ་ཚང་ཞིག་ལ་སོང་ནས་གླེང་མོལ་འདྲ་བྱས་ནས་བསྡད་ན་མར་ཕྱུར་རྩམ་པ་སོགས་ཡུལ་དེ་ནས་ཐོན་པའི་ཟས་གང་བཟང་སྤྲད་ནས་སྣེ་ལེན་བྱེད་ཀྱིན་འདུག ང་ཡུལ་འདིའི་དགོན་པ་ཁ་ཤས་དང་ཁྱིམ་ཚང་ཁ་ཤས་ཀྱི་ནང་དུ་ཕྱིན། ཕྱི་དྲོ་ཞིག་ལ་གྲོང་བརྡལ་ལྟེ་བ་ནས་མར་གོམ་བགྲོད་ཀྱིས་སྐར་མ་བཅུ་ཙམ་ལ་སོང་བས་ཟམ་པ་ཞིག་མཐོང་། ཟམ་པའི་ཕ་རོལ་གྱི་ཐང་སྟེང་དུ་དམག་སྒར་ཞིག་མཐོང་། ང་ག་ལེར་ཟམ་སྟེང་ནས་བསྐྱོད་ཅིང་དམར་སྒར་གྱི་མཐར་སླེབས། དེར་དམག་མི་ཞིག་གིས་ང་མཐོང་བ་དང་ངའི་གདོང་ལ་ཞིབ་ལྟ་ཞིག་བྱས་རྗེས་སུ་བོད་སྐད་ཀྱིས་ཁྱོད་བོད་པ་ཡིན་ནམ་ཟེར། དམག་མི་དེ་བོད་མི་ཞིག་རེད། ངེད་གཉིས་ཀྱིས་གླེང་མོལ་བྱས་རྗེས་སུ་དམག་མི་དེས་ང་དམག་སྒར་གྱི་ཐབ་ཚང་དུ་ཁྲིད། བཟའ་བཏུང་བཟང་པོ་སྤྲད། དམག་མི་ཚོར་རྒྱ་གར་གཞུང་གིས་ཟས་གོས་གནས་མལ་གང་བཟང་སྤྲོད་ཀྱིན་འདུག ཁོའི་རོགས་པ་ཚང་མ་ཚུར་འདུས་ནས་ངེད་ཚོས་གླེང་མོལ་མང་པོ་བྱས། སྐད་རིགས་གཅིག་པའི་མི་མང་པོ་ཞིག་དང་གློ་བུར་དུ་འཕྲད་པ་ནི་ཡ་མཚན་པ་ལ་བདེན་པར་འཛིན་མི་ནུས་པ་ཙམ་བྱུང་།
ང་ཚོས་གླེང་མོལ་བྱས་ནས་ས་རུབ་ལ་མ་རུབ་བར་དུ་བསྡད། དེར་ཡོད་དམག་མི་ཚང་མ་བོད་མི་རེད། ང་ཚོ་ཚང་མ་ཡང་ཕ་ཡུལ་དགྲ་ལག་ལ་ཤོར་བའི་ཡུལ་གྱར་བ་ཤ་སྟག་རེད། མི་གཞན་གྱི་ལག་གཡོག་ཏུ་གྱུར་པའི་གཡོག་པོ་རྐྱང་རྐྱང་རེད། ངེད་ཚོས་གླེང་མོལ་མང་པོ་བྱས་པའི་ནང་ནས་ཕལ་ཆེ་བ་ནི་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པས་བོད་མི་མང་སྡུག་བསྔལ་ཆེ་ཚུལ། མི་ཡུལ་ལུང་པ་རུ་ལས་ཀ་བྱས་ཀྱང་ཐོབ་ཐང་ཆུང་ཚུལ། དཀའ་ལས་བརྒྱབ་ཀྱང་གྲུབ་འབྲས་ཉུང་ཚུལ། དམག་འཐབ་སྔ་རྗེས་སུ་ཉེན་ཁ་ཇི་ལྟར་འགྲིམ་ཚུལ། ཡུལ་ཕྱོགས་འདིའི་ས་བབ་དང་སྡེ་རིས་ཀྱི་ཆགས་ཚུལ་སོགས་གཙོ་བོར་གླེང་། དམག་སྒར་དེའི་དཀྱིལ་ན་རྒྱ་གར་གྱི་དར་ཆ་ཆོས་འཁོར་དང་སེང་གེའི་རི་མོ་ཅན་འཕྱར་འདུག དེའི་ཟུར་ན་ནང་པ་སངས་རྒྱས་པའི་དར་ཆ་ཞིག་ཀྱང་འཕྱར་འདུག
ང་ཚོའི་དགྲ་བོ་རྒྱ་དམར་རེད། ས་ཆ་འདི་ནས་རྒྱ་དམར་གྱི་མཐའ་སྲུང་དམག་སྒར་དང་ཀི་ལོ་མི་ཏྲུར་བརྒྱ་ཕྲག་ཙམ་ལས་མེད། ཡིན་ན་ཡང་དམག་མི་བརྒྱ་ཆ་བརྒྱ་ཐམས་པ་བོད་མི་ཡིན་པའི་དམག་སྒར་འདིས་མེ་སྒྱོགས་ཀྱི་ཁ་དེ་པ་ཀི་སི་ཐན་གྱི་ཕྱོགས་སུ་བསྐོར་འདུག བོད་རིགས་དམག་མི་ཚོས་བཤད་ན་གལ་སྲིད་རྒྱ་གར་གཞུང་གིས་རྒྱ་ནག་དང་ལྷན་དུ་དམག་འཐབ་བྱེད་པའི་གོ་སྐབས་ཤིག་བྱུང་ན་བོད་རིགས་དམག་མི་ཚང་མ་དང་བླངས་དུ་ཐོན་ནས་གཡུལ་ས་མདུན་མར་བསྐྱོད་རྒྱུ་ཡིན་ཚུལ་རྒྱ་གར་གཞུང་ལ་དམ་བཅའ་ཕུལ་ཡོད་ཟེར། ཡིན་ན་ཡང་སྟབས་ཉེས་པ་ཞིག་ལ་ཁོང་ཚོས་སྒུག་བཞིན་པའི་གོ་སྐབས་གསེར་ལྟ་བུ་དེ་ད་དུང་ཁོ་ཚོར་ཐོབ་མྱོང་མི་འདུག
དེར་ངས་བོད་རིགས་དམག་མི་མང་ཤོས་དེ་ཚོ་གང་ན་ཡོད་ཅེས་དྲིས་པར། དམག་མི་ཞིག་གིས་སྤོབས་པ་དང་ལན་འདི་བཏབ་བྱུང་། སྐར་རྒེལ་དང་ཉེ་བའི་ས་ཆ་ག་གེ་མོ་ཞིག་ན་བོད་མིའི་དམག་སྒར་ཆེ་ཤོས་དེ་ཡོད། དེ་ན་དམག་གུར་ཆེ་ཆུང་བརྒྱ་ཕྲག་མང་པོ་ཕིབས་པ་སྐར་ཚོགས་ས་ལ་བབ་པ་བཞིན་ཡོད། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་དར་མང་པོ་མཁའ་དབྱིངས་ན་ལྷབ་ལྷུབ་དུ་གཡོ་བཞིན་ཡོད། མཐོང་སྣང་ལ་གླིང་གེ་སར་རྒྱལ་པོའི་དམག་སྒར་མིན་ནམ་བསམ་པ་ཞིག་ཡོད་ཟེར།
བོད་རིགས་དམག་མི་སུ་ཡིན་ཡང་སེམས་ཀྱི་ནང་ན་རེ་བ་རི་བས་ཆེ་བ་རེ་འདུག དེ་ཡང་ཐོག་མར་སྙིང་སྟོབས་དང་གཏོང་ཕོད་ཅན་གྱི་རྒྱ་གར་མི་མང་གིས་གསོལ་རས་སུ་བསྩལ་བའི་གོ་སྐབས་དེ་ལོངས་སུ་སྤྱད་ནས་ཆེ་བ་དམག་གི་སྒྲིག་འཛུགས་སྐྱོང་སྟངས་ནས་དམག་རྩལ་སྦྱོང་བ་ཡན་ཆོད་ལ་མིག་དཔེར་འོས་པའི་སྦྱོང་བརྡར་བྱས། དེ་ནས་ཕ་ཡུལ་དགྲ་ལག་ནས་ལེན་པ། དེ་ནས་བོད་ལ་ཆབ་སྲིད་རང་དབང་ཉི་མ་ཤར་བའི་ཉིན་ནས་ཕྱིའི་དགྲ་བོར་འགོག་རྒོལ་དང་། ནང་གི་བདེ་འཇགས་ལ་ལྟ་རྟོག མཐའ་མཚམས་ཀྱི་བརྟན་སྲུང་སོགས་རང་མགོ་ཐོན་པ་ཞིག་ཡོང་བའི་སྣེ་ཁྲིད་མཁན་དུ་འགྱུར་བའི་རྨི་ལམ་མི་གཏོང་མཁན་ཞིག་མི་འདུག
སྔོན་དུས་སུ་རྒྱ་གར་གྱི་དམག་དཔུང་གིས་བྷང་ལ་རྡེ་ཤ་ལ་དཔུང་འཇུག་བྱེད་སྐབས་སུ་རྒྱ་གར་གྱི་དབུ་ཁྲིད་ལྷ་ལྕམ་ཨིན་ཏར་གྷན་དེ་ཡིས་འདི་སྐད་དུ། སྐབས་དེར་བྷང་ལ་རྡེ་ཤའི་ནང་དུ་འབྱུང་བཞིན་པའི་ཆག་སྒོ་དེ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ལྟ་བུའི་ཐབས་སྡུག་པོ་ཞིག་རེད་འདུག་པས་སྐབས་འདིར་བྷང་ལ་རྡེ་ཤའི་མི་དམངས་བཅིངས་འགྲོལ་གཏོང་སླད་དུ་བོད་གྱི་དམག་མི་ཚོས་རོགས་རམ་གནང་དགོས། ཞེས་གསུང་འཕྲིན་གནང་མྱོང་འདུག པ་ཀི་སི་ཐན་དང་དམག་འཐབ་སྔ་རྗེས་སུ་བྱུང་བའི་སྐབས་སུ་ཡང་བོད་རིགས་དམག་མི་ཚོས་སྙིང་སྟོབས་ཆེན་པོས་རྒྱ་གར་མི་མང་དང་དཔུང་པ་མཉམ་གཤིབ་དང་། རྡོག་པ་མཉམ་སྤོས་ཀྱིས་པ་ཀི་སི་ཐན་གྱི་བཙན་འཛུལ་ལ་འགོག་རྒོལ་བྱས་པས་རྒྱལ་ཁ་གནད་དུ་ཁེལ་བ་མང་པོ་ལེན་མྱོང་འདུག བོད་ཀྱི་དམག་མི་རྣམས་ནི་རི་མཐོ་ཀླུང་ཟབ་དང་གངས་འཁྱགས་བུ་ཡུག་གིས་ཁྲོད་དུ་འཐབ་གྲོགས་རྒྱ་གར་བ་གཞན་ལས་ཀྱང་རྩལ་སྟོབས་ཆེ་བ་ཙམ་དུ་མ་ཟད་གནད་འགག་ལ་ཐུག་དུས་འཆི་བ་ལ་མི་སྐྲག་པའི་དཔའ་བོའི་གཤིས་རྒྱུད་དེས་འཐབ་གྲོགས་མང་པོར་སེམས་འགུལ་ཐེབས་ཚུལ་འདུག
སྐྱིད་མི་ལ་རེ་ན་ཀྱ་ལེ་ཀྱི་ལེ། འགྲོས་བོང་བུ་ལ་བཅོལ་ན་ལྡམ་མེ་ལྡོམ་མེ། ཞེས་པའི་དཔེ་བཞིན་དུ་རྒྱ་གར་མི་མང་སྙིང་སྟོབས་དང་གཏོང་ཕོད་ག་ཚོད་ཆེ་བ་ལ་མ་ལྟོས་པར་བོད་རིགས་དམག་མི་རྣམས་ཁྲིམས་ཐོག་ནས་རྒྱ་གར་གྱི་མི་ཁོངས་སུ་མི་གཏོགས་པའི་ཆ་ནས་ད་དུང་ཡང་དཀའ་ལས་བརྒྱབ་པའི་ཚོད་ཀྱི་གྲུབ་འབྲས་དང་། བློས་བཏང་བྱས་པའི་ཚོད་ཀྱི་ངོས་འཛིན་མི་ཐོབ་པ་དེ་ཡང་ཁོང་ཚོའི་དཀའ་ངལ་ཞིག་རེད། ཡིན་ན་ཡང་། སྤྱི་ཡོངས་ཀྱི་ཆ་ནས་ཆ་སྙོམས་གླ་ཕོགས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞན་གང་ལས་ཀྱང་རྒྱ་གར་དམག་ཁོངས་སུ་ཞུགས་པ་འདི་གླ་ཆ་ཅུང་བཟང་བས་དམག་མི་འདི་ཚོས་རང་རང་གི་འཚོ་བ་མགོ་འདོན་དང་། རྒས་ཡོལ་གྲ་སྒྲིག ཁྱིམ་ཚང་གི་ཁ་གསོ་བ། བཙན་བྱོལ་བོད་མིའི་ལས་འགུལ་ཁག་ལ་ཞལ་འདེབས་གནང་བ་སོགས་ཀྱི་ཐད་ལ་གང་ཅིའི་ཐད་ནས་ལག་པ་ཡངས་ཙམ་ཡོད་པའི་ཚོགས་སྡེ་ཞིག་རེད། དེ་ལས་ཀྱང་ང་ཚོས་དྲན་དགོས་པ་ཞིག་ནི་རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་བོད་ཀྱི་ཆབ་འབངས་ཚང་མས་གཞུང་ཞབས་ལས་བྱེད་སྤྱི་མཚུངས་བཞིན་བོད་མིའི་སྒྲིག་འཛུགས་ལ་ཡོངས་སྒོའི་ཁྲལ་འབབ་གནང་བཞིན་པ་དེ་རེད། དམག་མི་ནི་གཞུང་ཞབས་ཅེས་བགྲངས་བའི་ལས་བྱེད་ལས་གྲངས་འབོར་ལྡབས་མང་པོས་མཐོ་བས་འདིའི་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་ཆ་ནས་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད། ཡོང་སྒོའི་ཁྲལ་འབབ་ཞིག་བོད་མི་མང་གི་ཆེད་དུ་འཇལ་བཞིན་པ་དེ་ལ་བོད་ཀྱི་དམག་མི་ཚང་མས་རྗེས་སུ་ཡི་རང་ཆེན་པོ་བྱེད་ཀྱིན་འདུག ཕྱིའི་ཡུལ་གཞན་དུ་གྱར་བའི་བོད་རིགས་མང་པོ་ཞིག་གིས་ཡོང་སྒོའི་ཁྲལ་འབབ་ཆ་ཤས་ཙམ་ཡང་བོད་མིའི་སྒྲིག་འཛུགས་ལ་ཕུལ་བའི་གོ་སྐབས་མེད། དེ་ལ་བསམ་ཚེ་དམག་མི་འདི་ཚོས་ཡོང་སྒོའི་ཁྲལ་འབབ་ཞིག་བོད་མི་མང་གི་ཆེད་དུ་གཏོང་ཐུབ་པ་དེ་ཡང་ཁོང་ཚོ་རྒྱ་གར་གྱི་དམག་ཁོངས་སུ་ཞུགས་ནས་བོད་ལ་ཞབས་འདེགས་ཞུ་སྟངས་གཞན་ཞིག་ཡིན་པས་བློ་ཡིད་ཚིམ་འོས་པ་ཞིག་ཀྱང་རེད།
ང་རྒྱ་གར་གྱི་མཐའ་མཚམས་ཡུལ་ལུང་ཁ་ཤས་ལ་གནས་སྐོར་དུ་བསྐྱོད་པའི་དུས་སུ་རིག་གནས། གོམས་སྲོལ། ཆོས་ལུགས། ས་བབ། སྤྱི་ཚོགས་འདྲ་མིན་སོགས་ནམ་ཡང་བརྗེད་དུ་མེད་པ་མང་པོ་ཞིག་བྱུང་བའི་ཁོངས་ནས་བོད་ཀྱི་དམག་སྒར་དུ་སླེབས་པ་དེ་ནི་བག་ཆགས་ཟབ་ཤོས་ཤིག་དང་བསམ་གཞིག་གི་གཞི་རྟེན་ཆེན་པོ་ཞིག་ཏུ་གྱུར་སོང་། བོད་མི་མང་པོ་ཞིག་གིས་རྒྱ་གར་གྱི་དམག་ཁོངས་ན་བོད་ཀྱི་དམག་སྡེ་ཞིག་ཡོད་པ་ཤེས་ཀྱིན་ཡོད་མེད་ཆ་མ་འཚལ་བ་དང་། གལ་སྲིད་ཤེས་ཀྱིན་ཡོད་ན་ཡང་མཐོང་མྱོང་མཁན་དཀོན་པོ་ཡིན་པ། ལྷག་པར་ཡང་བོད་རིགས་དམག་མི་འདི་ཚོའི་དཀའ་ངལ་དང་། ཉེན་ཁ། གནོན་ཤུགས། དེ་ལས་ཀྱང་འདི་ཚོས་རང་རིགས་ཀྱི་སྡེ་ལ་བཅངས་བའི་ཞེན་པ་དང་ཆོད་སེམས་སོགས་ནི་རང་རེ་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཆ་ཤས་བརྗེད་ཐབས་མེད་པ་ཞིག་རེད་འདུག
སྙན་མོ་བྱུང་སོང་། ཁྱེད་ཀྱི་འབྲི་རྩལ་འདིས་མི་ཞིག་གི་མི་ཚེའི་བརྒྱུད་རིམ་ཧྲིལ་བོ་ཞིག་འབྲི་རྒྱུ་ན་བཀྲ་ཤིས་དཔལ་ལྡན་གྱི་ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག་ལྟ་བུ་ཞིག་ཡོང་ཐག་ཆོད་རེད།
བཀླགས།
ཀླུ་སྨྱོན་ལགས། འདི་ཆབ་སྲིད་དང་འབྲེལ་བར་འདུག་པས་ཕར་ཙམ་ཕེབས་རོགས། ཞུ་སྟངས་གཞན་ཞིག་གི་ལམ་ནས་ཞུས་ན། བོད་མིའི་བདེ་ཐབས་ཆབ་སྲིད་དང་འབྲེལ་འདུག་པས་ཁྱོད་རང་ལ་འབྲེལ་བ་མི་འདུག
ཆོས་སྐད་ཀྱི་ངོས་ནས་བཤད་ན་དགེ་རྒན་ཚང་གི་ལས་དཀའ་འཇིག་རྟེན་སྐད་ཀྱི་ངོས་ནས་བཤད་ན་ཤ་འཁོན་རྩོད་པའི་གོ་སྐབས། འདིའི་མཇུག་ཏུ་སྤོབས་མཐའ་ཡས་གནས་དེར་མི་འདུག་དབང་མེད་བྱུང་ཚུལ་ཡང་བྲིས་ཡོད་རྒྱུ་རེད་འདོད། རེད་མི་འདའ་ཆབ་སྲིད་ལ་བདེ་མོ་འཇོག་མཁན་ཚོར་བུན་འདེད་བཏང་བ་རེད་ཤག
འཇིགས་བྲལ་བསྟན་འཛིན་ལགས་ནས་གསུངས་པ་བདེན་པ་རེད།
འདི་ན་བོད་མིའི་སྐྱིད་སྡུག་གླེང་གི་ཡོད་པས་ཀླུ་སྨྱོན་ལགས་འདི་ལ་འབྲེལ་བ་མི་འདུག
འདི་ན་མོ་མཚན་ནམ་སྟུ་དང་ཕོ་མཚན་ནམ་མཇེའི་སྐོར་གླེང་གི་མི་འདུག
ཕར་ཐག་རིང་ཙམ་ཕེབས་ནས་སོ་སོའི་ལྟོ་གོས་འཚོལ་བར་རྒྱུགས།
འདི་ལྟར་དྲན་སྐུལ་རེ་བྱེད་རྒྱུ་གལ་ཆེན་པོ་རེད།
༡༽དོན་དངོས་ཐོག་ཡོང་སྒོ་ཅུང་བཟང་བའམ་སྒོར་མོ་ཁོ་ནའི་ཆེད་དུ་ཕྱི་རྒྱལ་ན་བཞུགས་མཁན་བོད་མི་ཚོས་ཀྱང་། བོད་དམག་འདི་དག་བཞིན་ཡུལ་གྱར་བོད་གཞུང་ལ་ཁྲལ་འབབ་དེ་མ་ཆད་མ་ལྷག་པར་འབུལ་ཐུབ་རྒྱུ་རེ་བ་ཆེན་པོ་ཡོད།
༢༽གོ་ཐོས་ལ། དེ་སྔོན་གསོག་སྒར་སློབ་གྲའི་བུ་སློབ་བརྒྱ་ཆའི་དགུ་བཅུ་བོད་དམག་གི་གྲས་སུ་འཛུལ་རྒྱུའི་རེ་བ་བྱས་བ་རེད་ཟེར། འདི་ཡང་རེ་བ་བྱེད་ཕྱོགས་ཤིག་དང་སེམས་པ་མཚོན་བྱེད་ཞིག་རེད་དེ། ཡིད་སྐྱོ་བ་ཞིག་ལ་ལས་དོན་འདི་ལམ་ལྷོང་བྱུང་མི་འདུག
༣༽སྔོན་ཆད་ཀྱང་། བོད་དམག་ཚོ་བྱས་རྗེས་ཆེན་པོ་རེད་ལ། ད་ལྟ་ཡང་། སེམས་པ་བརྟན་ས་ཞིག་ཏུ་གྱུར་ཡོད། བརྗེད་མི་ཉན།
སྤོབས་པ་མཐའ་ཡས་ལགས་ནས་ཡག་པོ་བྲིས་འདུག སྤོབས་པ་བསྐྱེད་ཡ་རང་རེད་ཤག
ཆབ་སྲིད་དང་མ་འབྲེལ་བའི་མི་ཞིག་བཙལ་ན་མི་བརྙེད། རྒྱལ་པོའི་རྒྱལ་ས་མི་བདེ་ན།།སྤྲང་པོའི་ཉལ་ས་མི་བདེ་ཟེར།།
སྤོབས་པ་མཐའ་ཡས་ཟངས་དཀར་ལ་ཕེབས་པའི་སྤྱི་ལོ་འབྲི་དགོས་པ་ལས་འཛུར་བ་ལ་རྒྱུ་མཚན་ཞིག་ཡོད་ངེས། དིང་སང་ཟངས་དཀར་པས་ཀྱང་རང་ལ་ལ་དྭགས་པ་ཟེར། ལོ་ངོ་གསུམ་བརྒྱ་ཙམ་སྔོན་དུ་ལ་དྭགས་རྒྱལ་པོ་འཇམ་དབྱངས་རྣམ་རྒྱལ་གྱིས་ཟངས་དཀར་ལ་ལ་དྭགས་ཀྱི་དམག་དྲངས་ཏེ། ཟངས་དཀར་ལ་དྭགས་རྒྱལ་པོའི་མངའ་འོག་ཏུ་བསྡུས། དེའི་དུས་འཇམ་དབྱངས་རྣམ་རྒྱལ་གྱིས་བླ་མ་སྟག་ཚང་རིན་པོ་ཆེ་མཇལ་ནས་ལ་དྭགས་ལ་འབྱོན་དགོས། ང་ཡང་འབྲུག་པའི་སྦྱིན་ཡིན་ཞུས། བླ་མས་ད་ལྟ་ང་ཨུརྒྱན་ཡུལ་མཇལ་དུ་འགྲོ་དགོས་ཡོད། དེའི་རྗེས་ལ་དྭགས་ལ་སླེབ་འོང་གསུངས། ལོ་གཅིག་ཙམ་རྗེས་སྟག་ཚང་ལ་དྭགས་ལ་བྱོན་ཀྱང་། འཇམ་དབྱངས་རྣམ་རྒྱལ་མེད་པར་སོང་འདུག དེའི་ལོ་རྒྱུས་དངོས་མ་ངས་ད་བར་ངས་རྟོགས་མ་ཐུབ། སྤོབས་པ་མཐའ་ཡས་ཁྱེད་ཟངས་དཀར་དང་ལ་དྭགས་ལ་ཕེབས་ན། འདི་དང་། ཟངས་དཀར་འཕགས་པ་ཤེས་རབ་ནམ་བྱུང་བ་ཡིན་ནམ། (ཁ་སང་སྟེས་དབང་གིས་གདུགས་དཀར་དང་འབྲེལ་པའི་དཔེ་ཆ་ཆུང་ངུ་ཞིག་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཞེས་པ་བསྟན་འགྱུར་རྒྱུད་འགྲེལ་ན་མཇལ།) ཟངས་དཀར་འཕགས་པ་ཤེས་རབ་དང་ཟངས་དཀར་ལོ་ཙ་ཞེས་པ་དེ་མི་གཅིག་ཡིན་ནམ། སྤོབས་པ་མཐའ་ཡས་ལ་བཀའ་དྲི་ཡོད་པ་ལགས། ཞེས་སོ།།
རྒན་ལ་དྭགས་པས་གསུངས་པ་ལྟར་སྤོབས་པས་ཟངས་དཀར་དུ་ཕེབས་པའི་དུས་མ་བྲིས་པ་ལ་དགོས་པ་ཡོད་ན་དེར་ཟད། དགག་བྱ་དང་དགོས་པ་མེད་ན་དུས་ཚིགས་འབྲི་ན་ལེགས།
སྤྱིར་བོད་པ་ཚོ་ཚིགས་ལ་དོ་སྣང་ཧ་ཅང་ཆུང་ཆུང་རེད།
འདི་ལྟའི་ཡུལ་སྐོར་ཟིན་ཐོ་འདྲ་འབྲི་ཐུབ་ན་ཧ་ཅང་བཟང་། སྙན་པོ་ཡང་འདུག་ལ་ཤེས་རྒྱུ་ཡང་འདུག
སྔོན་མ་རྡ་ར་རྡུན་ལ་བོད་པའི་དམག་སྒར་ཞིག་ཡོད་པ་གོ་མྱོང་ཡོད་ཀྱང་ད་ཆ་དེའང་ཡོད་མེད་གང་ཡིན་ན་མང་པོ་དྲེན་མྱོང་ཡོད། ངའང་དེ་ལྟ་བུ་དམག་སྒར་ཞིག་དང་ཕྲད་ན་དངོས་གནས་འཚོ་བ་གཞན་དང་མ་འདྲ་བ་ཞིག་ཡོང་ཐག་ཆོག་རེད། རྒྱ་གར་གྱི་དམག་ནང་ཞུགས་ཐུབ་པ་ཡག་པོ་རེད་དེ། ཕིརན་སི་དང་ཨ་རིའི་དམག་ནང་དེ་ལྟ་བུ་བོད་པའི་དམག་སྒར་ཞིག་འཛུགས་ཐུབ་ན་ནམ་ཞིག་ང་ཚོའི་སེམས་ནད་ཡོང་རྫོགས་ཕྱིར་སྟོན་ཐུབ་པའི་གོ་སྐབས་ཅིག་གཏན་གཏན་རག་རྒྱུ་རེད།
ཕིརན་སིའི་དམག་ནང་ཛུགས་ཐུབ་རེད་ གང་ཡིན་ཟེར་ན་ ལོ་རེ་རེའི་མཚམས་ནས་ཆ་རྐྱེན་ཚང་མཁན་ཕྱི་ལོག་ནས་བསྡུ་རུབ་བྱེད་ཀྱིན་འདུག། ཆུང་ས་ནས་བཤད་ན་སོ་སོའི་ལྟོ་ཕོག་དང་ཐོབ་དབང་། ཆེ་ས་ནས་བཤད་ན་གོ་སྐབས་བཟང་པོ་ཞིག་ཐོབ་པ་རྒྱ་གར་ལས་དྲག་བ།
ཨ་རི་ནང་ཛུགས་སྟངས་ངས་མི་ཤེས་སྟེ། ཛུགས་ཐུབ་ཀྱིན་རེད་སྙམས། གང་ཡིན་ཟེརན། ཨ་རི་དང་རྒྱ་ནག་གཉིས་དཔལ་འབྱོར་དང་དམག་དོན་ཚན་རིགས་ལག་རྩལ་སོགས་འགྲེན་རྩོད་རྣོ་ངར་ཆེ་བས་སྐབས་འདིར་ཨ་རི་ཉམས་ཞིབ་པ་མོང་པོས་བོད་མི་འདི་ཚོ་རྒྱ་མགོ་བཅོག་བྱེད་ལག་ཆ་ཕྲ་བོ་ཞིག་ཐོང་གིན་ཡོད་རེད། གོ་སྐབས་ཞིག་བྱུང་ན་བེད་སྤྱོད་ཕར་སྟང་ཚུར་སྟངས་རེད་སྙམས།། །།
ས་མཐའི་གནམ་ཐང་ག་གེ་མོ་ཞིག་ནས་རྩོམ་འདི་ཀློག་པ་ཡིན། སེམས་སྐྱིད་པ་ཞིག་བྱུང་། བཀའ་དྲིན་ཆེ།
རྩོམ་པ་པོ་ཀླུ་སྨྱོན་མཆོག་ལ་དེ་འདྲའི་སྡང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁོང་གིས་ཁ་སྔོན་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་མི་འབྲི་བའི་དམ་བཅའ་ཕུལ་བ་ནས་ད་བར་དུ་དེ་འདྲའི་རྩོམ་་ཡིག་བྲིས་མ་མྱོང་ལ་དེ་རིང་གི་ཁ་བརྡའི་མཆན་ནང་དུའང་ཆབ་སྲིད་སྐོར་ཅི་ཡང་བྲིས་མེད་མོད་ཁྱོད་ཚོས་འདི་ལྟར་ཁོང་གི་སྨྲ་བརྗོད་རང་དབང་དང་རྩོམ་འབྲིའི་རང་དབང་ལ་བཀཀ་འགོག་བྱས་ན་དོན་ངོ་མ་སུ་ལ་གནོད་དམ། བོད་ཀྱི་ཤེས་ཡོན་པ་རྣམས་བོད་པ་ང་ཚོས་བདག་པོ་མ་བརྒྱབ་ན་སུས་བདག་པོ་རྒྱག་གི་རེད་དམ། ལེགས་པར་སོམས་དང་སྤུན་ཟླ་ཚོ།
ཀླུ་སྨྱོན་ཁོ་རང་འཆར་སྣང་རིང་ལུགས་ཀྱི་རྩོམ་པ་པོ་ཞིག་རེད་ཟེར་ཆོག་ལ། ད་བར་སྤྲུལ་སྐུའི་མིང་ཐོག་ནས་དང་། རྩོམ་པ་པོའི་མིང་ཐོག་ནས། གྲྭ་རྐྱང་གི་མིང་ཐོག་བཅས་ནས་རྩོམ་ཡིག་་སྤེལ་བ་རེད། དུས་སྐབས་སྔ་ཕྱི་འདི་དག་གི་རིང་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་ཡོད་པ་རེད། མཐའ་མཇུག་ཁོ་རང་གིས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་མི་སྤེལ་བར་ཐག་ཆོད་ཟེར། དོན་ངོ་མར་ཀླུ་སྨྱོན་གྱིས་རྒྱུ་རྐྱེན་ག་རེ་ལ་བརྟེན་ནས་མཚམས་བཞག་པ་དེ་དྲི་བ་ཞིག་རེད། དྲི་བ་འདིའི་ལན་རྒྱུ་མཚན་ལྡན་པ་ཞིག་འཐོབ་དགོས་ན་ཀླུ་སྨྱོན་འཚར་ལོངས་ཀྱི་བརྒྱུད་རིམ་དང་། ཁོ་རང་གི་ཁོར་ཡུག་སོགས་དང་འབྲེལ་བའི་ཐོག་ནས་ཞིབ་འཇུག་བྱེད་དགོས་པར་འདོད། ད་ཆ་ཁོ་རང་གིས་ལན་དྲང་མོ་ཞིག་འདེབས་རྒྱུར་ཐེ་ཚོམ་བྱེད་ཆོག་པར་འདོད།
བོད་དམག་ཚོའི་སེམས་ཤུགས་ལ་ཡི་རང་།
སྙན་པོ་འདུག ས་ཆ་དེར་འགྲོ་མ་མྱོང་ནའང་ཡུལ་ལུང་དང་། གོམས་གཤིས། དམག་སྒར། དམག་མི་སོགས་ཡིད་ལ་ལྷང་ངེར་འཆར་བྱུང་། བལ་ཡུལ་སྤོག་རར་ནེ་པ་ལི་དབྱིན་ཇིའི་དམག་མིར་འཛུལ་བཞུགས་བྱེད་མཁན་མང་པོ་ཡོད། དེ་ནི་དེ་སྔ་British India སྐབས་སུ་གོར་དམག་གིས་དཔའ་ངར་ཆེན་པོས་གཡུལ་འགྱེད་ཐེངས་མང་ཐོབ་མྱོང་ཡོད་པར་བརྟེན། དུས་ད་ལྟ་ཡང་དབྱིན་ཇིའི་ཁོང་ཚོར་དམག་མིར་ལེན་གྱི་ཡོད། གླ་ཕོག་ཡང་ཆེན་པོ་ཡོད། ་ས་ཁུལ་དེས་བོད་པ་རྣམས་དབྱིན་དམག་ཏུ་འགྲོ་རྒྱུ་འདོད་མོས་བྱེད་ཀྱི་ཡོད་ནའང་ཡིག་ཆ་མེད་པས་ཐབས་ཤེས་མེད།
སྤོབས་པའི་རྩོམ་ཡིག་ཁག་ནམ་རྒྱུན་དོ་སྣང་ཆེན་པོས་བཀླགས་དང་ཀློག་གིན་ཡོད། ང་དགའ་སའི་རྩོམ་འབྲི་བའི་གྲས་ཀྱི་གཅིག་ཀྱང་ཡིན། དེ་རིང་གི་རྩོམ་ཡིག་ལས་དོན་མ་གོ་དང་དོགས་པ་རེ་གཉིས་ལ་གསལ་འདེབས་ཡོང་བའི་དོགས་འདྲི་རེ་གཉིས་ཞུ་འདོད་བྱུང་བ་གཞམ་གསལ་ལྟར།
༡༽
༼རྒྱ་གར་གྱི་མཐའ་མཚམས་དང་ཁད་ཉེ་བའི་ཟངས་དཀར་ལུང་གཤོང་༽ ཞེས་པའི་ཟངས་དཀར་འདི་གང་ཡིན་ནམ། ཁྱོད་སོང་སའི་ས་ཆའི་མིང་ལ་ཅི་ཟེར།
༢༽
༼ཡུལ་འདི་ཕྱོགས་ནི་རྒྱ་ནག་གིས་བཟུངས་བའི་བོད་ཀྱི་མཐའ་མཚམས་དང་། པ་ཀི་སི་ཐན་གྱི་མཐའ་མཚམས་ལ་ཁད་ཉེ་བ༽ ཟེར་བ་འདི་ངོ་མ་ཤེས་དཀའ་བ་ཞིག་རེད། རྒྱ་ནག་གིས་བཟུང་བའི་ས་བོད་ཀྱི་ས་མཚམས་དང་ཕ་ཀི་སྟན་གྱི་ས་མཚམས་ཡིན་ས་ཞིག་ན་ཟངས་དཀར་ནི་ཧ་ཅང་ཏ་རིང་ལ། ཉིད་ཀྱིས་བཤད་པའི་ས་མཚམས་དེ་ནི་ལ་དྭགས་ཀྱི་ནུབ་བྱང་ཕྱོགས་དང་། ཟངས་དཀར་ནི་ལ་དྭགས་ཀྱི་ལྷོ་དང་ཤར་ལྷོའི་ཕྱོགས་ན་འདུག་པས་ས་ཆ་དེ་གང་དུ་ཡིན་མིན་མ་ངེས། རབ་ཡིན་ན་ཁྱོད་ཕེབས་མྱོང་བའི་ས་ཆ་མིང་ཅི་ཡིན་བྲིས་ཡོད་ཚེ་འདི་ལྟ་བུའི་མགོ་རྙོག་ཡོང་མི་སྲིད།
༣༽
ཡང་༼ གྲོང་བརྡལ་ལྟེ་བ་དེར་ཚོང་ཁང་ཟས་ཁང་ཁ་ཤས་དང་མགྲོན་ཁང་ཁ་ཤས་ཡོད་པ༽ཟེར་བའི་གྲོང་བརྡལ་ལྟ་བ་གང་རེད།
༤༽
༼སྐར་རྒེལ་དང་ཉེ་བའི་ས་ཆ་ག་གེ་མོ༽ ཞེས་པའི་༼སྐར་རྒལ་༽ཟེར་བ་འདི་ལ་ལ་དྭགས་ཀྱི་ཡིག་ཆར་དཀར་དགྱིལ་དང་དཀར་གིལ། ཡང་ན་བུ་རིགས་རྫོང་ཟེར་བ་དེ་རེད། བུ་རིགས་ནི་བོད་རིགས་ཟེར་བའི་དོན་དང་། Kargil ཟེར་བའི་མིང་འདི་རྒྱ་གར་བས་ཕྱིས་སུ་བཏགས་པ་ཡིན་ཅིང་། དེའི་སྔོན་དུ་ས་ཆ་འདི་ཚང་མའི་མིང་ལ་༼བུ་རིགས་༽ཟེར་ཞིང་། དེང་སྐབས་ཀྱང་རྒན་དར་གཞོན་བྱིས་ཚང་མས་༼ང་བུ་རིགས་པ་ཡིན་༽ ཟེར་ནས་སྤོབས་པས་བཤད་ཀི
ཞོར་ནས་རྒན་ལ་དྭགས་པ་ལགས།
ཟངས་དཀར་པ་ཚོས་ང་ཟངས་དཀར་ནས་ཡིན་ཟེར་བ་ལས་ལ་དྭགས་ནས་ཡིན་ཟེར་གི་མི་འདུག ད་དུང་ང་མདའ་ནས་ཡིན། ཧ་ནུ་པ་ཡིན། བུ་རིགས་པ་ཡིན། སོགས་ཟེར་གི་འདུག
ལོ་རྒྱུས་ཐོག་ནས་ལ་དྭགས་རྒྱལ་པོའི་མངའ་འོག་ཡིན་མིན་དེ་གནས་ཚུལ་གཞན་ཞིག་རེད།
ད་དུང་མདའ་དང་ཧ་ནུ་པ་དེ་ཚོས་ལ་དྭགས་པའི་རོལ་ཆས་དེ་དག་ཀྱང་མདའ་དང་ཧ་ནུ་པའི་ཡིན་པ་ལས་ལ་དྭགས་ལ་ཡོད་མེད་ཀྱི་སྐད་ཆ་མང་དུ་བཤད་རྒྱུ་འདུག་ན། དེ་དག་འདིར་དགོས་རྒྱས་གླེང་གིས་ངལ་བ་མི་དགོས། ལ་དྭགས་ཀྱི་མཁས་པ་མང་པོས་བྲིས་པའི་ལོ་རྒྱུས་ཡིག་ཆ་དང་ཡུལ་གོམས་གཤིས་ལུགས་ངོ་སྤྲོད་སོགས་ཀྱི་དཔེ་དེབ་དག་ན་གསལ་ལྷང་ངེར་འདུག་ན་དེར་གཟིགས་ཤིག
གཞན་མང་པོ་ཞིག་གིས་དུས་ཚོད་ནམ་ཡིན་གསལ་བོར་གསུང་དགོས་འདུག་ཟེར། དེ་ན་གནད་འགག་ལ་གཏུགས་རྒྱུ་ཅང་མི་འདུག་སྙམ། རྒྱུ་མཚན་གོང་ནས་ཞུས་ཟིན་ལྟར། ང་མདའ་པ་ཡིན། ང་ཧ་ནུ་པ་ཡིན། བུ་རིགས་པ་ཡིན་ཟེར་བཞིན་པ་ས་གནས་མི་དམངས་ཀྱི་ཞལ་ལས་ཐོས་ཤིང་ཡིག་ངོར་བྲིས་པ་བརྒྱ་ཕྲག་མཇལ་མྱོང་ལགས།
རྒན་ལ་དྭགས་པ་ལགས་ལ་ཐུགས་ཕན་ཟོས་ན་སྙམ་པས་ཉུང་ཙམ་ཞུས་ན།
གུས་པའི་བྲིས་ཟངས་དཀར་ཕྱོགས་ཀྱི་ཕུག་དལ་དགོན་པའི་སྐོར་རགས་ཟིན་ཞིག་http://www.tibettimes.net/blogs.php?id=115&post_id=17887 དང་ཆུང་ཚེ་རིང་དང་མཁས་པ་ཚེ་རིང་ཤཱཀྱ་གཉིས་ཀྱིས་བྲིས་རང་སྲེག་སྐོར་གྱི་རྩོམ་དེར་ཡང་༼ ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་གསལ་བ་ལྟར་ན། འབངས་གྱེན་ལོག་བྱུང་རྗེས། ལྷ་སའི་ཇོ་ཁང་དང་ར་མོ་ཆེ་གཙུག་ལག་ཁང་གཉིས་ལ་ཞབས་ཏོག་མེད་པར་སྤྲང་པོས་ཡུན་རིང་བཟུང་སྟེ། ལྷ་ཁང་ཐམས་ཅད་ལ་ཐབ་བཙུགས་ནས་དུ་བས་མོག་པོར་བྱས་སྟབས། མདོལ་ཆུང་བསྐོར་དཔོན་དང་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་གཉིས་ཀྱིས། ཐབས་ཤེས་དུ་མས་སྤྲང་པོ་རྣམས་གཙུག་ལག་ཁང་གཉིས་ནས་ཕྱིར་འཕུད་ཐབས་བྱས་ཀྱང་ལམ་ལྷོངས་མ་བྱུང་། མཐའ་མ་ཁོང་གཉིས་ཀྱིས་སྤྲང་པོ་སྡོད་ཡུལ་སྤྲང་ཁང་ཟུར་དུ་བརྩིགས་ཐོག །དམག་མི་སྦས་ཏེ་བཞག །གཙུག་ལག་ཁང་གཉིས་ལས་ཅུང་ཟད་རིང་བའི་སར་སྟོན་མོ་བཤམས་པས། སྤྲང་པོ་རྣམས་ཟས་ལ་བརྔམས་ཏེ་སྟོན་མོར་འདུས་པའི་སྐབས་དང་བསྟུན་ཏེ། གཙུག་ལག་ཁང་གཉིས་དམག་གིས་བཟུང་སྟེ་སྤྲང་ཚང་ཡོངས་སུ་བཏོན་པར་མ་ཟད། གཙུག་ལག་ཁང་གཉིས་ནང་ལྷ་སྐུ་གསར་བཞེངས་དང་ཉམས་གསོ་ཞབས་ཏོག་ཕུལ་དུ་བྱུང་བ་མཛད་ཡོད། དེ་འདྲའི་གལ་ཆེའི་མཛད་རྗེས་ཡོད་པའི་མདོལ་ཆུང་བསྐོར་དཔོན་གྱིས་ཕྱིས་སུ་རང་ལུས་མེ་མཆོད་དུ་ཕུལ་ཅིང་། དེའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གསལ་བ་འདིར་དྲངས༽ཞེས་ཟངས་དཀར་ལོ་ཙ་བ་འཕགས་པ་ཤེས་རབ་དེ་ཉིད་མདོལ་ཆུང་བསྐོར་དཔོན་དང་དུས་མཉམ་ཡིན་སྐོར་དང་། མདོལ་ཆུང་བསྐོར་དཔོན་ཟེར་བ་དེ་ནི་དུས་རབས་བཅུ་གཅིག་པའི་དཀྱིལ་ཙམ་གྱི་མི་དང་། ཟངས་དཀར་འཕགས་པ་ཤེས་རབ་ཀྱང་རབ་བྱུང་དང་པོའི་དཀྱིལ་ཙམ་ལ་བྱོན་ཅིང་། མར་པ་ལོ་ཙཱ་བ་དང་ཁ་ཆེ་དགོན་པ་བ་སོགས་བླ་མར་བསྟེན་ཅིང་མངའ་བདག་རྩེ་ལྡེས་དབྱུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་པལ་མོ་ཆེ་མངའ་རུས་སུ་བསྡུས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་དུས་སུ་ཟངས་དཀར་ལོ་ཙཱ་བ་འདི་བས་ཚན་མ་རྒྱན་བསྒྱུར་བ་ཡིན་པར་མཁས་པའི་དབང་པོ་དུས་དཀར་རིན་པོ་ཆེས་གསུང་འདུག
གཞན་ལྕ་ཁྱི་ཐང་བས་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཏར་ཤེལ་ཕྲེང་པར་མཇལ་མྱོང་ཡང་གསལ་དུས་ཚིགས་གསལ་དྲན་མ་སོང་ལགས།
བོད་དམག་དེ་ཚོ་ནང་བཞིན་ང་ཚོ་ནམ་ཡང་རེ་བ་དང་མདུན་སྤྱོད་སྙིང་སྟོབས་དང་དཔའ་ངར་གྱིས་འཚོ་དགོས།
གཅན བཟོད་རྒྱ་མཆོག ཟངས་ལོ་འཕགས་པ་ཤེས་རབ་ཀྱི་སྐོར་ལ་ངོ་སྤྲོད་ཕན་བསྐྱེད་ཆེན་པོ་བྲིས་པ་བཀའ་དྲིན་ཆེ། ཕུག་དལ་དགོན་པའི་སྐོར་དེ་སྒོ་འབྱེད་མ་ཐུབ། ༡༩༩༢ལོར་སྟོན་ཀ་ཟངས་དཀར་བརྒྱུད་རྒྱ་གར་ལ་འགྲོ་སྐབས་དུས་ཐུང་ཞིག་ལ་ཕུག་དལ་མཇལ་བར་སླེབས། ཧང་གི་རི་པ། དེ་ཆོ་མ་ཀོ་རོསོ། ཞུ་བའི་ནུབ་ཕྱོགས་པར་བོད་ཀྱི་རིག་གཞུང་ངོ་སྤོད་མཛད་མཁན་དེ་བཞུགས་པའི་ཁང་མིག་གཅིག་ལ་སྒོ་གླེགས་ལ་ཁོང་གི་མཚན་རག་གླེགས་ལ་བྲིས་པ་སྦྱར་པ་མཐོང་། སྔོན་དགོན་པ་དེ་ནས་ཕེབས་པ་ཚེ་རིང་ཚུལ་ཁྲིམས་ཞུ་བ་བཀྲ་ཤིས་ལྷུན་པོའི་སྟག་མོ་ཁང་ཚན་གྱི་གྲྭ་པ་ལེགས་པ་ཞིག་ཡོད་ཀྱང་། ང་ཕུག་དལ་ལ་སླེབས་དུས་སྐུ་གཤེགས་ནས་ལོ་མང་ལོན་འདུག། དགོན་པའི་གད་པའི་སྟེང་ན་ཤུག་པའི་སྡོང་པོ་ཡོད་པ་དང་། གད་པའི་འོག་ན་ཆུ་མིག་ངོ་མཚར་ཅན་ཡོད་པ་མཐོང་བའི་དྲན་སེམས་མཆིས་སོ།།
ཚད་མ་རྒྱན་རྒྱ་གར་སྐད་དུ། བཱརྟིཀཱལངྐཱ་ར། ཞེས་པ་དེ་ལེགས་སྦྱར་གྱི་མ་དཔེ་མིག་མཐོང་ལས་སློབ་སྦྱོང་མེད། རྗེས་སུ་བོད་དཔེའི་བསྒྱུར་བྱང་སོགས་ལ་ནན་ཏན་ཞུ་ངེས།།
སྐྱིད་མི་ལ་རེ་ན་ཅ་ལེ་ཅི་ལེ། །ཁལ་བོང་ལིར་བཀལ་ན་ལྡ་ལེ་ལྡེ་ལེ། །ཟེར་པའི་གཏམ་དཔེ་རྐང་གཉིས་མ་འདི་ལ་ཚིག་འགྲོས་མཐུན་མིན་གྱིས་ཕྱེད་འགྲིག་རྟགས་ཙམ་ལས། གཞན་དག་རྣམས་ལ་ནི་འགྲིག་རྟགས་ཤེད་ཀྱིས་རྒྱག་འདོད་བྱུང་།
འོ་རྒྱ་གར་འདི་རྒྱ་མིའི་མཇུག་ལ་ལུས་པ་འདི་ད་གཞི་ནས་ཤེས་སོང་། བོད་ནས་གསར་འབྱོར་བའི་མི་ཞིག་གིས་གནས་སྐོར་ལ་འགྲོ་སྐབས། རྒྱ་གར་གྱི་གསང་བའི་སྡེ་ཁོངས་ཀྱི་དམག་སྒར་ཞིག་ལ་སྟབས་བདེ་པོས་འགྲོ་ཐུབ་པ་མ་ཟད། དམག་སྒར་ནང་གི་དམག་མི་བརྒྱུད་ནས་གནས་ཚུལ་འདི་ལྟར་མང་པོ་རྒྱུས་ལོན་བྱེད་ཐབས་ལ་བལྟས་ན། རྒྱ་གར་ནང་གི་གཞུང་དང་དམག་གི་བདེ་འཇགས་དང་སྲུང་སྐྱོབ་ཟེར་བ་འདི་མེད་ཚོད། རྒྱ་ནག་ལྟ་བུ་དང་ཨ་རི་ལྟ་བུ་ལ་མཚོན་ན། ཕྱི་མི་རྒྱུས་མེད་ཅིག་དམག་སྒར་གྱི་འགྲམ་ལ་ཕར་འགྲོ་ཚུར་འགྲོ་གྱིད་དང་། ལམ་གསེང་འཛིན་ནས་རྩད་གཅོད་མང་པོ་གཏོང་ངེས། ལྷག་པར་དུ་བོད་ནས་ཕེབས་ཤིང་རྒྱ་ནག་གཞུང་གི་སློབ་གསོ་འགྲིམས་མྱོང་བའི་སྤོབས་པ་མཐའ་ཡས་ལྟ་བུ་ཞིག་ཨ་རིའི་དམག་སྒར་གྱི་ཉེ་འགྲམ་ཤིག་ལ་ཐང་ངེ་ཐིང་ངེ་བགྱིས་དང་ལམ་གསེང་འཛིན་གྱི་རེད།
རྒྱ་གར་གྱི་དམག་སྒར་དང་བོད་དམག་ཚོའི་གླེན་རྟགས་འདི་ལ་ལྟ་དུས། ངས་རྒྱ་གར་གཞུང་ལ་འཛིན་པའི་རེ་བ་འདི་རྩ་བ་ནས་མེད་པར་སོང་། བོད་དམག་ལྐུགས་པ་དེ་ཚོས་རྒྱ་ནག་གི་གསང་མྱུལ་མི་ཞིག་བཏང་ན། སྟབས་བདེ་པོས་གནས་ཚུལ་རྒྱུས་ལེན་བྱེད་ཐུབ་པ་དང་། རྒྱ་ནག་གཞུང་གི་རྩོམ་འདི་ཀློག་བཞིན་འཆར་གཞི་བཟོ་བཞིན་པ་སྲིད།
རྒྱ་ནག་གིས་སྟབས་བདེ་པོས་བཟོ་ལྟ་བཟོ་ཐུབ་པའི་དམག་སྒར་ཞིག་རེད་འདུག