_____མཁར་མོ་བྱམས་ཀྱི་སྙིང་ལ་གཏོར་ཏེ་་མེ་ཏོག་སྐྱེ་བར་རེ་བ
ཁྲོ་གཏུམ།
བྲང་གཞུང་སྐྱོམ་ཞིང་སྐྱོམ་ལ
གློ་སྙིང་བར་མེད་ཁྱོད་སར་ཆས་པ་ལན་གཅིག་ག་ལ་ཡིན
ལྷོག་ལྷོག་ལྡང་བའི་སེམས་པ་ངལ་ཡང
བདག་གི་རྩ་ལམ་ཡོངས་སུ་ཁྱོད་ཉིད་རྒྱུ་བའི་གོམ་སྒྲ་མང
རི་གླུས་ངག་གི་འགུགས་འཁྱེར་སྟེང་དུ་རྩེད་རྒོད་ཁྱོད་ལས་ཐོན་པ་ན
ཆུང་དུས་བཞག་པའི་སེམས་ཀྱི་གསང་བ་ཕྱི་ལ་ཤོར་ཞིང་ཁྱོད་སར་རྟའུ་སྲབ་མེད་ཅིག་ཏུ་བརྫུས
འདི་ལྟར་སྐད་འཕྲིན་ལམ་བུ་ངག་གི་དབྱངས་སུ་འཁྱུད་པ་ལས
ཁྱོད་རང་བདག་གི་པང་དུ་ནམ་ཞིག་ཐོབ་པའི་སེམས་ཀྱི་བསུ་མ་གློ་རྒྱུའི་དྲོད་ཐིག་ཉག་གཅིག་གོ
གཅེས་སྐད་དུངས་ཀའི་དྲང་ལམ་བརྒྱུད་ནས་མཆིན་ཤ་དྲོན་མོའི་འཇམ་ཤས་ང་རང་རྡེག་པར
བར་གྱིས་བཅད་པའི་རི་ཆུ་འདི་དག་འུ་གཉིས་གཏོར་བའི་དགྲ་བོ་ངོ་མར་བསམ་པས་ད་དུང་ང་རང་དྲན་པའི་དབྱངས་སུ་ཉལ
བདག་གི་ངག་ནས་ཁྱོད་ལ་འདྲེན་པའི་ཡ་ཁོག་ནང་གི་རྩེ་བའི་ཁྲག་དྲོན་འདི
སྐུད་མེད་དྲ་ལམ་བརྟོལ་བའི་སྐད་འཕྲིན་ཐུང་ཐུང་ངག་གི་འདེགས་འཇོག་འཇམ་པོ་བསྐྱོར་བའི་རྫི་གླུ་དེ་ལ་ཅིས་མི་དོ
བྱ་སྐད་སྙན་མོས་ང་རང་བཀུག་པ་ཁྱོད་ཀྱི་ངག་གི་དོད་དུ་གཅུན་བའི་རོལ་དབྱངས་ལས
ད་རུང་ལམ་ཐག་སྐྱ་མོའི་རིང་ཐུང་འཚེམ་པའི་རྐང་བ་ཞིག
ཇི་ལྟར་ཁྱོད་ཀྱི་མདུན་ལྗོངས་ང་རང་བྱེད་པའི་གློ་ཁ་ཉིན་དང་མཚན་ལ་གྲོས་སུ་འཚོགས
ལོབ་ཕྱོགས་ཤིག་གིས་རུས་པ་དཀར་པོས་ང་རང་འདི་ལྟར་ཁྱོད་སར་སེམས་ཀྱི་རྟ་ཁ་འཐེན
ཁྲེལ་གཞུང་ཞིག་གི་ཡལ་ཀ་དག་ལ་འདི་ལྟར་ལོ་འདབ་མང་རུ་ཕྱིན་ན་འདུག་ཚོད་ག་ལ་ཡོད
སྐད་ཆའི་བར་གྱི་འགྱུར་ཁུགས་དག་ལ་སེམས་ཤ་འཐེན་པའི་ལག་པ་རིང་བ་འདིས
བདག་གི་ཁོག་པར་དྲོད་ཞིག་ཡོད་ལ་འོད་ཞིག་ཡོད་གྲབ་ཁྱོད་ལས་སུ
“སྡེ་ཆེན་པོ་འདྲ་ཀི་རྩེད་ཁང་ཞིག།
ཁ་ལ་གཞས་འདྲ་ཀི་རྩེད་སྤྱད་ཅིག།
རོགས་ཆུང་ལོ་འདྲ་ཀི་རྩེད་རོགས་ཤིག།
སྡེ་འདི་ནས་མི་རྩེ་གང་ནས་རྩེད།།”
རི་གླུ་འདི་ལྟར་བླངས་བ་ཁྱོད་ལ་མ་གཏོགས་བྲོ་བ་གཞན་ལ་དཀོན་པས་ན
ང་ཡི་ངག་ནས་ཅི་ཞིག་ཤོར་བ་ཁྱོད་ཀྱིས་གཟེད་པའི་རྣ་བར་བླུགས
ཁྱོད་ཀྱི་ངག་ནས་ཅི་ཐོན་བདག་གིས་བརྩོན་པས་བཏགས་ཏེ་ཉན་བྱེད་ཟུང་ལ་བསྐྱོན
ཟ་ཟུར་ཐོན་པའི་སྤྱང་ཀི་དང་ནི་ཝ་མོའི་ཆོ་ངེ་ཅི་ལྟར་རྒོལ་ཡང
འུ་གཉིས་འགྲོ་བའི་ལམ་ཁ་འདི་ནས་གཏན་ཚིགས་འུར་རྡོ་གང་སར་འཕེན་པ་ང་གཉིས་ལགས
ཁྱོད་ཀྱིས་འགྲམ་པ་ལག་པས་བསྐྱོར་ནས་མྱུར་འཕྲད་རེ་བ་སྙིང་ལ་བཅིངས་བ་ཐོས་ཚོད་དེས
ད་དུང་མཁྲིས་སུ་སླེབ་འདྲའི་ཚོར་བའི་དང་ཁ་ཕྱེ་བ་དེས
ང་རང་རྨང་ནས་སྒུལ་ཞིང་མདུན་གྱི་ཤིང་ལོ་དག་གིས་མ་འགུལ་ལྷོད་ཀྱིས་ཉོལ་ཟེར་ཀི
གྱེན་འཕུར་གནམ་གྲུ་ཞིག་ཀྱང་སེམས་ཀྱི་གསེབ་ནས་ཐད་ཀར་འཕུར་ལ་རམ་འདེགས་བྱས
བྱིའུ་སྐད་མ་སྙན་མ་རེད་དེ་ལས་འཇོན་མོར་ལོབ་ཕྱོགས་ཤིག་གིས་ང་རང་སྒུལ་བ་མང་དྲགས་ནས
ཆུང་དུས་རྩེད་སྟངས་ཁྱོད་ལ་ཡང་བསྐྱར་འཁྲབ་ནས་ང་རང་ཡང་བསྐྱར་ལྟེ་ཐག་གཅོད་སའི་ཡུལ་ལ་འཁྲེང
ལུག་དང་ནོར་ཁྱུ་བཀྲམས་པའི་འདབ་ཀ་རེ་ནས་འཕགས་འཚག་བྱས་བའི་ཟློས་གར་དེ་ལྟར་འུ་གཉིས་འཁྲབ་གཞུང་མི་སྣ་བྱེད
མགོ་དཀྲིས་དམར་བོ་ང་ཡིས་ཁུར་བ་མཚན་བརྡ་སྟོན་པའི་བར་ལག་ནས
ཉི་མ་ནུབ་པའི་ཕོ་ཉུལ་དེ་ནི་དེ་རིང་རྩེས་བའི་བློ་ཁ་མ་ཁེངས་བ་དེ་ཅི་ལ་མིན
༢༠༡༤།༣།༢༩ཉིན།