བཀྲ་ཤིས་དོན་འགྲུབ།
འབྲུག་ཡུལ་ཟེར་ཡང་རི་བོ་མཐོན་པོ་ཙམ།།
རི་བོ་ཡོད་ཚད་ནྭགས་ཀྱིས་བཀབ་པ་ཙམ།།
ནྭགས་རི་ཁྱད་མཚར་མཐོན་པོ་མཐོན་པོ་དེ།།
དཔལ་ལྡན་འབྲུག་པའི་ཡུལ་གྱི་མཚན་ཉིད་ཡིན།།
ཕུན་ཚོགས་གླིང་དུ་འབོད་པའི་གྲོང་རྡལ་དེ།།
ཕུན་སུམ་ཚོགས་དང་མ་ཚོགས་མི་ཤེས་ཀྱང་།།
འབྲུག་མོ་མཛེས་མའི་ཟུར་མིག་རྣོན་པོ་དེ།།
ཕུན་སུམ་ཚོགས་པའི་ཟུར་ཞིག་ཅི་ལ་མིན།།
མིག་གིས་བལྟས་ན་ལོས་ཀྱང་ཆོག་པ་ལས།།
ལུས་ཀྱིས་མྱོང་བའི་གནང་བ་ཡེ་མེད་པའི།།
འབྲུག་མོ་མཛེས་མའི་སྐུ་གཟུགས་ལྡེམ་ལྡེམ་དེས།།
མི་ཕོ་ང་ལ་སྲེད་པ་བསླངས་ནས་སོང་།།
ཐིམ་ཕུ་ཟེར་བའི་གྲོང་ཁྱེར་ཆུང་ཆུང་དེ།།
གྲོང་ཁྱེར་ཡིན་མིན་ད་དུང་བརྟག་དགོས་ཀྱང་།།
འབྲུག་མོ་མཛེས་མ་རྡོ་ལས་མང་བ་ལ།།
གྲོང་ཁྱེར་གོབ་ཏོ་གཞན་གྱིས་དོ་ས་མེད།།
དགེ་སློང་ཞེས་པའི་མིང་ཆེན་མཐོང་ཆེན་དང་།།
སྡོམ་པ་ཞེས་པའི་ཁུར་ཆེན་རྩ་ཆེན་འདི།།
མི་རྐྱང་ང་རང་འཆིང་བའི་ཞགས་པ་སྟེ།།
འབྲུག་མོ་མཛེས་མ་མང་པོའི་སྐྱོ་གར་ཡིན།།
འབྲུག་མོ་མཛེས་མ་མེ་ཏོག་འདྲ་བ་དག།
ང་ཡི་སེམས་ཀྱིས་ཐོང་བར་མི་འདུག་ཀྱང་།།
ལྟས་ངན་པཱན་གྱི་དྲི་ངད་བཙོག་པོ་དེ།།
མི་རྐྱང་ང་དང་མཐུན་ཐབས་གཏན་ནས་མེད།།
གྲོ་ལོད་ཕུག་གི་བཟི་བརྗིད་ཤིན་ཏུ་ཆེ།།
བྲག་གཡང་གཟར་པོ་དེ་ཡང་སྐྱི་རེ་གཡའ།།
མཚམས་པ་བུ་མོ་མཛངས་མའི་དྭངས་མ་དེ།།
མི་རྐྱང་ང་ཡི་སེམས་ལ་ཟུག་ནས་འདུག།
བྲག་ལམ་དོག་པོའི་ཉེན་ཁ་དེ་དང་གཅིག།
རྦབ་ཆུ་བསིལ་མའི་ཟིལ་ཤུགས་དེ་དང་གཉིས།།
རང་གཤིས་རྒོད་པའི་མི་རྐྱང་ང་དང་གསུམ།།
དེ་རིང་སྲིད་པའི་གླིང་ནས་ལྷན་དུ་འཛོམས།།
བུ་ཞིག་ཡིན་ཚེ་བུ་མོར་དགའ་བ་ཆོས་ཉིད་རེད་ལ། ལྷག་ཏུ་བོད་པའི་ཕོ་གཞོན་འབྲུག་མོའི་གསང་བར་དགའ་བ་དངོས་གསལ་རེད།
འབྲུག་གི་ཡུལ་ལ་སླེབས་མྱོང་མེད་ན་ཡང་། །
འབྲུག་པའི་ཁོར་ཡུག་རི་བོའི་མཚར་སྡུག་དང་། །
འབྲུག་པའི་གྲོང་སྡེ་གཅིག་གི་མཛེས་མ་ལ། །
སེམས་པ་ཤོར་ནས་ཡོད་ཚོད་ཟུར་ཙམ་མཐོང་། །
སྐུ་ཉིད་ཀྱིས་ངའི་གསང་བ་ཏོག་ཙམ་རྟོགས་བཞག ང་རང་དགའ་པོ་བྱུང་།