ཉི་མ་འཚོ། ནོར་གླིང་།
༡
རྩོམ་པ་པོས་ནམ་རྒྱུན་ཅི་ཞིག་ལ་འདང་བརྒྱབ་ནས་འདུག་པ་ལས་སྐད་ཆ་མང་པོ་མི་བཤད་ལ། བཤད་རོགས་ཀྱང་མེད།དེ་རིང་ཡང་ཁོས་མདང་ནུབ་སྤྲོ་སྐྱིད་ཀྱི་རྣམ་པ་དེར་ཕྱིར་འདང་རྒྱག་བཞིན་ཁུ་སིམ་མེར་བསྡད་འདུག
ས་སྲོད་དེར། ཟླ་འོད་རབ་རིབ་ཀྱི་འོག་ན་ཕྱི་རོལ་གྱི་ཁོར་ཡུག་འཇམ་ཐིང་ངེར་གནས་མོད། ཐོག་རྩེག་གསུམ་ཙམ་ཅན་གྱི་ཚོགས་ཁང་དེ་ནས་ཐལ་མོ་རྡེབ་སྒྲ་དང་གླུ་གཞས་ཀྱི་དབྱངས་རྟ་རེ་མཆེད་འོང༌།
“ངས་གླུ་ལེན་ཐུབ་ཀྱི་མི་འདུག”
ཚེ་རིང་གིས་གླུ་དེ་རིང་མི་ལེན་ནམ་ཞིག་ལེན་ཞེས་པ་དེ་འཛུམ་མདངས་དང་དགའ་སྤྲོའི་ཀློང་ནས་སྐད་ཤུགས་གང་ཡོད་ཀྱིས་བླངས་རྗེས་ཁ་བཏགས་དེ་རྩོམ་པ་པོའི་མདུན་དུ་འཕྱར། རྩོམ་པ་པོས་སྐྱོ་གདུང་གི་མགོ་བོ་དང་ཁར་སྨད་ནས་ཁས་ལེན་མ་བྱས“ཚང་མས་སྐྱིད་པོ་གཏོང་དུས་ཁྱེད་ཀྱིས་དེ་ལྟར་མ་བྱེད།ཁྱེད་ཀྱིས་མ་བླངས་ན་ཁོང་ཚོས་ཀྱང་ལེན་རྒྱུ་མ་རེད། ད་དེ་འདྲ་མ་བྱེད།”
ལས་ཁུངས་ཀྱི་འགན་འཛིན་ཟླ་བ་ལགས་ཀྱིས་གདོང་ནག་པོས་སྐད་ཆ་བཤད་བྱུང༌།
“ངོ་མ་ཡིན། ངས་གླུ་ལེན་ཐུབ་ཀྱི་མི་འདུག་ལ། ལྷག་པར་དུ་ཁ་སང་དེ་རིང་གི་དུས་ཚོད་འདི་འདྲ་ནི་གླུ་ལེན་པའི་དུས་ཚོད་ཅིག་མ་རེད། འོན་ཀྱང་དེ་རིང་ལས་གྲོགས་ཆོས་བཟང་འགྲོ་ཁའི་ཉིན་མོ་ཡིན་པས་ང་ཚོས་ཁོང་ལ་ཕེབས་སྐྱེལ་གྱི་སྐད་ཆ་རེ་བཤད་ན་རེད།”
“གྲོགས་པོ། དེ་རིང་ནི་ང་ཚོ་མཉམ་འཛོམས་ཀྱི་ཐ་མ་རེད། ཁྱེད་ཀྱིས་ང་ལ་ཁ་ངོ་ཞིག་བྱིན་ཏེ་གླུ་ཞིག་ལེན་རྒྱུ་ངའི་རེ་བ་ཡིན།” ཆོས་བཟང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་རྩོམ་པ་པོ་གར་སྟེགས་སུ་ཁྲིད།“ཁ་སང་རི་བོ་འདིའི་ཕ་རོལ་ནས།ངའི་སྤུན་ཟླ་གང་མང་ཞིག་མེ་མདའི་སོ་ཁ་ནས་འགྱེལ་སོང༌། དེ་རིང་རི་བོ་འདིའི་ཚུར་རོལ་ནས། ངའི་སྤུན་ཟླ་གང་མང་ཞིག་སྤྲོ་སྐྱིད་ཀྱིས་བཟི་འདུག དེར་དགོང༌། སྤྲོ་སྐྱིད་འདིའི་གར་སྟེགས་སྟེང་ནས།
ང་མིག་ཆུ་དང་སྐྱོ་གདུང་གིས་མནར་བྱུང༌།་་་་་་་་་་་་་”རྩོམ་པ་པོས་སེམས་ཚོར་དྲག་པོས་སྙན་ངག་ཅིག་གདངས་ལ་གྱེར་མ་ཐག་ཕྱིར་མིག་མེད་པར་ཚོགས་ཁང་ནས་ཐོན་སོང༌།
“དེ་ག་རེ་རེད། བོད་ཡིག་ཅུང་ཙམ་ཤེས་ནའང་ང་རྒྱལ་དེ་འདྲ་ག་རེ་རེད།”
“རྩོམ་ཡིག་ཐ་ཐོར་རེ་འབྲི་ཤེས་པས་ཅི་ཞིག་ཡིན་བསམ་གྱི་ཡོད་པ་འདྲ།”
“བོད་ཡིག་གི་རྩོམ་འབྲི་ཤེས་རུང༌། ཡུན་རིང་ལས་མེད་དུ་ལྷག་པ་མ་རེད་དམ། ང་ཚོས་ཁོང་ལ་སྙིང་རྗེ་བྱས་མེད་ན་ད་དུང་ཡང་ལས་མེད་འཁྱམས་པོ་རེད། བཟང་ངན་མི་ཤེས་པའི་མི་འདི་དག་འཁྱམས་ཉུལ་བྱེད་དུ་བཅུག་ན་ཡག་ཤོས་རེད།” ཁོང་གར་སྟེགས་ནས་ཕྱི་ལ་ཐོན་དུས་ཀྱི་སྐད་ཆ་འདི་དག་ནི་འཚང་ཁ་ཤིག་ཤིག་གིས་སྒོ་དང་སྒེའུ་ཁུང་བརྒྱུད་ནས་ཁོང་གི་རྗེས་སུ་འབྲངས་འོང༌།
མཚན་མོ་དེར། ཁོས་༼ངས་གླུ་ལེན་ཐུབ་ཀྱི་མི་འདུག་༽ཅེས་པའི་སྙན་ངག་ཅིག་བྲིས་ཏེ་ནམ་མཁའིཟླ་བ་ལ་གྱེར།
༢
“རྩོམ་པ་པོ་ལགས། ཁྱེད་ཀྱིས་༼ཁྲག་གི་བཞུར་རྒྱུན་༽ཞེས་པའི་སྙན་ངག་ཅིག་བྲིས་འདུག་ཟེར་བས་ང་ཚོའི་ཚགས་པར་ཁང་དུ་བསྐུར་རྒྱུའི་རེ་བ་ཞུས་པ་ཡིན།”
“རྩོམ་པ་པོ་ལགས།ཁྱེད་ཀྱིས་༼མ་འོངས་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་༽ཞེས་པའི་དཔྱད་བརྗོད་ཅིག་་བྲིས་འདུག་ཟེར་བས་ང་ཚོའི་ལོ་དེབ་ཏུ་བསྐུར་རྒྱུའི་རེ་བ་ཡིན།”
“རྩོམ་པ་པོ་ལགས།་་་་་་་༌།”
དེ་རིང་རྩོམ་པ་པོས་བོད་ནང་གི་འཚོ་བ་ལ་ཕྱིར་དྲན་ཡང་ཡང་བྱེད་དགོས་བྱུང༌། རྩོམ་པ་པོའི་མིང་དངོས་ལ་ལྷ་མོ་དོན་གྲུབ་ཟེར་མོད།རང་ལོ་བཅོ་ལྔ་ནས་སྙན་ངག་གི་ལམ་ལ་ཞུགས་པ་དང༌། རིམ་བཞིན་རྩོམ་ལུས་འདྲ་མིན་ནང་རྩོམ་ཡིག་གང་མང་བྲིས་པས་རང་ལོ་ཉེར་གཉིས་སྟེང་སྤྱི་ཚོགས་སྟེང་གི་མིང་གྲགས་ཆེ་ཤོས་ཀྱི་རྩོམ་པ་པོ་ཞིག་ཏུ་གྱུར། དེ་ནས་བཟུང་ལུག་རྫི་དང་ནོར་རྫི་རྩིས་པའི་མི་ཀུན་གྱིས་རྩོམ་པ་པོ་ཞེས་འབོད་པ་ལས་ལྷ་མོ་དོན་གྲུབ་འབོད་མཁན་རང་གི་ཕ་མ་གཉིས་ལས་མེད།
༼མེ་ལོང་༽ཞེས་པའི་སྒྲུང་རིང་དེར་ཐེངས་༡༣པའི་ཀྲུང་གོ་གསེར་གྱི་རྟགས་མའི་རྩོམ་ཡིག་བྱ་དགའ་ཐོབ་མོད། ཁོང་གིས་བྱ་དགའ་འདི་དང་ངའི་རྩོམ་ཡིག་གི་ཁ་ཕྱོགས་གཉིས་ནམ་ཡང་མཐུན་ཐབས་མེད་ཅེས་བསྒྲགས་གཏམ་སྤེལ་བ་ལས་བྱ་དགའ་མ་བླངས། ཉིན་དེ་ནས་བཟུང་ཁོང་ལ་སྤྱི་ཚོགས་ཐོག་གླེང་སློང་ཤུགས་ཆེན་བྱུང༌།བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་ཆེ་འབྲིང་ཆུང་གསུམ་གྱིས་གསོལ་སྟོན་བཤམས་ནས་ཁོང་གི་ཞུམ་མེད་ཀྱིས་སྙིང་སྟོབས་ལ་རྟེན་འབྲེལ་ཞུ་བ་དང༌། གཞུང་ཞབས་མི་སྣ་ཚོས་ནམ་རྒྱུན་ལྟ་རྟོགས་བྱེད་སའི་ཉེས་ཅན་པ་ཞིག་ཏུ་གྱུར།
ཁོང་གིས་༼འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་༽ཞེས་པའི་དཔྱད་གཏམ་རིང་མོ་ཞིག་བྲིས་རྗེས་ནས་རྩོམ་ཡིག་འབྲི་བའི་ཐོབ་ཐང་ཡོངས་སུ་ཤོར་སོང་ལ། རང་ལ་ལྟ་རྟོགས་བྱེད་མཁན་དང་རྗེས་འདེད་གཏོང་མཁན་ཡོད་པ་ཡང་གོ་མྱོང་བ་མ་ཟད་མཚམས་རེར་རང་ཉིད་ཀྱིས་ཀྱང་ཚོར་མྱོང༌། ཁོང་གིས་རང་ལ་རྩོམ་ཡིག་འབྲི་བའི་རང་དབང་དང་ཁོར་ཡུག་འོས་འཚམས་ཤིག་འཚོལ་ཆེད་ཆུང་དུས་ནས་གོམས་ཤིང་གཅེར་པར་འོས་པའི་ཕ་ཡུལ་དང་ཁ་བྲལ་དགོས་བྱུང༌།
ཐོག་མར་ཁོང་བཙན་བྱོལ་དུ་འབྱོར་དུས་གསར་འགྱུར་ལས་ཁུངས་དང་ཚགས་པར་ག་གེ་མོའི་གསར་འགོད་པ་ཡིན་ཟེར་མཁན་གྱི་མི་མང་པོ་ཞིག་བཅར་འདྲི་བྱེད་པར་སླེབས་མྱོང་ལ། ཕ་ཡུལ་གཅིག་པ་ཡིན་ཟེར་མཁན་གྱི་མི་མང་པོ་ཞིག་ཀྱང་ཕེབས་བསུ་ལྟ་བུར་སླེབས་མྱོང་མོད། འོན་ཀྱང་ལོ་ཟླ་རིམ་གྱིས་འདས་རྗེས་ཁོ་ཁེར་རྐྱང་ཡིན་པའི་སྣང་བ་ཇེ་རྒོད་དུ་གྱུར། ཐ་ན་ལས་གནས་འོས་འཚམས་ཤིག་ཀྱང་རྙེད་མ་ཐུབ་པས་སྤྱི་ཚོགས་སྟེང་གི་འཁྱམས་པོ་ཞིག་ཏུ་གྱུར། སྐབས་དེ་དག་ཏུ།ཁོས་སྡོང་རྒན་དང་གཙང་བོའི་འགྲམ་སོགས་ནས་སྐྱོ་སེམས་མཚོན་པའི་སྙན་ངག་རེ་བྲིས་ཏེ་རང་སེམས་གསོ་ཁུལ་བྱས།
༣
༼༢༠༠༨ལོའི་མྱ་ངན་རྗེས་དྲན་གྱི་སྙན་ངག་གྱེར་འདོན་༽ཞེས་པའི་ལས་འགུལ་ཞིག་ཡོད་པ་དེར་རྩོམ་པ་པོའང་མཉམ་ཞུགས་བྱས་ཏེ། ༼དཔའ་བོ་ལགས།འཁྱམས་པོས་ཁྱེད་ལ་རྗེས་དྲན་གྱི་སྙན་ངག་འབྲི་༽ཞེས་པའི་སྙན་ངག་རིང་མོ་དེ་ཧ་ཅང་སྐྱོ་ཉམས་དང་མིག་ཆུས་གྱེར་བས་ཚོགས་ཁང་ཧྲིལ་བོ་ཁུ་སིམ་མེར་བཏང༌། འགོ་འཛིན་པ་དང་སྙན་ངག་གྱེར་འདོན་པ་ཚོས་ཀྱང་མགོ་མོ་སྨད་དེ་མིག་ཀོང་གི་མཆི་ཞགས་དེ་གང་ཞིག་ལ་བཞུར་འགྲོ་བར་ཨུ་ཚུགས་ཀྱིས་ཚོད་འཛིན་བྱས། ཉི་མ་དེར།རྩོམ་པ་པོའི་སྙན་ངག་དེས་མི་མང་པོ་ཞིག་གི་སེམས་པ་རང་བཞིན་གྱིས་རྨས་སོང་ལ། སྤྱི་ཚོགས་སྟེང་ཡང་བསྐྱར་ཁོང་ལ་དོ་སྣང་གསར་བ་ཞིག་སླེབས་བྱུང༌། གོ་སྐབས་འདི་བརྒྱུད་ནས་འགན་འཛིན་ཟླ་བ་ལགས་ཀྱིས་རྩོམ་པ་པོ་རྩོམ་སྒྲིག་ཁང་དུ་ལས་ཀར་ཡོང་ཆོག་པའི་བཀའ་གནང་མོད། ཞེ་ས་མ་ཤེས་ན་གཞན་ལ་སྐད་ཆ་བཤད་ཐབས་བྲལ་བས་ལྟ་བ་མཁྲེགས་པོར་མི་བྱེད་པར་ཞེ་ས་སྦྱོང་ཞེས་ནན་གྱིས་སྐུལ། དྲང་པོ་བཤད་ན།ཁོང་ཐོག་མར་བཙན་བྱོལ་དུ་འབྱོར་དུས་གྲོགས་པོ་ཞིག་གིས་རོགས་བྱས་ཏེ་འགན་འཛིན་ཟླ་བ་ལགས་ཀྱི་རྩོམ་སྒྲིག་ཁང་དུ་ཚུད་རྒྱུགས་བཏང༌། འབྲི་རྒྱུགས་ཁྲོད་ནས་ཨང་དང་པོ་ཡིན་མོད།ངག་རྒྱུགས་སྐབས་ཞེ་སའི་སྐད་ཆ་མ་བཤད་པས་ཁོང་ཡོངས་སུ་ཕམ་སོང༌། སྐད་ཆ་བཤད་མི་ཤེས་པའི་མི་ཞིག་གིས་ཕྱག་ལས་གནང་ཐུབ་ཀྱི་མ་རེད་ཟེར་བའི་སྐད་ཆ་འདི་ནི་འགན་འཛིན་ཟླ་བ་མཐོང་ཐེངས་རེར་རྣ་བའི་བུ་ག་རུ་ཡང་བསྐྱར་འཚང་ཡོང་མོད། སྐབས་དེར་ཁོས་སུ་ལའང་གནས་ལུགས་ཀྱིས་རྒོལ་ལན་སློག་མ་མྱོང༌།རྩོམ་སྒྲིག་ཁང་དུ་ཡོང་ནས་ཀྱང༌། ཁོང་ཁེར་རྐྱང་ཡིན་པའི་ཚོར་སྣང་འགྱུར་མ་མྱོང་ལ།ལྷག་པར་དུ་རྩོམ་རིག་གི་ཕྱོགས་ནས་ཁ་བརྡ་བྱེད་ས་ཞིག་གཏན་ནས་མ་རྙེད་པས་བསམ་གཞིགས་ཀྱི་ཀློང་ནས་སྙན་ངག་རེ་གྱེར་བཞིན་རང་སེམས་གསོ་བཞིན་ཡོད།མཚམས་ལན་རེར་རྩོམ་པ་པོས་བོད་ནང་གི་རྩོམ་པ་པོ་ཚོ་དང་ཁོ་བོ་ཚོའི་རྩོམ་ཡིག་གི་ཁ་ཕྱོགས་གླེང་སྟེ་ལས་གྲོགས་ཚོ་དང་ཁ་བརྡ་རེ་བྱུང་ན་བསམ་པའི་རྣམ་འགྱུར་སྟོན་མོད། ལས་གྲོགས་ཚོས་ཁོང་གི་སེམས་ཁམས་དང་མཐུན་པའམ་ཡང་ན་ཡུལ་དུས་ཀྱི་གནས་སྟངས་དང་མཐུན་པའི་སྐད་ཆ་ཞིག་གཏན་ནས་བཤད་མ་མྱོང་བས་རྩོམ་པ་པོར་ཁེར་རྐྱང་གི་སུན་སྣང་ཆད་མ་མྱོང༌།
༤
“རྩོམ་པ་པོས་ད་ལོའི་ལོ་འཁོར་ལས་བསྡོམས་འབྲི་བཞིན་པ་ཁྱེད་ཚོས་ཤེས་ཡོད་དམ།”
“དེ་མི་ཤེས་པ་ག་ལ་སྲིད།”
ད་དུང་ལོ་གཉིས་གསུམ་ཡར་སྔོན་གྱི་ཡིག་ཚགས་ཆ་ཚང་བསྔོགས་ནས་མ་ཤེས་ཤེས་མདོག་དང་མི་རྒྱན་རྒྱན་མདོག་གིས་སྐྱོན་འཚང་འཐུས་ཀྱི་འདུག་ཟེར།
“དེའི་མི་ཚད་སྔར་བསྒྲིགས་ཟིན་པའི་ལོ་འཁོར་ལས་བསྡོམས་ཁག་ལ་བཟོ་བཅོས་བྱེད་ཆོག་པའི་སྙན་ཞུ་ཞིག་ཀྱང་ཕུལ་འདུག་ཟེར།”
“ཁོང་སྨྱོས་པ་རེད། ལས་ཀ་མེད་སར་ལས་ཀ་བཙལ། སྐྱོན་ཆ་མེད་པར་ཐེར་འདོན་བྱེད།”
“དམིགས་ཡུལ་མེད་པ་ག་ལ། མཚན་སྙན་གྲགས་རྒྱས་འདོད་པས་རེད།”
“མ་རེད། ཁོང་གི་དམིགས་ཡུལ་དེ་འདྲ་ཆུང་ཆུང་ཞིག་ག་ལ་ཡིན། ངས་བསམ་ན་ཁོང་གིས་ང་ཚོའི་ཡིག་ཚང་གི་གསང་བ་བཙོང་གི་འདུག ཁོང་མྱུལ་མ་ཡིན་ན་་་་་”“ཁོང་ལ་ཡིག་ཚགས་ལྐོག་ལྟ་བྱས་པའི་ཉེས་པ་ཡོད། ངས་ཁོང་ཐེར་འདོན་བྱ་ངེས།”
རྩོམ་པ་པོ་ལས་ཁུང་དུ་ཡོང་སྐབས་ལས་གྲོགས་ཚོའི་ལབ་གླེང་ཐོས་པས་ཐད་ཀར་ཡར་འཛུལ་མ་ཐུབ། ཁོས་བསམ་བློ་ཞིག་བཏང་སྟེ་ཁ་ཕྱིར་རུང་ལག་གི་ཟིན་བྲིས་འབྲི་དེབ་ཐང་ལ་ལྷུང་བས་ལས་གྲོགས་ཚོ་ཁུ་སིམ་མེར་བཏང༌། ཁོང་ཧ་ཅང་དོག་མི་བདེ་བའི་ངང་ཡར་འཛུལ་ཀྱང་ལས་གྲོགས་ཚོའི་རྣམ་འགྱུར་ལས་ཁོང་གི་སེམས་པ་གྲང་ཤུར་ཤུར་ཏུ་གྱུར།
“ལས་གྲོགས་ཚོ།ངས་ད་ལོའི་ལོ་འཁོར་ལས་བསྡོམས་འབྲི་བཞིན་ཡོད་པས་ཚང་མས་རྒྱབ་སྐྱོར་དང་རོགས་རམ་གནང་རོགས།” རྩོམ་པ་པོས་ཚང་མའི་ཁྱད་མཚར་བའི་རྣམ་འགྱུར་ལ་བལྟས་ཏེ་གསལ་བཤད་ཅིག་བྱ་འདོད་ཀྱི་སྐད་ཆའི་འགོ་གླེང་མོད། ལས་གྲོགས་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱི་ལ་ཐོན་སོང༌།ཕྱི་དྲོའི་ཚོགས་འདུ་སྟེང་ནས། འགན་འཛིན་གྱིས་ཚོགས་འདུའི་ལས་རིམ་གཙོ་སྐྱོང་བྱས་རྗེས་རྩོམ་པ་པོར་ལོ་འཁོར་ལས་བསྡོམས་སྐོར་ལ་བསམ་འཆར་ཡོད་མེད་དྲིས།
རྩོམ་པ་པོས་ད་ལོའི་ལོ་འཁོར་ལས་བསྡོམས་ཀྱི་ས་བཅད་རེ་རེ་བཞིན་བསྒྲགས་རྗེས་འགྲིག་མེད་ས་དང་མ་འདང་ས་ཡོད་ན་ཚང་མས་འཕྱར་བ་གྲུ་འདེགས་གནང་རོགས་ཟེར།
འགན་འཛིན་གྱིས་འདིའི་སྐོར་ལ་དྲི་བ་དང་བསམ་འཆར་ཡོད་ན་ཤོད་ཅེས་ལས་གྲོགས་ཚོར་མིག་མདངས་འཕངས་ཀྱང་ཚང་མ་ཁུ་སིམ་མེར་བསྡད་བྱུང༌། རྩོམ་པ་པོས་ལས་གྲོགས་ཚོར་ཅེར་ཏེ་དོགས་འཆར་དང་བསམ་ཚུལ་ག་རེ་ཡོད་ན་ཚོགས་ཐོག་འདི་ནས་གསུང་ན་ཚང་མར་གསལ་བོ་ཆགས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཟེར་མོད། ལས་གྲོགས་ཚོ་ཡང་བསྐྱར་ཁུ་སིམ་མེར་བསྡད་འདུགརྩོམ་པོ་པོས་ད་ལོའི་ལོ་འཁོར་ལས་བསྡོམས་དང་འབྲེལ་བ་ཡོད་མེད་ཀྱི་སྐད་ཆ་ག་རེ་ཡོད་ན་ང་ཚོས་གྲོས་སྡུར་བྱེད་ཆོག་ཅེས་ཡང་བསྐྱར་སེམས་ཀྱི་དོགས་པ་རྣམས་འཆད་པའི་རེ་བ་བཏོན་མོད། ལས་གྲོགས་ཚོས་མིག་མདངས་ཁྱོག་པོར་བལྟ་བ་ལས་ཁ་གྲགས་མཁན་གཅིག་ཀྱང་མ་བྱུང༌།
མཚན་མོ་དེར། རྩོམ་པ་པོས་“ཕ་ཡུལ་ལགས། ང་ཁེར་རྐྱང་ཡིན་” ཞེས་པའི་སྙན་ངག་རིང་མོ་ཞིག་བྲིས་ཏེ་རང་གི་ཉལ་སའི་འགྲམ་གྱི་རྩིག་ངོས་སུ་སྦྱར།
༥
རྩོམ་པ་པོས་༼ས་མཐའི་ཟིན་ཐོ་༽ཞེས་པའི་རྩོམ་ཡིག་དེའི་མཇུག་སྐྱོང་བཞིན་པའི་སྐབས་དེར། འགན་འཛིན་ཟླ་བའི་དྲུང་ཡིག་གིས་སྒོ་རྡུང་བྱུང༌།“རྩོམ་པ་པོ་ལགས། ཁྱེད་འགན་འཛིན་ཟླ་བའི་ཡིག་ཚང་དུ་བཅར་རོགས།” དྲུང་ཡིག་དེས་ཉེན་རྟོག་པ་ཞིག་གིས་རང་གི་དཔོན་པོ་ཞིག་ལ་གུས་ཉམས་ཞུས་པ་བཞིན་ལག་གཡས་པ་ཡར་བཀྱག་ནས་སྨྲས། སྔར་གུས་ཞབས་དང་ཡིད་སྨོན་གྱིས་འབོད་པའི་རྩོམ་པ་པོའི་མིང་འདི་ད་བར་མཐོང་ཆུང་དང་ཕྱི་ཚུལ་ཙམ་གྱིས་འབོད་ཚུལ་དུ་གྱུར་འདུག
“ཁྱེད་རང་དོག་མི་བདེ་ན་ཁྱེད་ཀྱིས་ང་ལ་གང་འདོད་ལྟར་བོས་ན་ཆོག” རྩོམ་པ་པོའང་ཚུལ་འཆོས་ཀྱི་ཉམས་དེར་གཏན་ནས་འཐད་ཀྱི་མེད་པ་འདྲ།
“ངས་ཇི་ལྟར་བཤད་ཀྱང༌། ཁྱེད་རང་རྩོམ་པ་པོ་རེད། འོན་ཀྱང་རྩོམ་པ་པོ་ཚོའི་འཚོ་བ་ངས་བཤད་མ་དགོས་པར་ཁྱེད་རང་ཉིད་ལའང་ཧ་ཅང་གསལ། ཁྱེད་ཀྱི་ད་བར་དུ་དུས་དེབ་དང་ཚགས་པར་སྟེང་རྩོམ་ཡིག་ག་ཚོད་བཀོད་ཡོད། སྒོར་རྡོག་གཅིག་ཀྱང་མེད་པ་མ་ཡིན་ནམ།དེ་ལས་ཡིག་གཏགས་ལྟ་བུའི་ཞོར་ལས་རེ་ལ་འབད་ན་མ་མཐའ་ཡང་རང་གི་འཚོ་བའི་ཁ་སྣོན་ལ་ཡོང་འབབ་རེ་ཡོད་པ་རེད། འཚོ་བའི་ཆ་རྐྱེན་ཡག་ཏུ་སོང་ན།གཞན་གྱིས་ཁྱེད་ལ་བཟུང་བའི་ལྟ་ཚུལ་དང་མཐོང་སྣང་ཇེ་ཡག་ཏུ་འགྲོ་བ་རང་བཞིན་རེད།” དྲུང་ཡིག་དེ་ཧ་ཅང་ཁ་བདེ་ཞིག་རེད།
འགན་འཛིན་ཟླ་བས་ཀྱང་རྩོམ་ཡིག་ཁོ་ན་བྲིས་ན་འཚོ་བ་སྐྱིད་པོ་ཞིག་རོལ་མི་ཐུབ་པས་ཞོར་དུ་གཞུང་སྒྲུབ་ཁང་གི་ཡིག་གཏགས་ཀྱི་འགན་ཡང་འཁུར་ཟེར། ད་དུང་འཚོ་བའི་ཁ་སྣོན་ལྟ་བུར་ཟླ་རེར་ཧིན་སྒོར་ཆིག་སྟོང་རེ་སྤྲོད་རྒྱུ་བྱས་མོད། རྩོམ་པ་པོས་ཁས་ལེན་རྩ་བ་ནས་མ་བྱས།རྩོམ་པ་པོ་ལ་མཚོན་ན་ལས་ཁུངས་གྲོལ་རྗེས་ཀྱི་དུས་ཚོད་ནི་ཆེས་རིན་ཐང་ཆེས་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་ཧིན་སྒོར་ཆིག་སྟོང་གིས་ཉོ་ཐུབ་པ་ཞིག་ག་ལ་ཡིན།
ཉིན་དེ་ནས་བཟུང༌།ལས་ཁུང་གི་ལས་གྲོགས་ཚང་མས་རྩོམ་པ་པོ་ནི་གླེན་པ་ཞིག་ལ་ངོས་འཛིན་བྱེད། ཡོང་འབབ་ལེན་མི་ཤེས་པའི་གླེན་པ་གླེན་རྐྱང་ཞིག་ལ་ངོས་འཛིན་བྱེད་པས། རིམ་བཞིན་རྩོམ་པ་པོ་གླེན་པ་ཞིག་རེད་ཅེས་པའི་སྐད་ཆ་འདི་ལས་གྲོགས་ཚོ་བརྒྱུད་ནས་གང་སར་ཁྱབ་སོང༌། མཚམས་རེར།ཁོང་ནི་གླེན་པ་ཞིག་ཡིན་པ་འདྲ་ཞེས་པའི་སྐད་ཆ་རེ་རྩོམ་པ་པོས་རྒྱབ་མདུན་གང་རུང་ནས་དངོས་སུ་ཐོས་མྱོང་མོད། འོན་ཀྱང་ཁོས“ཕ་ཡུལ་ལགས། ང་ཁྱེད་ཀྱི་རུམ་ཁུག་ན་ཡོད་ན་ཅི་མ་རུང་”ཞེས་པའི་སྙན་ངག་ཞིག་བྲིས་ཏེ་རང་སེམས་གསོ་ཐབས་བྱས།
༦
“ཁོང་གིས་གླ་ཆ་འཕར་སྣོན་གྱི་ཡིག་གཏགས་ལས་ཀ་དེའང་དང་ལེན་བྱས་མི་འདུག་པས་གླེན་པ་མིན་ན་གང་རེད།”
“ཁོང་གིས་ཡོང་འབབ་མེད་པའི་རྩོམ་ཡིག་རེ་འབྲི་རྒྱུ་ལས་གཞན་གང་ཡང་ཤེས་ཀྱི་མེད་ན། ད་གླེན་པ་མིན་ན་ཅི་རེད།”“གླེན་པ་དེ་འདྲ་ཞིག་ད་བར་དུ་མཐོང་མ་མྱོང༌། འགན་འཛིན་ཟླ་བ་ཡང་ཡ་མཚར་རེད།གླེན་པ་དེ་འདྲ་ཞིག་ད་དུང་ཡང་ལས་ཁུང་དུ་་་་་་་་་༌།”
“ད་དེའི་སྐོར་མ་གླེང༌།གླེན་པ་ཞིག་གི་སྐོར་གླེང་ནས་བསྡད་ན་རང་ཉིད་ཀྱང་གླེན་པ་ཞིག་ཏུ་འགྱུར་བའི་ཉེན་ཁ་ཡོད། དེ་ལས་དེར་དགོང་གི་དགོང་ཚོགས་སུ་ཞུགས་མཁན་སུ་སུ་ཡོད།”
“གླེན་པ་མ་གཏོགས་ཚང་མ་ཡོད༌།”“དུས་ལྟར་ཤོག ད་དུང་མི་རེ་ནས་གཞས་རེ་གཏོང་རྒྱུ་གྲ་སྒྲིག་བྱོས།”
རྩོམ་པ་པོས་ཚོགས་ཁང་ནས་མཆེད་འོང་བའི་རོལ་དབྱངས་དེར་རྣ་བ་གཏད་པ་དང༌། ལས་གྲགས་ཚོའི་ལབ་གླེང་ལ་ཕྱིར་དྲན་བྱེད་དགོས་བྱུང༌།རོལ་དབྱངས་དེ་ནི་རང་སེམས་གསོ་བྱེད་ཅིག་དང་མཚུངས་པར་སྙན་ལྷང་ལྷང་གིས་མཆེད་ནས་ཡོང་ནའང༌། ལས་གྲོགས་ཚོའི་སྐད་ཆ་དག་ནི་མཚམས་མཚམས་ནས་སེམས་ཀྱི་ཟབ་སར་འཛུལ་འགྲོ་བས་རང་སེམས་གནོན་མ་ཐུབ་པས་གང་ཞིག་ལ་འགྲོ་རྩིས་བྱེད་བཞིན་པའི་སྐབས་དེར། འགན་འཛིན་ཟླ་བའི་དྲུང་ཡིག་ཁ་བདེ་དེ་སླེབས་བྱུང༌།
“གླེན་་་་་་་༌། མ་རེད། རྩོམ་པ་པོ་ལགས།
འགན་འཛིན་གྱིས་ཁྱེད་རང་དགོང་ཚོགས་ལ་ཕེབས་གསུང་གི་འདུག”
“་་་་་་་་་་་་”
རྩོམ་པ་པོས་དྲུང་ཡིག་གི་རྣམ་འགྱུར་ལ་བལྟས་ནས་འདུག་པ་ལས་ཚིག་གཅིག་ཀྱང་མ་བཤད།
“ངས་ངོ་མ་བཤད་ཀྱི་ཡོད། འགྲོ།
དྲུང་ཡིག་གིས་རྩོམ་པ་པོའི་ལག་མགོར་འཇུས་ནས་ཁྲིད་སོང༌།
“ཚང་མས་ཉོན།ང་ཚོའི་རྩོམ་པ་པོས་ལས་གྲོགས་བཀྲ་ཤིས་ལ་གླུ་དབྱངས་ཤིག་ལེན་རྒྱུ་རེད།” འགན་འཛིན་ཟླ་བས་ཁྱབ་བསྒྲགས་བྱས་པ་དང་ཚང་མ་ཁུ་སིམ་མེར་གྱུར།
“ངས་གླུ་དབྱངས་ལེན་མི་ཐུབ།འོན་ཀྱང་སྤུན་ཟླ་བཀྲ་ཤིས་ང་ཚོའི་ལས་ཁུང་དུ་ཕེབས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། ལྷག་པར་དུ་ང་ཚོའི་ལས་བྱེད་ཚང་མས་བཀྲ་ཤིས་ལ་མཐུན་སྒྲིལ་དང་རོགས་རམ་བྱ་རྒྱུ་གལ་ཆེན་པོ་རེད་སྙམ། གཤམ་ནས་ངས་རྣམ་པ་ཚོར་གླུ་དབྱངས་ཀྱི་ཚབ་ཏུ་སྙན་ངག་ཅིག་གྱེར་ཆོག་པར་གྱིས།”
“ཧ་ཧ་ཧ། ཧེ་ཧེ་ཧེ།” ཚང་མ་གད་མོ་ཤོར་སོང༌།
“དམིགས་ཡུལ་གཅིག་གིས་འཛོམས་པའི་སྤུན་ཟླ
”ཞེས་པའི་སྙན་ཚིག་ཅིག་འཐོལ་བྱུང་དུ་གྱེར་བ་དང་བཀྲ་ཤིས་ཀྱི་མདུན་དུ་སོང་ནས་འཚམས་འདྲིའི་ལག་འཇུ་བྱས།
“ངེས་པར་དུ་གླུ་དབྱངས་ལེན་དགོས།ནམ་རྒྱུན་སྙན་ངག་སྙན་ངག་ཅེས་ཚིག་མཁྲེགས་པོ་འགའ་བཀླགས་ནས་ག་ལ་ཆོག” ལས་གྲོགས་ཚོ་གཅིག་རྗེས་གཉིས་མཐུད་དུ་གྲགས་བྱུང༌།“དེ་འདྲ་ཟེར་སྲོལ་ག་ལ་ཡོད། ང་ཚོ་ཚང་མ་རྩོམ་སྒྲིག་སྡེ་ཚན་འདིའི་ཁྱབ་ཁོངས་ཀྱི་ལས་བྱེད་ཤ་སྟག་རེད།ང་ཚོ་རྩོམ་རིག་དང་སྙན་ངག་ལ་དགའ་མོས་ཡོད་དགོས་ལ། ཚིག་མཁྲེགས་པོ་རེད་བརྗོད་ན་ང་ཚོའི་ངོ་ཚ་རེད། ད་དུང་་་་་་་་་༌།”
“འགྲིག་སོང༌།” འགན་འཛིན་ཟླ་བས་སྒྲོག་ཙེ་སྟེང་ལ་ཤུགས་ཀྱིས་གཞུས་ཏེ་སྒོར་ཐོན་སོང༌།
“ཚང་མ་གླེན་པ་དེས་ལན་སོང༌། གླེན་པས་དགོང་ཚོགས་ལའང་རོལ་ཤེས་ཀྱི་མི་འདུག” ལས་གྲོགས་ཚོས་ཡང་བསྐྱར་ལབ་གླེང་གི་འགོ་བཙུགས་སོང༌།
“དགོངས་དག”
རྩོམ་པ་པོས་ཀུན་གྱིས་རྣམ་འགྱུར་དང་ལབ་གླེང་ལ་བསམ་ན་འདུག་ཚོད་མིན་པ་ཤེས་པས་ཕྱི་ལ་ཐོན་སོང༌།
དགོང་མོ་དེར།རྩོམ་པ་པོས་རང་ཉིད་ཁེར་རྐྱང་དུ་ལྷག་པའི་བརྒྱུད་རིམ་ལ་བསམ་བློ་ཇི་ལྟར་བཏང་ཡང་འོས་ཤིང་འཚམ་པའི་རྒྱུ་མཚན་ཞིག་མ་རྙེད་པས། “ང་ལ་དྲོད་ཁོལ་གྱི་གནས་མལ་མི་འདུག”ཅེས་པའི་སྙན་ངག་ཅིག་བྲིས་ཏེ་སྐད་ཤུགས་ཆེན་པོས་གྱེར། ཐེངས་གཉིས་གསུམ་ཞིག་ལ་གྱེར་རྗེས་སྙན་ངག་གི་ཚོར་བ་ཤུགས་ཆེ་དྲག་པའམ་ཡང་ན་ཡིད་ཀྱི་སྐྱོ་གདུང་རྒྱས་དྲགས་པ་གང་ཡིན་མི་ཤེས་མོད། མིག་མཐའ་མཆི་མས་སྒྲིབ་སོང༌།
༧
ཆར་བ་སིམ་སིམ་འབབ་པའི་གཟའ་པ་སངས་ཀྱི་ཉིན་ཞིག་ལ། རྩོམ་པ་པོ་ལས་ཁུང་དུ་མ་སོང་བར་རང་ཤག་ན་སྙན་ངག་གྱེར་ནས་བསྡད་འདུག དྭངས་ཤིང་གཙང་བའི་མིག་ཆུའི་ཐིགས་པ་རེ་རེ་དང་མཉམ་དུ་ཚིག་འབྲུ་གསལ་ལ་དབྱངས་འགྲོས་སྙོམས་པའི་སྙན་ངག་གྱེར་གྱི་འདུག
“གྲོགས་པོ་ལགས། ང་ཚོས་ཁྱེད་ལ་སྒུག་ཡོད།” ཅེས་པའི་སྙན་ངག་ཅིག་གྱེར་བ་དང༌། མིག་ཟུང་བཙུམ་ནས་ཡུན་རིང་ཞིག་ལ་ཁུ་སིམ་མེར་བསྡད།མིག་ཀོང་གི་མཆི་མ་ལག་པའི་ལྟག་རྒྱབ་ཀྱིས་ཕྱིས་ཏེ་ཡང་བསྐྱར་ཡིག་སྐོགས་ཤིག་ཁ་ཕྱེས་བྱུང༌།
“གྲོགས་པོ་ལགས། ང་ཚོ་ལྷན་འཛོམས་ཡོང་བར་སྨོན།”“གྲོགས་པོ་ལགས། ང་ཚོས་གཞེས་བྱེས་མཉམ་འཛོམས་ཀྱི་ལོ་ཟླ་བསུ།”“གྲོགས་པོ་ལགས། ཕ་ཡུལ་གྱིས་ཁྱེད་ཀྱི་གོམ་སྒྲར་ཉན་ནས་ཡོད།”
རྩོམ་པ་པོས་བོད་ནས་འབྱོར་བའི་གྲོགས་པོ་ཚོའི་སྙན་ངག་རེ་རེ་བཞིན་གྱེར་སོང༌། མཚམས་རེར་འཛུམ་མདངས་དང་མཚམས་རེར་སྐྱོ་གདུང་གི་ཉམས་ཡོངས་སུ་བསྟན་ནས་རེ་རེ་བཞིན་གྱེར་སོང༌།
འགན་འཛིན་ཟླ་བས་སྒེའུ་ཁུང་ནས་རྩོམ་པ་པོར་ཅེར་ནས་འདུག་པ་ལས་ཚིག་གཅིག་ཀྱང་མི་བཤད། ལས་གྲོགས་ཚོས་ཀྱང་རྩོམ་པ་པོའི་སྒེའུ་ཁུང་བསྐོར་བྱུང༌།
“གནས་འདི་ན།གྲོགས་པོ་ཁྱེད་ཅག་ལྟ་བུའི་ལར་ཞེན་ཅན་དང་ཕུགས་འདུན་ཅན་གྱི་མི་ཧ་ཅང་ཉུང་བས་ང་ལ་ཁེར་རྐྱང་གི་གདུང་བ་ལྕི་མོད། དེ་རིང༌། འཕྲིན་ཡིག་འདི་དག་གིས་ངའི་ཁེར་རྐྱང་གི་གདུང་བ་ཡོངས་སུ་སེལ་སོང༌།” རྩོམ་པ་པོས་ཁེར་ལབ་ཅིག་བརྒྱབ།ལས་གྲོགས་ཚོས་སྐད་ཆ་དེ་གོ་བ་དང་གཅིག་གིས་གཅིག་ལ་ལྟ་ཙམ་བྱས།
རྩོམ་པ་པོས་བོད་ནས་འབྱོར་བའི་གྲོགས་པོ་ཚོའི་སྙན་ཚིག་རེ་རེ་བཞིན། ཉལ་ཁྲི་འགྲམ་གྱི་རྩིག་ངོས་ལ་སྦྱར་བ་དང༌།ཡང་བསྐྱར་སྐད་ཤུགས་གང་ཡོད་ཀྱིས་གྱེར་བྱུང༌། ད་ཐེངས་རྩོམ་པ་པོས་གྱེར་བའི་སྙན་ཚིག་རེ་རེའི་སྐད་གདངས་མི་འདྲ་ལ་རྣམ་འགྱུར་ཡང་མི་འདྲ་བར་སྐད་ངག་འདར་ཙམ་གྱིས་མིག་ཆུ་དང་ལྷན་དུ་གྱེར།
ཕྱི་རོལ་ན་མི་ཚོགས་མང་ལ།རྩོམ་པ་པོ་སྨྱོས་འདུག་ཟེར་བའི་སྐད་ཆ་ཞིག་སྦྲང་ཆར་སིམ་སིམ་དང་མཉམ་དུ་རྩོམ་པོ་པོའི་སྒེའུ་ཁུང་ཕྱི་རོལ་དུ་བབས།
དོན་ངོ་མར་རྩོམ་པ་པོ་སྨྱོས་ཡོད་དམ།
ཉི་མ་མཚོ་ལགས། ཁྱེད་ཀྱི་རྩོམ་ཡིག་བཀླགས་ཚར་བ་ཡིན། སྔར་ཡང་ཁྱེད་ཀྱི་སྙན་རྩོམ་
མང་པོ་ཀློག་མྱོང་ཡོད། ཁྱེད་ནི་བོད་པའི་བུ་མོ་ཚོའི་རྒྱན་ཞིག་རེད།
ཁྱེད་ཀྱིས་ད་དུང་མུ་མཐུད་སྙན་རྩོམ་རེ་འབྲི་རོགས། དེ་ངའི་རེ་བ་ཡིན།
ཡང་གསེར་ཆོས་ཁ་ཡག་འདིར་སླེབས་བསྡད་འདུག འ་ཁ་ཁ འདི་ད་ངོ་ནས་མོ་དྲི་གང་ཞིག་ན་ཁ་ན་དེར་རྒྱུགས་འགྲོ་མཁན་ཟིག་རེད
འོ་ལགས་སོ་གཞོན་ནུ་ཟླ་མེད་ལགས། ང་མོ་དྲི་བྲོ་ནས་ཡོང་ནི་མིན།
ཁྱེད་མིག་མ་ཚ་ལགས།
དགོངས་དག་ཞུ་རྒྱུ་ཞིག་ལ་ངའི་མིང་ནོར་འདུག དྲྭ་ཁང་འདིའི་ནང་དུ་མིང་འབྲི་སྐབས་
ཐེངས་རེ་སྔོན་འཇུག་གི་ཡིག་འབྲི་ག་མནན་དུས་སྔོན་འཇུག་ག་ཅན་མང་པོ་ཤར་ཡོང་གི་
འདུག་དེའི་ནང་ནས་གཡག་ཕྲུག་ཟེར་བ་དེ་ངའི་མིང་གི་ཚབ་ཏུ་ཤོར་བ་རེད།
ཤིན་ཏུ་སྙན་པོ་བྱུང་སོང༌།