ཟིན་བྲིས་པ་ཞིག་ཆགས་པར།སྤུན་ཟླ་མི་ཉུང་བ་ཞིག་གིས་ཟིན་བྲིས་པ་ཞིག་ཅི་ལྟར་ཡོང་མིན་ཐད་དུ་བསམ་ཚུལ་མི་ཉུང་བ་ཞིག་ལོ་ཟླ་རིམ་སོང་གི་ཁྲོད་དུ་མི་ཉུང་བ་ཞིག་གསུང་ཟིན་པ་རེད། བདག་གིས་དེ་རིང་ཟིན་བྲིས་པ་ཟེར་ན་ག་འདྲ་ཞིག་དགོས་མིན་བསྐོར་ལ་ཟིན་བྲིས་པ་ཡོངས་ལ་བསམ་ཚུལ་ཞིག་འབུལ་རྒྱུ་ཡིན་ན་སྤུན་ཟླ་ཡོངས་ཀྱི་དེའི་ཐད་དུ་རང་རང་གི་བསམ་ཚུལ་ཐུང་ཐུང་ཞིག་ལས་མ་བྱུང་རང་གསུང་རོགས་ཞུ།
རྒྱུ་མཚན་ནི་དེང་སང་འུ་ཅག་གི་རང་གི་ཁྱིམ་དང་འདྲ་བའི་དུས་བབ་ཟིན་བྲིས་ཚང་གི་རྩོམ་སྒྲིག་པ་ལགས་ཀྱི་ཟིན་བྲིས་པ་མི་ཉུང་བ་ཞིག་གིས་ཟིན་བྲིས་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་ཟིན་པ་ཡིན་ལ། མི་རིང་བར་ཟིན་བྲིས་མི་ཉུང་བ་ཞིག་ད་དུང་སྒོ་རྒྱག་རྩིད་ཡོད་པའི་གསལ་བསྒྲགས་ཤིག་ཡོད་པ་སྤུན་ཟླ་མི་ཉུང་བ་ཞིག་གིས་མཐོང་ཡོད་ཤག་རེད་ལགས།
དེས་ན་འུ་ཅག་གིས་ཟིན་བྲིས་གཉེར་དོན་གཙོ་བོ་གང་རེད་ཟེར་ན་ང་རང་གི་དངོས་ནས་བཤད་ན། ང་རང་ནི་བོད་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཟེར་ནས་བཤད་ཀྱང་ཆོག ང་རང་ཆུང་དུས་ནས་བཟུང་དེ་བོད་ཡིག་ལ་དུངས་པ་ཞིག་ཡོད་ལ་ཆུང་དུས་སློབ་ཆུང་དུ་ཡོད་སྐབས་ཀྱང་རྒྱ་ཡིག་སྤྱོང་རྒྱུར་མི་དགའ་བར་བོད་ཡིག་སྤྱོང་རྒྱུར་དགའ་བོ་ཡོད། དེ་ལ་དམིགས་བསལ་གྱིས་འབྲེལ་བ་ཞིག་ཀྱང་ལོས་ཡོད། རྟག་དུ་ཕ་མ་དག་གིས་རྒྱ་དགའ་ཟེར་བ་དང་། རྒྱ་སྤང་ཟེར་བ། ཁ་རྒྱ་ནང་དུ་བསྐོར་རྒྱོ་ཁྱོད། རྒྱུ་འབྲས་མེད་ལ་རྒྱ་མ་རེད་དམ་ཟེར་བ་སོགས་ཀྱི་མིང་ཚིག་མི་ཉུང་བ་ཞིག་གིས་བཞག་པའི་བག་ཆགས་ཀྱང་ཡིན་སྲིད། གང་ལྟར། ཟིན་བྲིས་པ་ཞིག་བྱེད་དོན་ནི་རང་གི་སྐད་ཡིག་འདི་བོད་ཡིག་ཡིན་སྟབས། བོད་ཡིག་འབྲི་སའི་ཁོར་ཡིག་ཞིག་རེག་པ་དེ་ལ་དགའ་ཞེན་གྱིས་ཟིན་བྲིས་གཉར་བ་ཡིན་ལ། ཞོར་དུ་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་སེམས་ཁོང་གི་དགའ་སྐྱོ་ཆགས་སྡང་སོགས་གླེང་སའི་གར་སྟེགས་ཤིག་གི་སྟེང་ནས་རང་དང་ན་མཉམ་གྱི་སྤུན་ཟླ་འཛམ་གླིང་གི་ཁོར་ཡུག་གང་སར་གནས་པ་དག་གིས་རང་གི་སྐད་ཡིག་ལ་བཅིངས་པའི་བརྩེ་བ་དེ་ལ་རིན་ཐང་ཆེ་རུ་གཏོང་བར་ཕན་ཅུང་ཙམ་རེ་ཐོག་མ་སྙམ་ནས་དུས་བབ་ཚང་གི་ཟིན་བྲིས་ཤིག་ཡོད་པ་གོ་མ་ཐག་ས་ཁ་ཐག་རིང་བ་དང་ཁོར་ཡུག་གི་ཆ་རྐྱེན་སོགས་ཅི་ལ་ཡང་མ་འཛེམ་པར་དགའ་སྣང་གིས་འདི་རུ་ཞུགས་པ་ཡིན།
ངས་བསམ་ན་ཟིན་བྲིས་པ་མི་ཉུང་བ་ཞིག་ཀྱང་དེ་ལྟར་ཡིན་ངེས་སྙམ། རེད་དེ། ཟིན་བྲིས་པ་ཞིག་བྱེད་རྒྱུ་དེ་ལ་རྩོམ་སྒྲིག་པས་སྔོན་ཆད་ཅིག་ལ་འདི་འདྲ་ཞིག་གསུང་མྱོང་ཡོད་པ་རེད། ཟིན་བྲིས་ཟེར་བ་ནི་མི་ཞིག་གི་ཉིན་ཐོ་ལྟ་བུ་ཡིན་ཞེས་གསུང་བ་ད་ལྟ་ཡང་ང་རང་གིས་དྲན་གསོས་ཀྱི་འདུག དེ་འདྲ་ཞིག་ཡིན་ན། ཟིན་བྲིས་པ་ཞིག་བྱེད་པ་ལ་ཤེས་ཡོན་གྱི་ཆུ་ཚད་ཆེས་མཐོན་པོ་དེ་འདྲ་ཞིག་དགོས་ཚོད་མེད་ངེས་ཡིན། གང་ཡིན་ཟེར་ན། ཉིན་ཐོ་འབྲི་རྒྱུ་ནི་ཀ་ངོ་ཡིག་ངོ་ཤེས་མཁན་སུ་ཞིག་ཡིན་ཡང་བྲིས་ཆོག་པ་ཞིག་ཡིན་ལ། དེ་ལ་གཏན་ནས་ས་མཚམས་ཤིག་ཡོད་མི་སྲིད་པ་ཡིན། ད་ནི་ཞིབ་དུ་བརྟག་ནས་འོང་དུས་ཟིན་བྲིས་པ་ཟེར་བ་འདི་ནི་ཤེས་ཡོན་གྱི་ཚད་གཞི་ཡོད་པ། སྐད་ཡིག་རྨིང་གཞི་འཐིག་པོ་ཡོད་པ། དག་ཆ་དང་སྡེབ་སྤྱོར་སོགས་ལ་བྱང་ཆུབ་པ་ཞིག་མིན་ན་འདི་རུ་ཡོང་མི་ཉན་པ་ལྟ་བུ་ཞིག་བཤད་དེ་འོང་གི་འདུག་ན། ཟིན་བྲིས་པ་མི་ཉུང་བ་ཞིག་གིས་དེ་ལྟར་གསུང་དེ་ཕྱི་ནུར་བརྒྱབ་ཟིན་པ་རེད་ལ། ད་དུང་མི་ཉུང་བ་ཞིག་བློ་རྩེ་གཉིས་ཀྱི་སྒང་དུ་འགྲོ་བསྡོད་ཀྱི་བར་དུ་ལུས་དེ་ཡོད་པ་རེད།
དོན་དངོས་སུ་ཟིན་བྲིས་པ་ཞིག་བྱེད་པ་ལ། ང་རང་གི་བསམ་ན་ཐོག་མར་བོད་ཡིག་ལ་དགའ་བའི་བོད་པ་ཞིག་ཡིན་དགོས་པ་དང་། བོད་དོན་ལ་བཅིངས་པའི་སེམས་པ་དཀར་ཞིང་། བོད་དོན་དུ་སྐད་ཆ་བཟང་ངན་གང་ཞིག་བཤད་ཀྱང་འགྲིག་གི་འདུག་ལ། དེ་ལ་ལན་ཡང་ཡག་བཙོག་གང་ཡིན་ཡང་ཡོང་ཆོག་གི་འདུག་སྙམ། དེ་ལ་གཏན་ནས་གཏན་འགོག་དང་ཚིག་ངན་སོགས་བེད་སྤྱད་དེ་རྒྱའི་ཉུལ་མ་དང་། འདྲེ་ཤུགས་ལྡན་བརྟེན་མཁན་སོགས་ཟེར་ནས་དམོད་ཚིག་འཕེན་དགོས་དོན་དེ་བས་ཀྱང་མི་འདུག ལྷག་པར་དུ་སྤུན་ཟླ་སུ་ཞིག་ཡིན་ཡང་། ནང་ཁུལ་དུ་དོན་མེད་དུ་ཕྲག་དོག་དང་དམའ་འབེབས་སོགས་རྒྱུ་མཚན་སྣ་གཅིག་ཀྱང་མེད་པར་དེ་ལྟར་བྱེད་པ་རང་གི་ཤ་བཅད་དེ་ཁྱི་ལ་སྟེར་གྱི་ཡོད་པ་དང་མཚུངས་པས་ན་དེའི་རིགས་ལ་སྤུན་ཟླ་སུ་ཡིན་ཡང་འཛེམས་ན་ཡག་པོ་འདུག་ཟེར་ནས་ཞུ་འདོད་བྱུང་། དངོས་ནས་དགོས་པ་རྒྱུ་མཚན་དང་གནས་ལུགས་སོགས་ཁུངས་ལྡན་ཞིག་ཡིན་ན་སྤུན་དང་ཉེ་རིང་། ཕྱོགས་་རུས་སོགས་ཀྱི་དབང་དུ་མ་སོང་བར་དྲ་ཚིགས་འདིའི་རྩོམ་སྒྲིག་པ་དང་ལས་བྱེད་ཡོངས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་བོད་ཀྱི་སྐད་ཡིག་གི་དར་རྒུད་ལ་ཞབས་འདེགས་ཆེས་མི་དམན་པ་ཞིག་གནང་བ་འདི་ལ་ཞབས་འདེགས་ཞུ་མ་ཐུབ་རང་། ཞབས་འདྲེན་མ་ཞུས་པ་ཡིན་ན་དངོས་ནས་ཟིན་བྲིས་པ་ཞིག་ཆགས་པར་འདོད།
ཟིན་བྲིས་པ་ཞིག་ཆགས་པར་བསམ་ཚུལ་འདི་ཙམ་ཞུ་དོན་ནི། ད་ལྟའི་འཆར་དུས་བབ་ཚང་ནི་དངོས་ནས་བཙན་བྱོལ་ནང་དུ་སྐད་གྲགས་ཡོད་པ་དེ་ནི་ཁ་ཡག་བརྗོད་པ་ཙམ་མིན་པར་བོད་མི་མང་གི་གསར་ཤོག་གལ་ཆེ་ཤོས་ཤིག་ཆགས་མྱོང་ཡོད་པ་དེ་ད་ནི་རྒུད་ས་རེད་སྙམ་ནས་བྲིས་པ་ཡིན་ལགས། དེ་མིན་ཟིན་བྲིས་པ་དག་འདི་རུ་ཡོང་མིན་དེའི་གོ་རིམ་དང་ཟིན་བྲིས་པ་ཚད་ལྡན་ཡིན་མིན་གྱི་རིམ་པ་ཞིག་ཕྱེ་ནས་ཚད་ལྡན་མིན་པ་དག་སྒོ་རྒྱག་གི་ཡིན་པས་གསུང་ཞིག་རྩོམ་སྒྲིག་པའི་གནང་མ་ཐག་ཡིན་དུས། ཁོ་རང་ལ་ཁོ་རང་གིས་དམིགས་ཡུལ་ལེགས་པོ་ཞིག་ཡོད་པར་རེ་བ་ཡོད་ལ། དུས་བབ་ཚང་གི་ཟིན་བྲིས་ལེགས་པོ་བཅུ་ལས་མ་བྱུང་རང་དེ་ལྟར་མུ་མཐུད་དུ་རྒྱུན་སྐྱོང་རྒྱུའི་གསལ་བསྒྲགས་བྱས་ཟིན་པ་ཡིན་དུས། སྤུན་ཟླ་སུ་ཞིག་གིས་ཟིན་བྲིས། རྩོམ་སྒྲིག་པ་མཆོག་གིས་སྒོ་རྒྱག་པའི་སྐུལ་མ་གནང་མ་ཐག དང་ལེན་བྱེད་རྒྱུ་དང་མཉམ་དུ་ཟིན་བྲིས་འདི་ལས་ཕྱིར་འཕུད་པ་ཡིན་ཡང་། རང་ཉིད་བོད་ལ་སྐྱེ་བའི་བོད་པ་ཞིག་ཡིན་པའི་དངོས་ནས་བོད་ཡིག་ལ་བཅིངས་པའི་བརྩེ་དུང་། སྐད་ཡིག་ལ་བཅིངས་པའི་སེམས་ཤུགས་སོགས་ལ་གཏན་ནས་འགྱུར་བ་མ་བཏང་བར་གང་དུ་བསྡོད་པ་དེ་ནས་རང་གི་འབྲི་དེབ་རེ་བཟུང་དེ་ཟིན་བྲིས་དུས་ཚོད་གང་ཡོད་ལ་འབྲི་རོགས་ཞུ།
ཟིན་བྲིས་པ་མི་ཉུང་བ་ཞིག་ནི་དུས་བབ་ཚང་གི་ཟིན་བྲིས་སྒོ་ཕྱེ་འདུག བང་ཆེན་ཚང་གི་ཟིན་བྲིས་སྒོ་ཕྱེ་འདུག ཁ་བརྡ་ཚང་གི་ཟིན་བྲིས་སྒོ་ཕྱེ་འདུག ད་དུང་མང་བོ་ཡོད་ཀི བོད་ཡིག་འབྲི་སའི་དྲ་རྒྱ་མི་ཉུང་གི བོད་ཡིག་ཀློག་སའི་དྲ་རྒྱ་མི་ཉུང་གི་བསམ་ནས་དགའ་ཞེན་གྱིས་ཡོང་ནས་ཐོ་འགོད་བྱས་པ་ནི་གདོན་མི་ཟ་བ་ཡིན་ཡང་། ཆ་རྐྱེན་སོགས་གང་ཅིའི་དབང་གིས་ཉིན་ལྟར་དྲ་ཐོག་དུ་འཁོར་རྒྱུའི་ཨམ་ཕྲག་སྟོང་བ། དུས་ཚོད་ཀྱི་ཁོམ་ལོང་མེད་པ། ཁོར་ཡུག་གི་མཐུན་རྐྱེན་མི་འཛོམ་པ་སོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་ནི་བཤད་མ་དགོས་པ་རེད་ལགས། གང་ལྟར། འུ་ཅག་སུ་ཞིག་འདི་ནས་འགྲོ་དགོས་བྱུང་ན། བོད་ཀྱི་དུས་བབ་ཀྱི་མཚོན་པའི་བོད་ཡིག་གི་དྲ་རྒྱ་ཡོད་ས་གང་སར་ཁོམ་དུས་སུ་བོད་ཡིག་ཀློག་དུ་འགྲོ་རྒྱུ་མ་བརྗེད་ཅིག
ད་ནི་མཐའ་སྡོམ་ཞིག་ཞུས་པ་ཡིན་ན། སེམས་ཀྱི་དམར་དམར་དེ་བཤད་པ་ཡིན་ན། ཟིན་བྲིས་པ་ཞིག་ཆགས་པ་ལ། དྲ་ཐོག་གཅིག་བུར་འཐམ་ནས་འདུག་དགོས་དོན་མེད་ལ། དྲ་ཐོག་ནས་ཟིན་བྲིས་པ་ཞིག་བྱེད་པ་ལ། སྐད་ཡིག་གི་ཆུ་ཚད་མཐོ་བ། དག་ཆ་གཙང་མ་འབྲི་ཐུབ་པ། རྩོམ་པ་པོ་དང་སྙན་ངག་པ་སོགས་ཀྱི་མིང་ག་གེ་མོ་ཞིག་ཡོད་མཁན་ཞིག་ཡིན་མི་དགོས་པར་འདོད་ལ། སློབ་ཆུང་གི་སློབ་མ་ཚུན་ཆད་ཞུགས་ཐུབ་པ་ཡིན་ན། ད་ནི་ཁ་ཡོད་ལག་ཡོད་ཀྱི་བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་ངེས་ཡིན་ལ། སློབ་ཆུང་གི་སློབ་མ་དག་གིས་ཉིན་རེའི་ནང་གི་འཚོ་བའི་བསྐོར་སོགས་འབྲི་མཁན་ཞིག་ཡོད་ན་དེ་ལ་ཟིན་བྲིས་པ་ཞེས་འབོད་རུང་བར་འདོད།
ཟིན་བྲིས་པ་ཞིག་ཆགས་པར་སྙན་ངག་རྐྱང་རྐྱང་འབྲི་མཁན་ཡིན་མི་དགོས་ལ། ཟིན་བྲིས་པ་ཞིག་ཆགས་པར་དཔྱད་རྩོམ་རྐྱང་རྐྱང་འབྲི་མཁན་ཞིག་ཡིན་མི་དགོས་དོན་མེད། ཟིན་བྲིས་པ་ཆགས་པར་སྒྲུང་རྩོམ་རྐྱང་རྐྱང་འབྲི་མཁན་ཞིག་ཡིན་དགོས་དོན་མེད། ཟིན་བྲིས་པ་ཞིག་ཆགས་པར་ཆབ་སྲིད་ཀྱི་བསྐོར་རྐྱང་རྐྱང་འབྲི་མཁན་ཞིག་ཡིན་དགོས་དོན་མེད། ཟིན་བྲིས་པ་ཞིག་ཆགས་པར་ཆགས་སྲེད་རྐྱང་རྐྱང་གི་བསྐོར་འབྲི་མཁན་ཞིག་ཡིན་དགོས་དོན་མེད། གང་ལྟར། ཟིན་བྲིས་པ་ཞིག་ཆགས་པར་ཆ་རྐྱེན་འདི་ཡིན་ཟེར་ནས་ཐག་བཅད་ཆོག་པ་ཞིག་གཏན་ནས་མེད་ཟེར་ན་འགྲིག
གལ་སྲིད་ཟིན་བྲིས་པ་ཟེར་བའི་བསྐོར་ལ་བྲིས་པ་འདིས་མི་སུ་ལ་འཕོག་ཐུག་འདྲ་ཤོར་མི་ཡོང་སྙམ་གྱི་ཡོད་མོད། འོན་ཀྱང་། ཁ་ཤས་ཀྱི་སྒྲ་བསྐོར་ལོག་ལ་འཁྱེར་ནས་དོན་བསྐོར་ལོག་རེ་བྱུང་ན་བདག་གིས་ཐོག་མར་སྤུན་ཟླ་དེར་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན་ལགས།
བོད། ལྷ་ཀླུ་གཉན་གསུམ་གྱི་རེ་བ་ལྟར་བཀོད།
ངས་ནམ་རྒྱུན་ང་རང་བེུད་ཅིག་ཡིན་པ་དང་ཤེས་ཚད་དམན་སོགས་ཀྱིས་ངོ་གནོང་ནས་ཟིན་བྲིས་ཤིག་འདེབས་དགོས་སྙམ་ཡང་བློ་སྤོབས་ཉམས་ནས་འབྲི་ཐུབ་ཀྱི་མི་འདུག འོན་ཀྱང་དེ་རིང་ཁྱེད་རང་གིས་ངའི་བློ་སྒོ་ཕྱེས་སོང་། སྤྱིར་ང་རང་བཙན་བྱོལ་དུ་སྐྱེས་པའི་ཕྲུག་གུ་ཞིག་ཡིན་རུང་ངས་རང་ཉིད་ཀྱི་སྐད་ཡིག་ལ་སྙིང་ནས་དགའ་པོ་བྱེད་ཀྱི་ཡོད། ད་ནས་བཟུང་ངས་ཁྱེད་ཀྱིས་གསུང་པའི་སླབ་བྱ་ཡིད་ལ་བཅངས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཟིན་བྲིས་རེ་སྤེལ་ཐུབ་པ་བྱེད་ཀྱི་ཡིན། སེམས་ཤུགས་སྤར་གནང་བར་ཐུགས་རྗེ་ཆེ།
བསོད་ནམས་བདེ་སྐྱིད་ལགས། ཁྱེད་ཀྱིས་ཟིན་བྲིས་སྤེལ་དང་། དེ་ནི་ཤེས་ཚད་ཡོད་མཁན་ཁོ་ན་ལ་དབང་བ་ཞིག་མ་རེད། ཐད་ཀར་བཤད་ན་ཁྱེད་ཀྱིས་ཅི་ཞིག་བཤད་འདོད་ཀྱང་དེ་ཤོད། ཅི་ཞིག་འབྲི་འདོད་ཀྱང་དེ་ཕྲིས། མཚམས་རེ་ཁྱོད་སེམས་པ་ཧ་ཅང་སྐྱོ་བའི་སྐབས་ཟིན་བྲིས་ནང་ཡོང་ནས་ངུས། སྐབས་རེ་ཁྱོད་སེམས་པ་ཧ་ཅང་སྐྱིད་དུས་ཟིན་བྲིས་ཡོང་ནས་དགོད་རོགས།
འོན་ཀྱང་ཁྱོད་ངུ་བའི་སྐབས་དང་དགོད་པའི་དུས་མི་གཞི་འཁྱོག་མི་ཉན། འདི་མི་ཞིག་ཡིན་པས་བསྲུང་དགོས་པའི་དམ་ཚིག་ཅིག་ཀྱང་ཡིན།
ཐོག་མར་སྤུན་ཟླ་ཀླུ་མིང་བ་ལགས་སུ་བཀའ་དྲིན་ཆེ་ཞུ། བདག་གིས་རེ་སྐུལ་དང་ལེན་བྱས་དེ་འདི་རུ་འདྲེན་བཀོད་བྱས་པ་དེ། དེ་ནས་ཟིན་བྲིས་པ་བསོད་ནམས་བདེ་སྐྱིད་ལགས་སུ་ཞུ་དོན། ངས་བསམ་པ་འདི་ལྟར་དྲན་བཞིན་ཡོད་ལ། རང་ཉིད་བོད་པ་གཅིག་གི་མིང་ཐོག་ནས་བོད་ཡིག་གང་ཙམ་ཤེས་པ་དེ་དག་བེད་སྤྱོད་བྱེད་ས་ཞིག་སྤུན་ཟླ་མི་ཉུང་བ་ཞིག་གིས་དཀའ་ལས་བརྒྱབ་དེ་བཟོས་ཡོད་པ་དག་ལ་ང་ཚོ་ཚང་མ་ཞུགས་དེ་རང་རང་གི་འཚོ་བའི་བསྐོར་ཡིན་ན་འདྲ། ལས་ཀའི་བསྐོར་ཡིན་ན་འདྲ། འགྲིམ་འགྲུལ་བསྐོར་ཡིན་ན་འདྲ། དགའ་སྐྱོ་ཆགས་སྡང་གང་གི་བསྐོར་ཡིན་ན་འགྲིག བོད་ཡིག་གི་ལམ་ནས་འབྲི་ཐུབ་པར་འབད་བརྩོན་གནང་དགོས་པ་ཡིན། དེ་ལྟར་བྱས་པ་ཡིན་ན་ད་གཟོད་བོད་ཡིག་ཕྱུག་པོ་ཡིན་ཟེར་ནས་གླེང་ན་དོན་དག་ལ་འགྲོ་བའི་ཉིན་མོ་ཞིག་སླེབས་ངེས་ཡིན་པ་ཐུགས་སུ་བཅིངས་ནས་འབད་པར་འཚལ།