ཀླུ་སྨྱོན།
སྙན་ངག་རྦ་རླབས་རྩེ་ལ།།
རྒྱ་སེ་མེ་ཏོག་རྐང་གཅིག།
འཛིན་འདོད་ལག་པ་བརྐྱངས་ཡོད།།
ཚུར་ལ་ཉེ་ཙམ་གནངས་དང་།།
བརྡ་དེ་མཁའ་འགྲོའི་བརྡ་ཡིག།
གསེར་ཡིག་ཨ་ཀྱོག་པ་ཀྱོག།
གཏེར་གྱི་ཁ་བྱང་ཡིན་ན།།
ཚིག་ཐག་བཅད་ནས་གསུངས་དང་།།
ས་ཡི་བུམ་པའི་ནང་དུ།།
མཛེས་པའི་རྒྱ་སེ་སྐྱེས་འདུག།
ཚེར་མ་རྣོན་པོའི་གསེང་ནས།།
མཇལ་འཛོམ་ཨེ་ཡོང་ཞུས་ཡོད།།
ཚེར་མ་བརྒྱ་ཡི་དཀྱིལ་ན།།
མཛེས་པའི་རྒྱ་སེ་མེ་ཏོག།
ལག་པ་བརྒྱ་ལ་ཟུག་ཀྱང་།།
ང་ལ་མགོ་ལྕོག་ལྡེམ་བྱུང་།།
སེམས་ཀྱི་བུམ་པའི་ནང་ལ།།
མེ་ཏོག་རྐང་གཅིག་བཙུགས་ཡོད།།
ལོ་དང་ཟླ་བ་འདས་ཀྱང་།།
མདོག་ལ་འགྱུར་བ་མ་བྱུང་།།
རྒྱ་སེ་མེ་ཏོག་རྐང་གཅིག།
རྒྱ་ལམ་འཁྲིས་ན་སྐྱེས་ཡོད།།
དེ་ལ་བདག་པོ་བརྒྱབ་ནས།།
ཡུན་ཐུང་མི་ཚེ་སྐྱེལ་ཆོག།
དམིགས་ཡུལ་ཆེན་པོ་མེད་དོ།།
མེ་ཏོག་རྐང་གཅིག་ཡོད་དོ།།
ཆར་བའི་ནང་གི་མེ་ཏོག།
ཟིལ་བ་ཁྲོམ་མེར་ཡོད་དོ།།
ས་སྟེང་གྲགས་པ་འབར་བའི།།
སྙན་ངག་འབྲི་འདུན་མེད་དོ།།
སེམས་པའི་ནང་གི་མི་དེ།།
མཉེས་པོ་བྱུང་ན་འགྲིག་གོ།
སེམས་པ་ཁྲག་ལ་འདྲེས་སོང་།།
ཁྲག་གིས་ས་གཞི་བརླན་སོང་།།
དེ་ལས་སྐྱེས་པའི་མེ་ཏོག།
རྒྱ་སེ་དམར་པོ་ཁྱོད་ཡིན།།
སེམས་པ་ཆུ་ཡིས་བཀྲུས་ཡོད།
སེམས་པ་མེ་ཡིས་བསྲེགས་ཡོད།
བརྩེ་སེམས་རྒྱ་སེ་མེ་ཏོག
ནམ་ཡང་འགྱུར་བ་མ་བྱུང་།
དང་པོར་མངལ་ནས་སྐྱེ་ཆོག
ཐ་མར་དུར་སར་འགྲོ་ཆོག
བར་གྱི་སྙན་ངག་རྡོག་གཅིག
ཁྱེར་ནས་ཕྱི་མར་འགྲོ་ཆོག
བག་གོས་འཇམ་པོའི་ནང་གི
བག་མ་གསར་བའི་རྨི་ལམ།
ཞག་གཅིག་གློག་སྒྲོན་དམར་པོ།
གཟིམ་པ་དེ་དང་འདྲ་བྱུང་།
མཛེས་མའི་མཆུ་རྩི་དཔར་བའི།།
རྒུན་ཆང་དམར་པོའི་ཤེལ་ཕོར།།
བསྐལ་པ་སྟོང་གི་སྙན་ངག།
འབྲི་བའི་རྨི་ལམ་འདྲ་བྱུང་།།
བྷ་གར་ཚེམས་པོ་བརྒྱབ་ཆོག
ལིང་ག་རྩ་ནས་གཏུབས་ཆོག
འདོད་ཆགས་ཅན་གྱི་སེམས་འདི།
རྩ་མེད་བཟོ་ཐབས་མ་རྙེད།
རང་སེམས་ཤོག་དངུལ་འདྲ་བོ།།
རིན་ཐང་ཡར་འཕར་མར་ཆགས།།
རང་ལུས་ཤོག་བྱ་འདྲ་བོ།།
ས་མཐར་ཡར་འཁྱམ་མར་འཁྱམ།།
གསེར་གྱི་གཏེར་ཁ་སྔོག་དུས།།
གཡུ་ཡི་ཚིགས་ཁེབས་རྙེད་སོང་།།
ཆུང་འདྲིས་བྱམས་པའི་ལུས་ལ།།
ཚེ་གཅིག་འདུན་མ་བཅོལ་ཆོག།
སེམས་ཀྱི་གསང་བ་འཚོལ་དུས།།
སྙན་ངག་ཆར་བ་བབས་སོང་།།
ཉི་འོད་སྙིང་ལ་བསྐྱིལ་ནས།།
སྦྲང་རྩིས་ཡིག་འབྲུ་བྲིས་ཆོག།
ཁྱེད་ནི་འུག་མོ་ཁེར་ཉལ།།
ང་ཡང་འུག་ཕོ་ཁེར་ཉལ།།
འུག་ཕོ་འུག་མོའི་བདེ་སྐྱིད།།
མུན་པའི་གཏིང་ན་ཡོད་དོ།།
བརྒྱ་རྒྱུག་སྟོང་རྒྱུག་བརྒྱ་ལམ།
ཚེར་ནག་སྟོང་གིས་བསྐོར་ཀྱང།
རྒྱ་སེ་མེ་ཏོག་དམར་པོ།
ཟིལ་བ་ཁྲོམ་མེར་བཞད་འདུག
རང་བྱུང་ཀླུ་ཤིང་སྡོང་པོ།
ལྡུམ་རར་འཛུགས་འདོད་བསམ་པ།
དུས་གསུམ་དུས་མེད་འཁོར་ཀྱང།
སངས་རྒྱས་མ་འབྱོན་བྲམ་ཟེ་རྒས
བུ་མོ་ངོ་ཁ་མཛེས་པ།
གཟུགས་པོ་ཕྲ་སྦོམ་སྙོམས་པ།
ནུ་མ་རྒྱས་པའི་སྟེང་ལ།
ཕོང་ཤ་ཕྱི་ལ་འབུར་བ།