ཧི་མ་ལ་ཡའི་འཕྲུལ་སྨྱུག
༼སྐབས་འདིའི་༽འགས་གཏོར་ཆེན་མོའི་གཞུང་ལུགས་འདིའི་ཁུངས་ནི་ཨ་རིའི་གནམ་རིག་མཁས་པ་ཧ་བོས་ཤིན་ཏུ་ལེགས་པའི་རྒྱང་ཤེལ་སྤྱད་ནས་རྟོག་ཞིབ་བྱས་པའི་གྲུབ་འབྲས་དེ་ཡིན་༼པ་རེད།༽
ཁོང་གིས་རྒྱང་ཤེལ་བརྒྱུད་ནས་ལྟ་སྐབས་སྐར་ཚོགས་༼ཏེ་དགུ་ཚིགས་ཁྱིམ་རྒྱུད་༽ཡོད་ཚད་ཕན་ཚུན་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་དང༌། དེ་ཡང་རྒྱང་ཐག་ཇི་ཙམ་རིང་བ་དེ་ཙམ་གྱིས་ཤུགས་ཀྱང་ཆེ་བར་འདུག་ཟེར། ༼ཞེས་པ་འདིར་ཡང་འགལ་ཟླ་ཟླུམ་དུ་མེད་པ་ཞིག་ཤོར་བར་མཐོང་སྟེ།༽ ད་ལྟ་ང་ཚོས་མཐོང་ཐུབ་པའི་འོད་ལོ་དུང་ཕྱུར་ཕར་ནང་གི་སྐར་འོད་དེ། དོན་དུ་མི་ལོ་དུང་ཕྱུར་ཡར་སྔོན་གྱི་སྐར་འོད་ཡིན་དགོས་པས། མི་ལོ་དུང་ཕྱུར་གཅིག་གི་ཡར་སྔོན་དུ་སྐར་མ་༼ཐ་དད་པ་༽འདི་དག་ཕན་ཚུན་གྱི་བར་ཐག་ད་ལྟ་ལས་ཉེ་བ་དང༌། དེ་དུས་སྐར་མ་ཕན་ཚུན་གྱི་གྱེས་ཤུགས་ཀྱང་ད་ལྟ་ལས་ཆེ་བ་ཞིག་ཡིན་པར་གོང་གི་རྒྱང་ཤེལ་གྱི་མཐོང་ཚུལ་དེས་ར་སྤྲོད་བྱས་ཡོད་པ་རེད། ༼(སྐར་ཚོགས་ཡོད་ཚད་ཕན་ཚུན་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་དང༌། དེ་ཡང་རྒྱང་ཐག་ཇི་ཙམ་རིང་བ་དེ་ཙམ་གྱིས་ཤུགས་ཀྱང་ཆེ་)བ་ཡོད་ན། སྔོན་དུས་སྐར་མ་རྣམས་བར་ཐག་ཉེ་བའི་སྐབས་སུ། གྱེས་ཤུགས་དེ་ད་ལྟ་ལས་ཆུང་བ་ཡིན་དགོས་པ་ལས་ཆེ་བ་ཇི་ལྟར་གྱུར་བ་ཡིན་མིན་དང༌། གལ་ཏེ་དགུ་ཚིགས་ཁྱིམ་རྒྱུད་རྣམས་ཇི་ཙམ་རྒྱང་ཐག་རིང་ན་དེ་ཙམ་གྱིས་གྱེས་ཤུགས་ཆེ་རུ་འགྲོ་བ་དང༌། འཁོར་སྐར་རྣམས་དེ་ལས་ལྡོག་སྟེ་བར་ཐག་ཇི་ཙམ་ཐུང་བ་ཙམ་གྱིས་གྱེས་ཤུགས་ཆེ་རུ་འགྲོ་བ་ཡིན་ཅེས་ཁྱད་པར་ཞིབ་ཆ་བྱེད་པར་རློམ་ན་ཡང༌། གཅིག་ནས་ཚན་རིག་པའི་འཐེན་ཤུགས་ཀྱི་གཏན་སྲོལ་དང་འགལ་བ་དང༌། གཉིས་ནས་ཁྱེད་རང་གིས་འོག་ཏུ་ཉི་མ་ཇེ་ཆེར་གྱུར་པ་ལས་དེའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་གཞན་རྣམས་ཉི་མའི་ངོས་སུ་འཐེན་འགྲོ་བར་བཤད་པ་དང་འགལ་ཏེ། ཉི་མ་ཇེ་ཆེར་གྱུར་པ་ན་རྒྱུ་སྐར་གཞན་རྣམས་བར་ཐག་ཇེ་ཐུང་དུ་འགྲོ་བས། ཚུར་འཐེན་རྒྱུའི་དོད་དུ་ཕར་གྱེས་ཤུགས་ཆེ་རུ་འགྲོ་དགོས་པས་སོ།།
ཡང་ན་དོགས་གནས་འདི་འདྲ་ཞིག་ཀྱང་བྱུང་རིགས་ཏེ། (འགས་གཏོར་ཆེན་མོའི་གཞུང་ལུགས་འདིའི་ཁུངས་ནི་ཨ་རིའི་གནམ་རིག་ཁས་པ་ཧ་བོས་ཤིན་ཏུ་ལེགས་པའི་རྒྱང་ཤེལ་སྤྱད་ནས་རྟོག་ཞིབ་བྱས་པའི་གྲུབ་འབྲས་དེ་ཡིན་)ཞེས་ཐག་གཅོད་བྱེད་རྒྱུ་སྔ་དྲག་པར་སེམས་ཏེ། དུས་ཆིས་སུ་འགས་གཏོར་ཆེན་པོའི་གྲུབ་འབྲས་ལ་འགྱུར་བ་འགྲོ་མི་སྲིད་པའི་ཁག་ཐེག་དེ། ཁྱེད་ལ་མ་འོངས་སྔོན་གཟིགས་ཀྱི་ཡེ་ཤེས་ཇི་ལྟར་མངའ་ཚུལ་གྱིས་རྒྱུད་རིམ་སྐུལ་མ་ཞུ་རྒྱུ་ཡིན།༽
ད་ལྟ་འོད་ལོ་ཐེར་འབུམ་བཅུ་གཉིས་ཀྱི་སྐར་འོད་མཐོང་ཐུབ་པའི་རྒྱང་ཤེལ་བཟོས་ཡོད་ལ། ད་ལོ་ཉིས་སྟོང་བདུན་ལོར་ཨ་མེ་རི་ཀའི་ཁེ་ལི་ཁོ་ཉི་ཡའི་མངའ་སྡེའི་རང་བྱུང་ཚན་རིག་ཞིབ་འཇུག་ཁང་གིས་འོད་ལོ་འབུམ་བཅུ་གསུམ་མཐོང་ཐུབ་པའི་རྒྱང་ཤེལ་བཟོས་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག གལ་སྲིད་འོད་ལོ་ཐེར་འབུམ་བཅོ་ལྔ་ཕན་གྱི་སྐར་འོད་མཐོང་ཐུབ་པའི་རྒྱང་ཤེལ་ཞིག་བཟོ་ཐུབ་པའི་དབང་དུ་བཏང་ན། འཇིག་རྟེན་ཁམས་འདི་ཐོག་མར་ཇི་ལྟར་ཆགས་པ་དང༌། འགས་གཏོར་ཆེན་མོ་དེ་ཇི་ལྟར་བྱུང་བའི་ཚུལ་བཅས་མངོན་སུམ་དུ་མཐོང་ཐུབ་པའི་རེ་བ་ཡོད་པ་ཡིན་འདུག ༼ཅེས་པ་ལྟར་སྲིད་པ་ཙམ་ལ་ཆ་འཇོག་བྱེད་དགོས་ཀྱི་ཡོད་ན་ནི། ཅི་སྟེ་འོད་ལོ་ཐེར་འབུམ་སྟོང་ཕྲག་མང་པོ་མཐོང་བའི་ཤེལ་ཧྲུག་ཅིག་སྒྲིག་ཐུབ་ཚེ། སྐུ་ཉིད་ཀྱི་སྔོན་མཐའ་གང་ནས་བྱུང་མཐོང་ཐུབ་པའི་རེ་བ་ཆེན་པོ་མཛད་ཀྱང་ཆོག་པར་སྙམ་ལ།༽ ད་དུང་དངོས་ལུགས་རིག་པའི་གཏན་སྲོལ་གྱི་སྟེང་ནས་ཀྱང་འཇིག་རྟེན་འདིའི་ཡབ་མེས་ནི། འགས་གཏོར་ཆེན་མོ་དེ་ཡིན་དགོས་པའི་གནས་ལུགས་འཆད་རྒྱུ་ཡོད་འདུག་མོད། ང་ཚོས་རེ་ཞིག་གོ་དཀའ་བར་སྣང་༼ངོ༌།།༽
__________________________________________
གསང་སྔཊ་ཀྱི་ལུགས་ལ་བླ་མ་རྣམ་པར་དམིཊ་གསལ་གྱི་གོ་ཐོབ་ཡོད་པའི་སྐོར།
དེ་ཡང་ང་ཚོས་ཤེས་གསལ་ལྟར་གསང་སྔགས་ལུགས་༼ཀྱི་༽བླ་མ་རྣམ་པར། ༼རང་རེའི་འཇིག་རྟེན་འདིའི་རྒྱལ་པོའམ་ཕ་མ་དང་འདྲ་བར་༽དམིགས་གསལ་གྱི་གོ་ཐོབ་ཆེན་པོ་ཞིག་༼བརྩི་བཞིན་༽ཡོད་དེ། ༼སྡོམ་འབྱུང་ལས།༽ བླ་མ་སངས་རྒྱ་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཞེས་བླ་མ་རྣམ་པ་དཀོན་མཆོག་གསོན་པོ༼འི་གཟུགས་སུ་བཀོད་པ་ཞིག་༽ཡིན་པ་མ་ཟད། ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་བླ་མ་རྣམ་པ་ནི་མིང་དོན་མཚུངས་པའི་བྱེད་པོ་ཞིག་ཀྱང་རེད། ༼ཅེས་རང་ངོས་ནས་བརྗོད་ཆོག་པ་ནི། དཔེར་ན། མི་ཡུལ་འདིའི་དབང་དུ་བྱས་ན། ཕ་མ་དངོས་སམ། ཡང་ན་སྦྱིན་བདག་ལྟ་བུའམ། རང་ལ་མཐའ་གཅིག་ཏུ་ཕན་པ་སྒྲུབ་མཁན་གཉེན་ཉེ་གྲོགས་པོ་ལྟ་བུ་དེ་ནི། རང་ཉིད་འུ་ཐུག་ཐབས་ཟད་ཀྱི་སྐབས་ཀྱི་མགོན་སྐྱབས་བྱེད་མཁན་བྱེད་པ་པོ་ཡིན་པ་དང་གཅིག་མཚུངས་རེད། དེ་ལྟར་དུ་ཡིན་པར་བརྟེན། སྦྱིན་བདག་ཕ་དངོས་སྦྱིན་བདག་གཉེན། །དེ་བཞིན་སྦྱིན་བདག་མ་དངོས་ཏེ། །ཀུན་གྱི་འཐུས་ཚབ་སྦྱིན་བདག་ཡིན། །ཅེས་སོགས་ཀུན་ལ་ཁ་བསྒྱུར་ཀྱང་མི་ལེགས་པ་མེད་ལ། དེར་མ་ཟད་སྙན་ངག་མེ་ལོང་མའི་ནང་དུ་རྣམ་རྟོག་གི་འཆར་སྒོའི་རྒྱ་མཚོར་རྒྱན་མི་འདྲ་བ་མཐའ་མེད་དུ་སྤྲོ་མཆོག་པའི་གསུང་བཟང་དེ་ཉིད་སྤྱན་ཟུར་དེར་བཞག་སྟེ། དངོས་སུ་བེད་སྤྱོད་གཏོང་སྐབས་ཀོ་གྱོང་མཆི་མས་སྦང་བའི་དཔེ་ལྟར། རང་བཞིན་བརྗོད་པའི་རྒྱན་ཁོ་ན་བྲི་དགོས་པའི་བཙན་བཀའ་དེ་ཁྱེད་ལ་འཕོག་པ་ཨེ་ཡིན་སྙམ་པའི་ཐེ་ཚོམ་ཞིག་ཀྱང་སྐྱེས་སོ།།
བྱང་སེམས་ཀྱི་ཐེག་པར་ཡང་དེ་མཚུངས་མ་གསུངས་པ་མ་ཡིན་ཏེ། སྡོང་པོ་བཀོད་པ་ལས། གཞོན་ནུ་ནོར་བཟང༌། དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་ཐམས་ཅད་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པས་འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ། །ཞེས་པ་ལྟར། ད་དུང་ཡང་༽ མདོ་ལུགས་ལ༼ས་ཆེས་ཁ་གསལ་དུ་གསུངས་པ་ནི།༽ ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་དང༌། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང༌། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་སོགས་ཡིད་དུ་འོང་བའི་རྣམ་གཞག་འགའ་ཞིག་༼གསུངས་༽ཡོད་༼པ་ནི་བདེན་༽མོད་༼ཀྱང༌།༽ གསང་སྔགས་ཀྱིས་༼སྐབས་སུའང་༽དེ་དག་ཡོད་ཚད་རྩིས་མེད་དུ་བཏང་བཞག་༼པའི་རྣམ་པའང་མངོན་གསལ་དུ་༽ཡོད་༼པ་མ་ཡིན་ཏེ། གྲུབ་ཆེན་ཏིལླི་པས། ཀྱཻ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ང་ལ་ཅི་ཡང་བསྟན་དུ་མེད། །རང་རིག་ཉིད་ལ་མཚོན་ཏེ་ཤེས་པར་བྱོས། །ཞེས་པ་དང༌། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ལས། ཆོས་ཀུན་རྩ་བ་བྱང་ཆུབ་སེམས། །རང་བཞིན་གཉིས་སུ་མེད་པའི་ཕྱིར། །སེམས་ཉིད་རང་བྱུང་ཡེ་ཤེས་ཏེ། །མ་འདྲེས་ཡོངས་རྫོགས་རྒྱལ་བའི་ཐུགས། །དེ་ཉིད་ཅི་བཞིན་རྟོག་གྱུར་ན། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་པ་བཞིན། གོང་གི་ལུང་དེ་དང་དེ་དང་འདྲ་བར་ཕར་ཕྱིན་གྱི་ལུགས་སུའང༌། རང་རེ་ཐམས་ཅད་ལ་རྒྱུས་མངའ་ཤིན་ཏུ་ཆེ་བ་ནི། ཤེས་རབ་སྙིང་པོ་ལས། སྨྲ་བསམ་བརྗོད་མེད་ཤེར་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་སོགས་གསུངས་པའི་ཕྱིར་ན། དངོས་རྒྱུ་གཞན་བྱུང་ལ་ལྟོས་མི་དགོས་པར། ལྷན་སྐྱེས་རང་བྱུང་གི་ཡེ་ཤེས་དེ་ནི། རྩ་རྒྱུད་བརྟག་གཉིས་ལས། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་སྐྱེ་བ། །བླ་མའི་དུས་མཐའ་བརྟེན་པ་དང༌། །རང་གི་བསོད་ནམ་ལས་ཤེས་བྱ། །ཞེས་པ་ལྟར། རྐྱེན་བླ་མའི་གདམས་ངག་ཁྱད་དུ་འཕགས་པ་ལ་བརྟེན་ནས། རྒྱུ་རང་ལ་མངོན་དུ་འགྱུར་རུང་དུ་ཡོད་པ་དེ་ཉིད། ཚོགས་གཉིས་ཀྱིས་བྱི་དོར་ལ་བརྟེན་ཏེ། ས་ལམ་གོང་ནས་གོང་དུ་བགྲོད་དུ་ཡོད་པ་ལ་དགོངས་པ་མ་ཟད། ཆེད་དུ་བརྗོད་པའི་ཚོམས་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་དོན་རྣམས་ཐོབ་པར་འགྱུར། །གསུངས་པས་ཀྱང་ཤེས་ངེས་སོ།།༽
གསང་སྔགས་༼ཀྱི་༽ལུགས་ལ་བླ་མ་ནི་ཐར་ལམ་སྟོན་པ་པོ་མིན་པར་ཐར་ལམ་སྟེར་བ་པོ་དང༌། སློབ་མ་ནི་ཐར་ལམ་སྒྲུབ་པ་པོ་མིན་པར་ཐར་པ་སློང་བ་པོ་རེད། ༼ཅེས་ཚིག་ཐག་ཆོད་པོའི་སྒོ་ནས་སྨྲས་པ་ནི། ཁྱེད་རང་གི་རྒྱུད་ལ་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པ་ཅིའི་ཕྱིན་པ་མ་ལོན་ནའང༌། ལོན་པར་རློམ་པའི་ང་རྒྱལ་གྱི་གོང་བུ་རྗེན་གཅེར་དུ་ངོམས་ཏེ། ཐག་གཅོད་གང་དྲན་དུ་བྱས་པ་ཞིག་ཡིན་པ་ནི། གོང་འོག་ཏུ་སྒྲུབ་པ་རྣམས་ཀྱིས་གསལ་སྟོན་ནུས་པར་སེམས་སོ།།༽
འོད་ལོ་ཐེར་འབུམ་མང་པོ་མཐོང་ཞེས་པ་དེ་རིང་རྒྱང་ཤེལ་བརྒྱུད་ནས་ལོ་སྟོང་ཕྲག་མང་པོའི་ཡར་སྔོན་གྱི་འོད་དང་གནས་ཚུལ་མཐོང་ཐུབ་པའི་དོན་རེད་དམ་ཡང་ན་ག་འདྲ་ཞིག་ལ་ཟེར་གི་བ་འགྲེལ་བཤད་གནང་རོགས་ཞུ།
ཡང་ན་ག་འདྲ་ཞིག་ལ་ཟེར་གི་རེད་འགྲེལ་བཤད་གནང་རོགས་ཞུ། །