བོན་རྒྱ་བསྟན་འཛིན་རབ་རྒྱས།
_____རས་པའི་《མེར་བསྲེགས་ཀྱི་གཏན་ཚིགས་》བཀླགས་རྗེས།
ད་ལྟ་ང་ཚོའི་མཐོང་ལམ་དུ་ཚུར་མངོན་བྱེད་ཀྱིན་པ་《མེར་བསྲེགས་ཀྱི་གཏན་ཚིགས།》འདི་ནི་སྙན་ངག་པ་ཞིག་གིས་བོད་ཀྱི་མེར་བསྲེགས་ལས་འགུལ་ལ་བཏོན་པའི་ལྟ་ཚུལ་རེད། ཁོང་གིས་འདི་ལ་གཏན་ཚིགས་ཞེས་སུ་བརྗོད་ཀྱིན་ཡོད་ལ། དོན་དངོས་སུའང་ཁོང་གིས་བཏོན་པའི་ལྟ་ཚུལ་རེ་རེ་བཞིན། བསྲེག་བཅད་བརྡར་གསུམ་བགྱིས་པའི་ཁྱད་ཆོས་ལྡན་པས་གཏན་ཚིགས་ཞེས་སུ་སྨོས་ནའང་ཤིན་ཏུ་འོས་པ་མ་ཟད། གཏན་ཚིགས་རི་འདྲ་བ་གང་མང་ཞིག་གི་བང་རིམ་ལས་ང་ཚོར་ཤེས་རྟོགས་ཟབ་མོ་ཞིག་སྤྲོད་ཀྱིན་འདུག ཡིན་ནའང་། ངས་དེབ་འདིའི་སྔོན་གླེང་ནང་ལའང་ཅུང་ཙམ་བཤད་པ་བཞིན་དེབ་འདི་དཔྱད་བརྗོད་ཀྱི་རིགས་སུ་གཏོགས་ནའང་སྒྱུ་རྩལ་མཚོན་ཐབས་ཀྱི་ཤན་མང་དུ་ཞུགས་རྐྱེན་ཁ་དམ་དྲག་པའི་ཚོར་སྣང་ཡོང་གི་ཡོད་ལ། ལྷག་པར་སྒྱུ་རྩལ་རྩོམ་རིག་ལ་འབྲེལ་བ་ཁྱོན་ནས་མེད་པའི་མི་རྣམས་ཀྱིས་ཅི་ཡང་གོ་གི་མེད། དེའི་ཕྱིར། ལ་ལས་འདི་ནི་རང་མོས་སྙན་ངག་གི་དཔྱད་རྩོམ་དང་རབ་རྟོག་དཔྱད་རྩོམ་རེད་ཅེས་ཀུ་རེ་རྩེད་མཁན་ཡང་འདུག་མོད། རྩོམ་གྱི་རིགས་སུ་གཏོགས་པ་དག་ནི་ཕལ་བའི་སྐད་ཆའི་སྤྱི་འགྲོས་ལས་མ་བརྒལ་ན་མི་འགྲིག་པའི་གནད་ནི་བཙན་བྱོལ་བ་ཚོས་ཀྱང་ཤེས་ན་བཟང་བར་འདོད་ལ། རྩོམ་རིག་གི་སྐད་ཆ་སྤྱིར་བཏང་བའི་སྐད་ཆ་ལས་འཕར་མཆོངས་མ་ནུས་ན་དེའང་རྗེས་ལུས་ཤིག་གི་མངོན་རྟགས་བླ་མེད་དུ་སྙམ་པས། འཕར་མཆོངས་དང་ཤུགས་བསྟན་མོད་པའི་ཁོང་གི་དཔྱད་བརྗོད་དག་ལ་ཡིད་རྟོན་གྱིན་ཡོད་པ་མ་ཟད ངའི་མཐོང་སྣང་ལ་དཔྱད་དེབ་འདིས་དོན་རྐྱེན་མང་པོ་ཞིག་ཞིབ་ཚགས་གཏིང་ཟབ་ཀྱིས་བརྗོད་ཐུབ་ཡོད་པར་འདོད་ཀྱིན་ཡོད།
༡༽ མེར་བསྲེགས་པའི་རྒྱུའི་གཏན་ཚིགས_______བོད་མིར་ཕྱི་ནང་ཁྲིམས་ལུགས་གང་གིའང་སྲུང་སྐྱོབ་མེད་པ།
གསོན་བཞིན་དུ་འཆི་བ་འདེམས་མཁན་གྱི་མི་ནི་ལྐུགས་པ་ཞིག་མིན་ན། རྒྱུ་རྐྱེན་ངེས་ཅན་ཞིག་དང་ཕམ་ཁ་སྟོབས་ཆེན་ཞིག་ལ་གདོང་ཐུག་པ་ཡིན་པར་གདོན་མི་ཟ། བོད་ཀྱི་མེར་བསྲེགས་མཁན་ལས་གཅིག་རེ་གཉིས་རེ་རྒྱ་ནག་གིས་ལྐུགས་པར་འགྲེལ་ཐུབ་ནའང་བརྒྱ་ཐམ་པ་བོ་ལྐུགས་པར་འགྲེལ་ག་ལ་ཐུབ། ཡིན་ནའང་། མེར་བསྲེགས་པའི་གནས་ལུགས་ཀྱི་ཨ་ཚ་ཚ་དེ་རྒྱ་ནག་གིས་ཤེས་ཀྱང་ངག་གིས་ཁྲོལ་མི་སྲིད་ལ། རྒྱལ་སྤྱིས་མཁྱེན་ཡང་སྤྱན་ཟུང་འཛུམ་མི་དཔེ་བ་ཡིན། དེ་ནི་ཕལ་ཆེར་ཁྲིམས་འགལ་ངོ་མ་རྒྱ་ནག་དང་རྒྱལ་སྤྱི་ཟེར་བའི་དཔལ་འབྱོར་བྲན་རྒྱུག་གི་སྟོབས་ཆེན་དེ་དག་ཡིན་པའི་ཡིན་ལ། ཕྱོགས་གཞན་ནས་བཤད་ན། འཇིག་རྟེན་འདི་རུ་རྒྱུ་འབྲས་ཀྱི་རྩིས་ཐང་ཡལ་ཞིང་དྲང་བདེན་གྱི་མིག་ཟུང་ལོང་བར་གྱུར་བའི་རྒྱུ་མཚན་ངོ་མའང་ཅི་ལ་མིན། གང་ལྟར་ཡང་རྒྱུ་རྐྱེན་ངོ་མ་ནི་བོད་ཅེས་པའི་མི་རིགས་གཉོམ་ཆུང་འདི་ལ་དུས་རབས་ཉེར་གཅིག་པའི་ནང་དུའང་རྒྱལ་སྤྱིའི་སྟེང་གི་སྤྱི་སྒེར་བྱེ་བྲག་གི་ཁྲིམས་ལུགས་གང་གིས་ཀྱང་སྲུང་སྐྱོབ་མི་ནུས་པའམ་སྲུང་སྐྱོབ་མ་བྱས་པའི་རྐྱེན་གྱིས་རང་ཉིད་ཀྱི་ཐོབ་ཐང་འདི་ལྟར་བསྒྲགས་པ་རེད། དེང་སང་ཤེས་རབ་ཀྱི་སྤྱན་མིག་ལྡན་པ་སུས་ཀྱང་བོད་ནང་གི་བོད་མིས་རང་སྲོག་མ་དོར་བར་རང་གི་ཐོབ་ཐང་རྩོད་ལེན་བྱེད་ཐབས་ཤིག་རྙེད་ཀྱིན་མེད། འདི་ལ་རས་པས་” གུས་པས་རྒྱུས་ལོན་བྱས་པ་ལྟར་ན་བོད་ནང་གི་བོད་མིའི་སེམས་ཁོངས་སུ་’བསམ་ཚུལ་གྱི་རྩོམ་ཡིག་བྲིས་ན་འཛིན་བཟུང་བྱེད་ཀྱིན་འདུག རེ་འདོད་ཆེད་སྐད་འབོད་བྱས་ན་འཛིན་བཟུང་བྱེད་ཀྱིན་འདུག འཛིན་བཟུང་འདི་ནི་དམྱལ་བའི་མནར་གཅོད་དང་གདོང་གཏད་དེ་ཚེ་སྲོག་གི་བཟོད་བསྲན་རྒྱུན་མཐུད་ཐུབ་མིན་ལ་ཐུག་ཡོད་པ་ཞིག་ཡིན་པས། ངོ་རྒོལ་བྱེད་པར་རང་བསྲེགས་ལས་ལམ་ཁ་ཅི་ཞིག་ཡོད་དམ་’ཞེས་པའི་དྲི་བ་ཞིག་ཡོད། དྲི་བ་འདི་ལྟ་བུ་ནི་འཛམ་གླིང་སྟེང་ཁྲིམས་ལུགས་གང་གིས་ཀྱང་སྲུང་སྐྱོབ་མེད་པའི་བོད་ལྟ་བུ་ལས་སུ་ཞིག་གིས་དུས་རབས་ཉེར་གཅིག་པའི་ནང་དགོས་གལ་ཡོད་པར་མཐོང་སྲིད་དམ་“ ཞེས་བྲིས་ཡོད། འདི་ནི་དངོས་གནས་བཤད་ན་རང་ལུས་མེར་བསྲེགས་པའི་རྒྱུ་རྐྱེན་གྱི་གཏན་ཚིགས་ངོ་མ་བོ་རེད། བོད་ནང་གི་བོད་མི་ཚོར་རྒྱ་ནག་གི་རྩ་ཁྲིམས་ནང་ ” སྐད་འབོད་འདུ་འཛོམས་བྱེད་པ་རང་དབང་། ཡིག་ཆེན་ཚགས་པར་སྦྱར་བ་རང་དབང་། ཚོགས་པ་འཛུགས་པ་རང་དབང་། དཔེ་སྐྲུན་རང་དབང་ “ ཞེས་རྒྱ་མི་རིགས་ལ་སྤྲད་པའི་ཐོབ་ཐང་དག་ཐོབ་པར་འགན་སྲུང་ནུས་ན་མེར་བསྲེགས་ཞེས་པའི་གནམ་འོག་གི་བློས་གཏོང་སྟོབས་ཆེན་འདི་རྩ་བ་ནས་མངོན་མི་སྲིད་ལ། ལྷག་པར་རྒྱལ་སྤྱིའི་ཡིག་ཆ་ཁག་ནང་ “ འགྲོ་བ་མིའི་རིགས་ཐམས་ཅད་སྐྱེས་ཙམ་ཉིད་ནས་རང་དབང་ལྡན་ལ། ཆེ་མཐོང་དང་ཐོབ་ཐང་ཡང་འདྲ་མཉམ་ཡིན་ “ ཞེས་པའི་ཡོངས་ཁྱབ་བཀའ་རྩ་དག་གིས་བོད་མི་ལ་འགན་སྲུང་ནུས་ན་བོད་མིས་རང་བསྲེགས་མི་གཏོང་བར་སུས་ཀྱང་མགོ་བོ་དཔངས་ལ་བཙུགས་ནས་གན་རྒྱ་འཇོག་ནུས་པ་ཞིག་མ་རེད་དམ།
༢༽ མེར་བསྲེགས་པའི་རྐྱེན་གྱི་གཏན་ཚིགས_______བོད་མིར་བདག་དབང་གི་ཐོབ་ཐང་ཡོད་ཚད་ཤོར་བ།
མེར་བསྲེགས་མཁན་གྱི་མི་སྣ་རེ་རེ་བཞིན་ཆོས་ལུགས་པ་ཡིན་མིན་ཡང་བཤད་ཚོད་དཀའ་བས། ཆོས་ལུགས་ཀྱི་གོ་གནས་མཐོན་པོའི་ཐོབ་ཐང་ཡོད་མེད་མི་ཤེས་མོད། འགྲོ་བ་མི་རུ་སྐྱེས་ཙམ་ནས་བདག་པའི་རང་དབང་གི་ཐོབ་ཐང་མང་པོ་ཞིག་ནི་ང་ཚོར་ངེས་པར་ཡོད་དགོས་ལ་ཡོད་ཀྱང་མྱོང་མོད། ཁ་སང་ནས་ང་ཚོའི་རྒྱལ་ཁབ། ང་ཚོའི་རང་དབང་། ང་ཚོའི་རིག་གཞུང་། ང་ཚོའི་དད་མོས་སོགས་ཀྱི་བདག་དབང་ཡོད་ཚད་ཤོར་ཞིང་། ཅི་ཡང་མེད་པའི་མུ་གེ་དང་མནར་གཅོད་མྱངས་ཐལ་ཆེ་དྲགས་ཙང་། དེ་རིང་དེ་དག་གི་ཆེད་དུ་མེར་བསྲེགས་མེར་གཏུག་གི་སྙིང་སྟོབས་འདི་སྐྱེས་པ་ཧ་ཅང་གསལ་ཞིང་། དེ་ལྟར་ང་ཚོས་མངོན་སུམ་ལ་གཏུགས་ནས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཞིག་སྔོག་ཐུབ་པ་ནི། མི་བུ་སྒེར་གྱི་དད་མོས་བདག་དབང་། ཐོབ་ཐང་གི་བདག་དབང་། རང་དབང་གི་བདག་དབང་། རྒྱལ་ཁབ་ཀྱི་བདག་དབང་སོགས་ཡོད་ཚད་ཤོར་བའི་སྟེང་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་ཞིང་། ལྷག་པར་མི་བུའི་བླ་སྲོག་གི་དེ་ཉིད་དམར་དམར་པོ་ལ་ཡང་ཡང་ཁྱི་ལག་བསྲིངས་ཤིང་ཧམ་ཟས་བྱས་པའི་རྐྱེན་རྩ་རིམ་བསགས་ཀྱིས་མེར་བསྲེགས་ཀྱིན་ཡོད་པ་གསལ་བོར་ངེས་རྟོགས་འདྲེན་ཐུབ་སྙམ། རྒྱ་གཞུང་གིས་ཆོས་ལུགས་ཀྱི་གནད་དོན་ཉིད་ལ་རྩོད་མེད་ཀྱི་ཚུལ་གྱིས་འདྲེན་པའི་བདེན་རྟགས་ཏེ། དཔེར་ན། མེར་བསྲེགས་མཁན་དག་གིས་ “ རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ “ ཟེར་བའང་ཆོས་ལུགས་ཀྱི་གནད་དོན་ཞིག་མིན་པར། མི་སྒེར་གྱི་བདེ་སྐྱིད་ཀྱི་བདག་དབང་དང་ཤེར་རྟོགས་ཀྱི་བདག་དབང་ཞིག་ཡིན་ལ། མི་རིགས་ཀྱི་དད་མོས་བདག་དབང་ཡང་ཡིན། དེ་བཞིན་ “ སྐད་ཡིག་རང་དབང་དགོས། མི་རིགས་འདྲ་མཉམ་དགོས། བོད་རང་བཙན། བོད་རང་དབང་” སོགས་ཚང་མ་འགྲོ་བ་མིའི་སྐྱེས་ཐོབ་ཀྱི་ཐོབ་ཐང་གི་འབོད་པ་ཤ་སྟག་ལ་གྱུར་ཡོད་པ་མ་ཟད། མི་བུའི་བླ་འབོད་ཀྱི་ང་རོའང་ཅི་ལ་མིན། འདི་ལ་རས་པ་ལགས་ཀྱིས་”བོད་མི་མེར་བསྲེགས་གནང་མཁན་རྒན་གྲས་ཤིག་གིས་ཞལ་ཆེམས་གནང་དོན། ‘བོད་རྒྱལ་ཁབ་ཀྱིས་རང་ས་ཟིན་པའི་དོན་དུ་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན།’ འདི་ལྟ་བུའི་ཞལ་ཆེམས་ལ་ཉན་དུས་ང་ཚོས་སྲིད་དོན་གྱི་བདག་དབང་གཅིག་པུའི་ཐད་ནས་གོ་བ་བླངས་ན་དེ་ནི་འཁྲུག་ཆ་དོད་པའི་ཆབ་སྲིད་ཀྱི་གནད་དོན་གཅིག་པུར་འགྱུར་སྲིད།”ཅེས་གོ་བ་བླངས་ཡོད་པ་མ་ཟད། མེར་བསྲེགས་པ་ནི་མི་བུའི་བདག་ལ་མཐོང་ཆེན་བྱེད་སྟངས་ཤིག་དང་རང་སྟོབས་རང་སྤེལ་གྱི་མི་ཆོས་སྙིང་སྟོབས་དང་འབྲེལ་འདུག་ཅེས་མེར་བསྲེགས་པས་བདག་སྣང་མེད་དུ་བཏང་ཡོད་ཟེར་བ་དག་ལ་ནན་གྱིས་དགག་པ་ནི་མེར་བསྲེགས་པའི་རྐྱེན་གྱི་གཏན་ཚིགས་དང་ལྟ་ཚུལ་གསར་བ་རེད་སྙམ།
༣༽ མེར་བསྲེགས་པའི་དགག་ཕྱོགས་ཀྱི་ནུས་པའི་གཏན་ཚིགས_______དགྲ་ལ་འཛུགས་དགོས་པའི་ཁ་མཆུ་ཡོངས་སུ་བཙུགས་པ།
ད་ལྟ་བདག་གི་བསམ་པར། རང་ལུས་མེར་བསྲེགས་པའི་རེ་བ་ཡོངས་སུ་འགྲུབ་མེད་ཀྱང་ནུས་པ་ཡོངས་སུ་སྨིན་འདུག་སྙམ། དཔེར་ན། རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་ཧམ་བཟུང་བྱས་པ། འཛམ་གླིང་ལ་གཡོ་སྒྱུའི་འཁོར་ལོ་བསྐོར་བ་སོགས་ཀྱི་ནག་ཉེས་ཆ་ཚང་འགེལ་ཐུབ་ཡོད་པ་མ་ཟད་དེང་སང་རྒྱ་ནག་པ་ཚོས་ཀྱང་དེ་ཕྱོགས་ལ་བསམ་བློ་བཏང་ན་སྙིང་རྩ་འདའ་ར་ར་བྱེད་ཀྱིན་ཡོད་ངེས་ཡིན། འདི་ནི་ཁ་དགྲ་ལ་གཏད་པའི་མེར་བསྲེགས་ཀྱི་ནུས་པ་ངོ་མ་དེ་རེད། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱིས་མེར་བསྲེགས་རྗེས། རྩོམ་པ་པོ་རས་པས་”མགོ་བརྩམས་ས་ནས་མཇུག་བསྡུ་ཐུབ་པར་སྨོན་”ཞེས་བྲིས་ཏེ་ལོ་བཅུ་ཕྲག་གི་ཡར་སྔོན་དུ་མགོ་འདི་ནས་བརྩམས་པ་བཞིན་ད་ནི་མཇུག་བསྡུ་རན་འདུག་ཅེས་བརྗོད་ཡོད། སྐབས་འདིར་ཁོང་གིས་བོད་མིས་མེར་བསྲེགས་པ་མཚམས་འཇོག་པར་སྨོན་གྱིན་ཡོད། སྨོན་སྟངས་དེ་ནི་ཆབ་སྲིད་འཁྲབ་སྟོན་པ་ཚོས་སེམས་ཀྱིས་མི་བཟོད་ཀི་མཚམས་འཇོག་རོགས་ཞེས་པ་ཙམ་མིན་པར་ད་ནི་ནུས་པ་སྨིན་འདུག་པས་མཚམས་བཞག་ནའང་འོས་པར་བརྗོད་པ་ཡིན་ཏེ། ཁོང་གིས་ “ རང་རེའི་རང་བསྲེགས་ཀྱི་ངོ་རྒོལ་གྱིས་རྒྱ་ནག་གཞུང་ལ་ཁ་མཆུ་རྒྱག་པའི་མ་རྩ་ཆ་ཚང་བཙུགས་ཚར་ཡོད།“ ཅེས་མེར་བསྲེགས་པའི་ནུས་པ་དང་རེ་བ་གཉིས་སོ་སོར་ངོས་འཛིན་གྱིས་དགྲ་ལ་གཏད་པའི་ནུས་པ་ཡོངས་སུ་སྨིན་པར་བཤད་པ་ནི་དཔྱད་ཞིབ་བགྱིད་སྟངས་རྣོན་པོ་ཞིག་རེད་སྙམ་གྱིན་ཡོད།
༤༽ མེར་བསྲེགས་པའི་ཤེས་རྟོགས་ཀྱི་གཏན་ཚིགས_______བོད་ཀྱི་འཐབ་རྩོད་གསོན་པོ་ཡིན་པ།
སྤྱིར་བོད་ཀྱི་མེར་བསྲེགས་ལས་འགུལ་བྱུང་བ་དང་། ལྷག་པར་མེར་བསྲེགས་ཀྱི་གྲངས་ཀ་འདི་ལྟར་བཅུ་ཕྲག་ནས་བཅུ་ཕྲག་ཏུ་འཕར་བ་ལས། རྒྱལ་སྤྱིའི་སྟེང་བོད་ཀྱི་འཐབ་རྩོད་འདི་གསོན་པོ་ཡིན་པར་ར་སྤྲད་ཡོད་པ་ཡིན། འཐབ་རྩོད་གང་ཞིག་ཡིན་ནའང་ཚེ་སྲོག་གྲངས་མེད་ཀྱིས་རྩོད་ལེན་བྱེད་ཀྱིན་ཡོད་དུས་དེ་ནི་ཚེ་སྲོག་གྲངས་མེད་ཀྱི་རེ་བ་དང་མངོན་འདོད་ཡིན་པའི་བདེན་དཔང་ཐུབ་པ་མ་ཟད། འཐབ་རྩོད་དེ་གསོན་པོ་ཡིན་པའང་ར་འཕྲོད་ཐུབ་པ་ཡིན། ཡིན་ནའང་། ད་དུང་རྒྱལ་སྤྱི་ཚོར་མེད་དུ་གཟིམ་ཞིང་གོ་མེད་དུ་བཞུགས་པ་ལས་རྒྱལ་སྤྱི་ནི་ཁྱི་སྤྱང་གཏན་ནས་སྐྲག་མི་དགོས་པའི་རྡོ་སེང་གེ་དང་ཡང་ན་མཚོ་གཟུགས་ཀྱི་སེང་གེ་དང་། གཉོམ་ཆུང་གི་རེ་བའི་ཡུལ་དང་སྐྱོབ་པའི་མགོན་མིན་པའང་ངེས་རྟོགས་ཚད་མ་འདྲོངས་ནུས་པ་ཡིན། འདི་དག་འདི་ལྟར་གསལ་བོ་བཟོས་པའང་མེར་བསྲེགས་ལས་རྙེད་པའི་ཤེས་རྟོགས་ཀྱི་གཏན་ཚིགས་རེད་སྙམ་ཞིང་། དེབ་འདི་རུའང་” རང་བསྲེགས་ངོ་རྒོལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གདུང་སེམས་མཉམ་སྐྱེད་དང་སྙིང་རྗེའི་སེམས་ཁུར་གྱི་རྣམ་པའི་ཆ་ནས་བོད་ལ་ལག་ཡོང་གང་འཚམས་ཐོབ་ཡོད་ཀྱང་། ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐོབ་མེད“ ཅེས་ཞིབ་ཆ་ཅན་གྱི་སྐད་ཆ་ཞིག་བཤད་ཡོད། འདི་ལས་ང་ཚོ་ལ་གྲ་སྒྲིག་དགོས་པའི་བརྡ་གསལ་བོ་ཞིག་བཏང་ཡོད་ལ་གང་ལའང་ཁྱད་འབྱེད་ཐུབ་དགོས་པའི་གནད་དོན་ཞིག་ཀྱང་ངོས་བཟུང་ཡོད། འུ་ཚོས་རྒྱལ་སྤྱི་ཞེས་འབོད་རྐྱང་དང་རེ་བ་བྱེད་རྐྱང་མིན་པར་རེ་བར་ཚད་གཞི་བཟུང་སྟེ་དོན་རྐྱེན་གྱི་ཕར་རྒྱབ་ལ་ལག་པས་སྙོབས་དགོས་པ་ནན་གྱིས་བཤད་འདུག་སྙམ།
༥༽ མེར་བསྲེགས་ཀྱི་ཕམ་ཁའི་གཏན་ཚིགས______མེར་བསྲེགས་ཀྱི་དོན་རྐྱེན་ལ་རྗེས་གནོན་མ་ཐུབ་པ།
འདི་འདྲའི་ཕོན་ཆེན་པོ་ཞིག་གིས་མེར་བསྲེགས་ནའང་གྲགས་འགུལ་ཅི་ཡང་མེད་པ་ནི་ག་རེ་ལན་པ་རེད། འདི་ནི་དངོས་གནས་བཤད་ན་ང་ཚོ་ཚང་མའི་སེམས་ལ་འཁོར་བའི་དྲི་བ་ཞིག་རེད། དྲི་བ་འདི་ཤ་ཁྲག་གི་གསུར་དྲི་དང་ལྷན་དུ་ང་ཚོའི་ཀླད་སྦུག་ལ་འཁོར་དུས། ང་ཚོས་ཀྱང་ངེས་པར་ཚེ་སྲོག་གིས་དྲིས་ལན་འདེབས་འོས་མོད། ང་ཚོས་དེ་ལྟར་མ་ཕོད་དེ་རྒྱལ་སྤྱི་དང་རྒྱ་ནག་ལ་བཙལ་བ་རེད། དངོས་གནས་བཤད་ན་འདི་ནི་དགོད་ཤོར་བ་ཉིད་ལས་ཅི་ཡང་མ་རེད་མོད། དེ་ལྟར་སྨྲ་ག་ལ་རུང་། ཁོ་ཚོས་ད་དུང་དབུ་རང་གི་ལྟ་གྲུབ་རྩོད་དགོས་པས། འཁྲབ་སྟོན་གྱི་སྟོང་ཆ་ཞིག་ངེས་པར་དགོས་པ་རེད། ཧ་ཧ་ཧ་ཧ་་་་་་་ཡིན་ནའང་། དོན་ངོ་མ་བཤད་ན་འུ་ཚོ་མེར་བསྲེགས་མཁན་དག་གི་རྒྱབ་རྩར་ལངས་མ་ཐུབ་པ་དང་ཁོང་དག་གི་བློས་གཏོང་དང་སྙིང་སྟོབས་ཀྱི་རྗེས་གནོན་མ་ཐུབ་པ་ཉག་གཅིག་རེད། རས་པའི་བཤད་སྟངས་བྱས་ན་གངས་ལྷ་མེ་ཏོག་གི་གསར་བརྗེ་འབྱུང་མ་ཐུབ་པ་ཉིད་ལན་པ་མ་རེད་དམ།
གཡག་རིན་ཅན་གྱི་རྩོམ་ཡིག་ཅིག་ཏུ་ཚོར། དགའ་ཡོད། སྙན་ངག་ཐན་ཐུན་འབྲི་བ་ལས་འདི་བཟང་གི
སྙན་ངག་གི་དེབ་རྒན་བཅུ་ལས་འདི་འདྲ་ལེགས། དགའ་བསུ་ཡོད།
བོན་རྒྱ་དང་ཨ་རིག་གཉིས་ཀྱི་སྐད་ཆ་ལ་ཉན་རྒྱུ་ཅང་ཡོད་ནི་མ་རེད།ཁ་ཡག་རྐྱང་མ་གཏོགས་ཅི་གང་ཡོད་ནི་མརེད།ཡིན་ཡང་རས་པའི་དེབ་ལ་རྗེས་སུ་ཡིད་རངས་ཡོད།
བཀའ་དྲིན་ཆེ་་་་་མུ་མཐུད་ནས་འདིའི་སྐོར་ལ་ཕྲིས།
དེབ་ཧྲ་གི་བཤད་བརྗོད་ཡག་གི དེང་སང་དྲ་ཐོག་འདིར་རྩོམ་ཡིག་འདི་མོ་དཀོན་པོ་རེད། ངོ་མ་ཅིག་ཡག་གི
ད་བར་དུ་རས་བ་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་གསུང་བའི་མེར་བསྲེགས་ཀྱི་གཏན་ཚིགས་འདི་འདྲ་སུས་ཀྱང་གསུང་མི་འདུག དངོས་ནས་གནད་དུ་འཁེལ་བའི་བསམ་བློ་གསོན་པོ་ཞིག དོན་དུ་བབས་པའི་རིག་པ་དྭངས་པོ་ཞིག རྗེས་སུ་ཡི་རང་ཡོད།
དཔྱད་བརྗོད་རྩོམ་ཡིག་འདི་ངའི་ཡིད་ཀྱི་དང་གར་སིམ་ཡོད། ངོ་མ་བཟང་གི། རེ་བ་ཅན་གྱི་རྩོམ་པ་པོ་གཉིས་ཀྱི་གཤིབ་བསྡུར་འདི་ལ་ཁྱད་ཆོས་ཡོད་གི མུ་མཐུད་རྩོམ་ཡིག་སྟག་འདྲ་གཟིག་འདྲ་འདི་འདྲ་མུ་མཐུད་དུ་སྤེལ་རྒྱུ་མཁྱེན།
ངས་ཁྱོད་ཀྱི་དཔྱད་དེབ་ལ་མཇལ་འདོད་ཧ་ཅང་ཆེ་མོད། ད་དུང་དེབ་ཆ་ཚང་ཀློག་པའི་སྐལ་བ་མ་ལྡན།
ཧྲ་གི་