སྒོམ་སྡེ་ལྷ་རམས་པ།
སྤྱིར་ཕྱག་འཚལ་ཞེས་པ་ནི། ལེགས་སྦྱར་དུ་ན་མ྄་ཞེས་བྱ་བ་སྟེ། གུས་འདུད་བྱེད་པའི་དོན་ཡིན། འདུད་ཅེས་པ་དུད་པའམ་སྒུར་སྒུར་བྱེད་པའི་དོན་ཡིན། ལེགས་སྦྱར་དུ་“ན་མ྄”འམ“པྲ་ཎ་མ྄”ཞེས་པ་སེམས་དང་བའི་སྒོ་ནས་ལུས་དུད་པའམ་སྒུར་སྒུར་བྱེད་པ་ལ་ཟེར། ༼ཕྱག་འཚལ་བའི་དགོས་པ་ནི༽ དེ་ནི་གཙོ་བོ་ང་རྒྱལ་གྱི་གཉེན་པོ་ཡིན་པས་ང་རྒྱལ་ཆུང་དུ་གཏོང་བའི་ཆེད་ཡིན། བཀའ་གདམས་པ་དགེ་བཤེས་རྣམས་ཀྱིས། ང་རྒྱལ་གྱི་སྒང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་ང་རྒྱལ་ནི་རང་རྒྱུད་ལ་ཡོན་ཏན་སྐྱེ་བའི་གེགས་ཀྱི་གཙོ་བོ་ཡིན་པར་གསུངས་པས་དེའི་གཉེན་པོ་བསྟེན་པ་གལ་ཆེའོ། །༼ཕྱག་འཚལ་ཚུལ་ནི༽ ཐལ་མོ་བཅར་ལེབ་སྦྱར་ན་མུ་སྟེགས་པའི་ལུགས་ཡིན་པས་མི་རུང་། ཁོང་སྟོང་བྱས་ལ་མཐེ་བོང་གཉིས་ནང་དུ་བཅུག་ནས་ཐལ་མོ་ནོར་བུའི་དབྱིབས་ལྟར་བྱས་ཏེ། རང་གི་སྤྱོ་བོ། མགྲིན་པ། སྙིང་གའི་གནས་གསུམ་ལ་སྦྱར་དགོས། དེ་ནི་སྒོ་གསུམ་གུས་པས་འདུད་པའི་མཚོན་དོན་རེད། ཡང་ན། སྤྱི་བོ་ལ་སྦྱར་བས་སྐུའི་ཡོན་ཏན། མགྲིན་པར་སྦྱར་བས་གསུང་གི་ཡོན་ཏན། སྙིང་གར་སྦྱར་བས་ཐུགས་ཀྱི་ཡོན་ཏན་འགྲུབ་པའི་རྟེན་འབྲེལ་དང་། ཡང་སྤྱི་བོ། དཔྲལ་བ། མགྲིན་པ། སྙིང་ག་སྟེ་གནས་བཞིར་སྦྱར་བའི་དབང་དུ་བྱས་ན། དཔྲལ་བར་སྦྱར་བས་སྐུའི་མཛོད་སྤུ་འགྲུབ་པའི་བག་ཆགས་འཇོག
མཁས་པ་འགས། ཐལ་མོའི་ཁོང་སྟོང་གི་ཆོས་སྐུ་དང་། ནོར་བུ་དབྱིབས་ཀྱིས་གཟུགས་སྐུ་མཚོནཔར་ཡང་གསུང་ངོ་། །ཕྱག་འཚལ་བའི་ཚེ་སྐྱབས་ཡུལ་རང་གི་བླ་མའམ། རྒྱལ་བ་ཤཱཀྱ་ཐུབ་པ་སོགས་དཔག་ཏུ་མེད་པ་སྐུ་གསོན་པོར་བཞུགས་ཡོད་སྙམ་པ་བྱས་ཏེ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐྱབས་འགྲོ་བཞི་སྐོར་མ་འདི་བཏོན་ནས་ཕྱག་བྱ་བའམ། ཡང་ན། ≪སྤྱི་བཤགས≫ ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་(རང་མིང་གིས་སྨོས)འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ། སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་རང་གིས་ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་། ལྷག་པར་ཚེ་འདིར་བསགས་པའི་སྡིག་སྒྲིབ་རྣམས་དྲན་པར་བྱས་ཏེ། སྔར་བྱས་ལ་འགྱོད་སེམས་དྲག་པོ་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་ངུ་འཆོར་བའི་ཚོད་ཙམ་གྱི་འགྱོད་བཤགས་དྲག་པོ་བྱས་ན་གཉེན་པོ་ཧ་ཅང་སྟོབས་ཆེ་བས་སྡིག་སྒྲིབ་ངེས་པར་འདག་གོ། དེ་ཡང་རང་གི་སྐྱེ་བ་སྔ་མ་དང་ཕྱི་མའི་སེམས་ཅན་དཔག་ཏུ་མེད་པ་དེ་དག་ད་ལྟ་སྨྲ་ཤེས་དོན་གོ་མིའི་རྣམ་པར་གསལ་བཏབ་སྟེ་རང་གིས་ཕྱག་བྱས་པ་དང་མཉམ་དུ་དེ་དག་གིས་ཀྱང་། འུར་ཆིལ་ལེར་སྐྱབས་འགྲོ་འདོན་ཞིང་ཕྱག་འཚལ་བའི་མོས་པ་བྱས་ན་རང་གི་ལུས་ཀྱིས་ནོན་པའི་ས་འོག་གི་རྡུལ་གྱི་གྲངས་དང་མཉམ་པའི་བསོད་ནམས་དཔག་ཏུ་མེད་པ་འཐོབ་པར་གསུངས་སོ། །ཡང་ལམ་རིམ་སྒོམ་བསྒྲུབ་བྱེད་མཁན་ཞིག་ཡིན་ན། རྗེའི་ཡོན་ཏན་གཞིར་གྱུར་མའམ། ཡང་ན་གུང་ཐང་རིན་པོ་ཆེས་གསུངས་པ་ལྟར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་རྗེའི་ལམ་རིམ་ཉམས་མགུར་རམ། ཡང་ན་རྗེའི་ལམ་རིམ་བླ་མ་བརྒྱུད་པའི་གསོལ་འདེབས་(རྗེ་རིན་པོ་ཆེས་བྱང་རྭ་སྒྲེང་གི་བྲག་སེང་གེ་འདྲ་བའི་ཞོལ་དུ་གསོལ་འདེབས་འདི་ལྗགས་རྩོམ་མཛད་སྐབས། ཇོ་འབྲོམ་གཉིས་སོགས་ལམ་རིམ་གྱི་བརྒྱུད་པའི་བླ་མ་ཀུན་གྱི་ཞལ་གཟིགས་པས། བྱིན་རླབས་ཤིན་ཏུ་ཆེ་བར་གྲགས) ≪ལམ་མཆོག་སྒོ་འབྱེད≫ ཅེས་བྱ་བ་འདིའི་གསོལ་བ་འདེབས་ཞེས་པ་ཚིག་སྣ་བསྒྱུར་ཏེ་ཕྱག་འཚལ་ཞེས་པར་
བཏོན་ན་ལེགས་པར་གསུངས། ཕྱག་གྲངས་གསོག་བྱེད་ན། གུང་ཐང་རིན་པོ་ཆེས་གསུངས་པ་ལྟར། ཐོག་མར། ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཧཱ། ཞེས་པའི་ཕྱག་སྟོང་འགྱུར་གྱི་སྔགས་འདི་ལན་གསུམ་ཙམ་བརྗོད་ན་ལེགས། ཕྱག་དེ་སྡིག་སྒྲིབ་སྦྱོང་བ་ལ་གཙོ་བོར་དམིགས་པ་ཞིག་ཡིན་ན། ལྟུང་བཤགས་དང་འབྲེལ་ནས་གྲངས་གསོག་བྱེད་ན་སྡིག་སྒྲིབ་འདག་པ་ལ་གནད་ཆེའོ། །ཕྱག་འཚལ་བའི་ཚེ་ཝ་འཁྱུག་པ་ལྟར་ལྡང་བ་མྱུར་བ་ཞིག་དགོས། དེ་ལའང་གནད་ཅིག་ཡོད་དེ། སྤྱིར་ཕྱག་འཚལ་བས་ངན་སོང་དུ་མི་སྐྱེ་ཞིང་། སྐྱེས་ཀྱང་མྱུར་དུ་ཐར་བའི་རྟེན་འབྲེལ་ཡོད། ཡང་ཕྱག་འབུལ་ཚེ་དཔྲལ་བ་ས་ལ་མི་ཐུག་པར་སྒུར་ཙམ་སྒུར་ཙམ་བྱས་ན་དམྱལ་བ་མགོ་འཕྱངས་སུ་སྐྱེ་ཞིང་། ཐར་ནས་ཀྱང་སྒུར་སྐྱོན་དུ་སྐྱེ་བར། རྗེ་གུང་ཐང་པ་གསུང་ངོ་། །༼ཕྱག་འཚལ་བའི་ཕན་ཡོན་ནི༽ བཅུ་སྟེ། ༡ གཟུགས་བཟང་ལ་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང། ༢ མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང། ༣ སྐད་སྙན་ཞིང་སྨྲ་བ་སྙན་པར་བཟུང་བའི་ཚིག་ཏུ་འགྱུར་བ་དང། ༤ བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང། ༥ ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང། ༦ གཟི་བརྗིད་ཆེན་པོར་འགྱུར་བ་དང། ༧ གང་ཟག་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང། ༨ ལོངས་སྤྱོད་ཆེ་བར་འགྱུར་བ་དང། ༩ མཐོ་རིས་སུ་སྐྱེ་བར་འགྱུར་བ་དང། ༡༠ མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་
ཡོན་ནོ། །ཞེས་རྗེ་གུང་ཐང་པས་གསུངས་པ་ལྟར་དང་། ཕན་ཡོན་གཞན་ཡང་འདི་ལྟར། སྡིག་སྒྲིབ་སྦྱོང་ཞིང་ཚོགས་གསོག་པ་དང་། ཚེ་འདིར་ཡང་བད་ཀན་དང་། སྐྲན་ནད། སྙིང་ནད། ཕོ་བའི་ནད་སོགས་ལས་གྲོལ་ཏེ་ལུས་ཁམས་བདེ་ཐང་དུ་གྱུར་ནས་ཚེ་རིང་པོར་འཚོ་བ་དང་། བོད་པའི་ངག་རྒྱུན་ལ། ཕྱག་མང་པོ་འཚལ་མཁན་ལ་སྐྲན་ནད་(ཕྱི་རྒྱལ་བས་“ཁེན་སར”ཟེར་བ་འདི)མི་འབྱུང་ཞེས་བཤད་སྲོལ་ཡོད། དེ་ནི་བདེན་པར་འདུག་སྟེ། ཕྱག་འབུམ་ཐེར་འགའ་ཤས་བཙལ་ནས་སྐྲན་ནད་སེང་དྲག་སོང་བའི་གྲྭ་པ་གཉིས་ཀྱི་ལོ་རྒྱུས་དངོས་སུ་མཐོང་ཐོས་བྱུང་། གཞན་ཡང་ངེད་ཀྱི་དགེ་ཕྲུག་ཅིག་ཕོ་ནད་ཀྱིས་ཡུན་རིང་མནར་ཏེ་སྨན་བཅོས་ཇི་ཙམ་བྱས་ཀྱང་མ་ཕན་པར། མཐར་གནས་མཆོག་རྡོ་རྗེ་གདན་དུ་ཕྱག་འབུམ་ཐེར་འགའ་ཤས་བཙལ་ཏེ་སེང་དྲག་སོང་ནས་
གདོང་གི་ཤ་མདོག་ཀྱང་ཤིན་ཏུ་ལེགས་པར་གྱུར། འདི་དག་ནི་དངོས་ཡོད་གནས་ཚུལ་ཡིན་པས་སུས་ཀྱང་བསྙོན་དུ་ག་ལ་ཡོད། ཕྱག་དབྱེ་ན། བསྐུམ་ཕྱག་དང་བསྐྱང་ཕྱག་གཉིས་ཡོད།
བསྐུམ་ཕྱག་ནི། ཡན་ལག་ལྔའི་ཕྱག་ཅེས་པ། དཔྲལ་བ། ལག་མཐིལ་གཉིས། པུས་མོ་གཉིས་བཅས་ལྔ་ས་ལ་གཏུགས་ཏེ་ཕྱག་བྱ་བ་ལ་ཟེར། བསྐྱང་ཕྱག་ནི། ལུས་ཐམས་ཅད་ཤིང་སྡོང་འགྱེལ་བ་ལྟར་ཁ་སྦུབ་ཏུ་ས་ལ་ཕབ་སྟེ། ལག་པ་གཉིས་ཐད་ཀར་བསྐྱངས་ཏེ་མགོ་བོའི་ཐད་དུ་ཐལ་མོ་སྦྱར་བ་དང་མཉམ་དུ་དཔྲལ་བ་ས་ལ་གཏུགས་པ་ལ་ཟེར། ཡང་དེ་ལ་དབྱེ་ན། ལུས་ཀྱི་ཕྱག ངག་གི་ཕྱག ཡིད་ཀྱི་ཕྱག་དང་གསུམ་མོ། །ཡང་ཕྱག་ནི་རྣམ་པ་གཉིས་ཏེ། ཡན་ལག་ལྔས་འཚལ་བ་དང་། སྒྱིད་པ་ལ་འཁྱུད་པས་འཚལ་བའོ། །ཡན་ལག་ལྔའི་ཕྱག་ནི། བསྐུམ་ཕྱག་དང་འདྲ། སྒྱིད་པ་ལ་འཁྱུད་པའི་ཕྱག་ནི། མདུན་དུ་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས། ཕ་རོལ་པོའི་རྐང་པའི་མཁྲིག་མ་གཉིས་ལ་ལག་མཐིལ་གཉིས་འཁྱུད་དེ་རྐང་པ་ལ་སྤྱི་བོས་གཏུགས་པའོ། །སྒྱིད་པ་ལ་འཁྱུད་པའི་ཕྱག་གི་སྐོར་འདི་མཚོ་ཊཱིཀ་སྨད་ཆ་དགེ་སློང་མའི་རྣམ་འབྱེད་ན་གསལ། ༼ཕྱག་འཚལ་བའི་སྒྲ་བཤད་ནི༽ ཕྱག་ཐལ་མོ་དང་། འཚལ་བ་ནི་འབུལ་བ་སྟེ། ཕྱག་འབུལ་ཞུ་བའི་དོན་དུ་འདོད་པ་དང་། ཡང་ཕྱག་ཅེས་པ་བྱང་བ་དང་། འཚལ་བ་འདོད་པའི་དོན་ལ་སྦྱར་ནས། རང་རྒྱུད་ཀྱི་སྡིག་སྒྲིབ་བྱང་ཞིང་། སྐྱབས་ཡུལ་གྱི་ཡོན་ཏན་འདོད་པའི་དོན་དུ་བཤད་པ་དང་། ཡང་། འགའ་རེས། འཚལ་བ་འབུལ་བའི་དོན་དུ་བྱས་ནས། རང་ཉིད་སྐྱབས་ཡུལ་གྱི་ཕྱག་ཏུ་འབུལ་བའི་དོན་དུ་བཤད་པ་སོགས་མང་། ཁོ་བོ་ལྟར་ན། ཕྱག་ནི་འདུད་པ། འཚལ་བ་ནི་བྱེད་པའི་དོན་ཏེ། འདུད་པ་བྱེད་ཅེས་པའི་དོན་ནོ། །འཚལ་ཞེས་པ་བྱེད་པ་་ལ་འཇུག་པ་ནི། འདུལ་བ་ལུང་གཞི་ལས། ལྷ་བཀའ་བཞིན་འཚལ་ཞེས་གསུངས་པ་ལྟ་བུའོ། །ཞིབ་ཏུ་བཤད་ན། ཕྱག་ནི་
ལག་པའི་ཞེ་ས། འཚལ་བ་ནི་བྱེད་པའམ་བགྱིད་པའི་དོན་ཏེ། ལུས་པོ་དུད་དེ་ལག་པས་སྐྱབས་ཡུལ་གྱི་ཞབས་ལ་རེག་ཅིང་གཏུག་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེང་སང་ཡང་རྒྱ་གར་གྱི་ཡུལ་སྲོལ་ལ་རང་གི་ཕ་མ་དང་རྒན་རབས་སོགས་ཀྱི་རྐང་པར་ལག་པས་གཏུགས་ཏེ་ཕྱག་བྱ་བའི་སྲོལ་མ་ཉམས་པར་མཐོང་རྒྱུ་ཡོད་ཅིང་། ཡ་རབས་ཀྱི་སྤྱོད་ཚུལ་འདི་ནི། རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ཞིག་སྟེ། འཛམ་གླིང་གི་ཡུལ་གྲུ་གང་དུའང་མཐོང་རྒྱུ་མེད་དོ། །འདི་ཉིད་ལ་དཔེ་བླངས་ཏེ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས། ཕྱག་བྱེད་པའམ་ཕྱག་འཚལ་ཞེས་པའི་ཚིག་འདི་བཟོས་པར་སེམས་སོ། །
ཕྱག་འཚལ་བའི་ཕན་ཡོན་ཁ་ཡོད་ལག་ཡོད་པོ་ཤ་དང་སྐྱི་པགས་ཟད་དུ་འཇུག་རྒྱུ་དེ་རེད། འདི་ནི་གཅེར་བུ་བས་རང་གི་ལུས་ལ་གདུག་པོ་བཏང་ནས་རང་གི་ཆོས་ཡིན་སྙམ་འདོད་པ་དང་ཁྱད་མེད་ཡིན།
སྒོམ་སྡེ་ལྷ་རམས་པ་ལགས།
བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས། ང་རྒྱལ་གྱི་སྒང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་པའི་ལུང་ཚིག་ཇི་བཞིན་ཡིན་མིན་ཐེ་ཚོམ་འདུག རྩ་བས་དོན་ལ་འགལ་བ་མི་འདུག་མོད། ཕྲན་གྱིས་ཆུང་དུས་ནས་ང་རྒལ་གྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཚོགས། ཞེས་པ་གོ་མྱོང་ཡོད། སོང་ཙང་ཁྱེད་ཀྱིས་བསྐྱར་དུ་ལན་གཅིག་གཟིགས་ཏེ་ལན་བསྡུས་ཤིག་གནང་སྐྱོང་འོང་བ་ཞུ། ཡང་སྐྱབས་འགྲོ་བཞི་སྐོར་མ་ཞེས་པ་སྔར་གྱི་བོད་མཁས་པའི་གསུང་གང་དུ་གསལ་ལམ།
ད་ཐེངས་ཁ་བརྡ་ཚང་གཉིད་ལ་ཤོར་བ་ཡིན་པ་འདྲ། བོད་ཀྱི་དུས་བབ་ལ་གཟིགས་དང་། སྤྱི་འཐུས་གྲོས་ཚོགས་ཀྱི་ནང་དུ་ཁ་ཕོ་ཅན་གྱི་དཔའ་རྒོད་འཛོམས་ནས་བོད་མི་རིགས་ཧྲིལ་པོ་པགས་པ་གཤགས་གཤགས་ཀྱིས་གཤགས་ཀྱིན་འདུག དེ་རིང་རྒྱ་གར་ས་གནས་ཉེན་རྟོགས་པས་ཕྱི་ནས་སྲུང་འདུག ད་ཁྱོད་ཚོར་དེ་ལ་ཁ་ཞིག་བརྡར་རྒྱུ་མི་འདུག་གམ།
དྲ་གྲོགས་རྣམས་ལ་འཚམས་འདྲི་ཡོད།
བདེ་མོ་བཞུགས་ལོ།
སྤྱི་འཐུས་ཚོས་ཞབས་འདྲེན་བཞག་ཚར་འདུག་་་་་་ཤེས་སོང་ངམ།
ཆབ་སྲིད་མི་ཤེས་པས་ཆབ་སྲིད་ལས་ན་དེ་ལས་ལྷག་ཡོང་རྒྱུ་མེད་དོ།།
གང་ལྟར་རྩ་བའི་ཟིན་བྲིས་འདིའི་བརྗོད་བྱ་ནི་ཕྱག་འཚལ་སྟངས་ཡིན་པས་ང་ཚོས་བརྗོད་བྱ་འདྲ་མིན་ཁྱེར་ཡོང་ནས་རྩ་བའི་བརྗོད་བྱ་མི་འདོར་བའི་རེ་བ་ཡོད།
ཁང་གསར་ལགས་ནས་འདིའི་སྐོར་ལ་བསམ་ཚུལ་བཤད་ས་ཞིག་བཞག་འདུག་པས་དེར་ཕེབས་ཐུབ་ན་བཟང་ག
སྒོམ་སྡེ་པ་ཁྱོད་ལ་ཕྱག་འཚལ་བའི་ཕན་ཡོན་དང་སྐྱབས་སུ་འགྲོ་བའི་དགོས་པ་སོགས་བཤད་རྒྱུ་མོད་ཚེ་ཁྱོད་ཉིད་ལ་རེ་བལྟོས་འཆར་བའི་གང་ཟག་ལོག་པའི་གཤེས་དང་འཕྲད་པ་དག་ལ་མི་བཤད་པ་འདི་ཁ་བརྡའི་དྲྭ་ཚིགས་སུ་ཁྱེར་བ་ལ་དགོས་པ་ཅི། ཁ་བརྡའི་དྲྭ་ཚིགས་འདི་བྱིས་པའི་རྩེད་རྭ་དང་རྒན་པོའི་ཉི་རྭ་ཡིན་པ་ཁྱོད་ཀྱིས་མི་ཤེས་སམ
བྲག་གཡག་ལགས།
༼ང་རྒྱལ་གྱི་སྒང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས༽ཞེས་པའི་གཏམ་དཔེ་འདི་དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་ཤོག་གྲངས་༣༧༣༽ཡོད།
སྤྱིར་བཏང་གྲྭ་སའི་རྒན་པ་ཚོའི་ཞལ་རྒྱུན་ལ། ང་རྒྱལ་གྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་པ་འདི་ཡོད་རེད།
འོན་ཀྱང་བསམ་གཞིགས་ནན་ཏིག་བྱས་ན། “སྒང་བུ”ཟེར་བ་དེ་གོ་རྒྱུ་ཕྲན་བུའི་ཆེ་བ་འདུག གང་ལགས་ཤེ་ན། ཆར་ཆུ་ནི་ས་མཐོ་ས་སྒང་བུ་ལ་མི་ཆགས་པར། གཤོངས་གཤོངས་ལ་ཆགས་ཀྱི་རེད། ཅེས་པའི་དོན་ཡིན་ཙང་། སྒང་བུ་ཞེས་པ་དེ་ཕྲན་བུའི་གོ་བདེ་བ་འདུག་སྙམ། སྒང་བུ་དང་གོང་བུ་གཉིས་ལ་ཁྱད་པར་ཆེ་ཙམ་ཡོད་རེད།
ཁྱེད་ཀྱིས་༼ཡོན་ཏན་གྱི་ཆུ་མི་ཚོགས༽ཞེས་པའི་ཚིག་འདི་དཔེར་ན་ཁང་ཐོག་ལ་སེར་ཀ་ཡོད་ན་ཆར་ཆུ་མི་ཚོགས་ཟེར་བ་ལྟར་ཕྲན་བུའི་གོ་མི་བདེ་བ་ཞིག་འདུག དེ་ལྟར་ནའང་དོན་ལ་ནི་ཁྱད་པར་ཆེར་མི་འདུག
འདི་ནང་བཞིན་དོགས་གཅོད་གནང་ཐུབ་ན་ཡག་པོ་འདུག
བཀུར་འོས་སྒོམ་སྡེ་ལགས་ནས་དུས་ནས་དུས་སུ། ལོ་གཞོན་དོན་གཉེར་ཅན་རྣམས་ལ་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ།
ནང་ཆོས་ཤེས་རིག་གི་ཆ་ཕྲ་མོ་་རེ་ངོ་སྤྲོད་གནང་བཞིན་པ་འདིར་དགའ་ཞིང་སྤྲོ་ནས་ཡོད། སྐུ་ཉིད་ཀྱིས་བསྡུས་གྲའི་སྐོར་ནས་ཀྱང་ཁ་གསལ་ཞིག་འབྲི་ཐུབ་ན་ཧ་ཅང་བཟང་གི།
གཞན། དེ་རིང་སང་ཉིན་རིག་པ་དོན་གཉེར་ཅན་ཧ་ཅང་ཉུང་བའི་སྐབས་འདིར། མཚམས་རེར་ཉིད་ཀྱིས་ཞིབ་ཚགས་པོ་ཞིག་དང་གཏིང་ཟབ་པོ་ཞིག་བྲིས་ན་ཡང༌།
དེ་ལ་དགའ་བ་སྒོམ་ནས་ཀློག་རྒྱུའི་ཚབ་ལ། ཚིག་གི་དུག་མདའ་འཕེན་མཁན་དང་བརྙས་བརྐོ་མཁན་ཡང་ཡོང་གི་འདུག་པས།
དེ་ཚོའི་རིགས་ལ་ཁ་ཡ་མ་བྱས་བར་སྣང་མེད་དུ་བཞག་ན་ཕན་ཤེས་ཆེ་བ་འདུག དེ་ཙམ་ཡིན།
རེད་ལགས། འདི་རིགས་ལ་བཟོད་པའི་གོ་ཆ་ལྷུར་བཞེས་ནས་འདིར་བླུན་རྨོངས་བདག་ལྟ་བུའི་རིགས་ཀྱི་ལམ་སྟོན་དམ་པར་བཞུགས་རོགས་གནང་། རྗེ་བདག་ཉིད་ཆེན་པོས། བཟོད་པ་སྟོབས་ལྡན་རྣམས་གྱི་རྒྱན་གྱི། །ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང་། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །ཞེས་པ་ཇི་བཞིན། མི་འདི་རིགས་ནི་རྙེད་པར་དཀའ་བའི་བཟོད་པའི་རྟེན་རྨད་དུ་བྱུང་བ་ཏག་ཏག་ཡིན་པས། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་པའི་བཀའ་གདམས་གོང་མའི་གསུང་བཞིན་དུས་རྟག་ཏུ་རང་ཉིད་ལ་ཚིག་རྩུབ་ཀྱི་མཚོན་ཆར་འབེབ་མཁན་འདི་དག་སྙིང་གི་ཟེའུ་འབྲུར་གཅེས་པར་བཟུང་ནས་རང་ཉིད་གང་དུ་འཚང་རྒྱ་བའི་ཞིང་ཁམས་དེའི་འཁོར་གྱི་ཐོག་མར་སྐྱེ་བའི་ཐུགས་སྨོན་ཡང་དུས་རྟག་ཏུ་གནང་བར་ཅི་འཚལ། སངས་རྒྱས་ལ་ཀ་ཁ་ཀློག་སྟངས་ཡིན་པས་བཟོད་པར་བསྩལ་དུ་གསོལ།
“མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་བུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །”རྗེ་བདག་ཉིད་ཆེན་པོའི་གསུང་འདི་ནི་ཉིད་ཡང་སྐྱར་དྲ་ཐོག་ཏུ་ཕེབས་པར་ལེགས་སྐྱེས་སུ་ཕུལ་བ་ལགས།
མཁས་དབང་སྒོམ་སྡེ་ལགས་ ཕན་ཐོག་ཆེ་བའི་གོང་གི་ཆོས་བཤད་དག་ལ་བཀའ་དྲིན་བླ་མེད་ཆེ་ཞུ་།
འདི་རྗེས་ ཡོན་ཆབས་འབུལ་བའི་ཕན་ཡོན་དང་ཏིང་བདུན་གྱི་འབྲེལ་བཤད་ དེ་བཞིན་མཆོད་མེ་འབུལ་བ་དང་ བསངས་གསོལ་གཏོང་བ་སོགས་ནང་པ་སངས་རྒྱས་པ་ཚོའི་ཉིན་རེ་ཉིན་རེ་ཕྱག་མཆོད་བྱེད་བཞིན་པ་དེ་དག་གི་ཕན་ཡོན་འབྲེལ་བཤད་གོ་བདེ་བ་ཞིག་ཀྱང་འདིར་བཀོད་རོགས་གནང་ན་མང་པོ་ཞིག་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་ས་རེད་བསམ་།
སྒོམ་སྡེ་ལགས་སུ་རེ་བསྐུལ་ཞུ་རྒྱུ་གཅིག་ལས་ཞག་ དགོན་པ་དང་མཆོད་རྟེན་ལ་བསྐོར་བར་འགྲོ་བའི་ཕན་ཡོན་དེ་ཡང་བྲི་གནང་ཡོང་བ་ཞུ་ ཐུགས་རྗེ་ཆེ་།
བཀུར་འོས་པའི་སྒོམ་སྡེ་ལྷ་རམས་པ་ལགས། རང་ཅག་གི་ཕྲེང་བར་བརྒྱ་དང་བརྒྱད་ཚང་དགོས་པའི་རྒྱུ་མཚན་གསལ་བོ་ཞིག་གསུངས་རོགས་གནོངས།
སྟག་ལྷ་འབུམ་ལགས།
ཕྲེང་བ་ལ་བརྒྱ་རྩ་བརྒྱད་བྱེད་པའི་རྒྱུ་མཚན་གསལ་པོ་ཞིག་ཧ་གོ་མ་སོང་། འགའ་ཞིག་གི་དུས་འཁོར་ཡིན་ནམ། བདེ་མཆོག་གི་རྒྱུད་ཡིན་ན་ཅིིག་ཏུ་ལུས་ཀྱི་རྩ་འཁོར་ལ་སྦྱར་ནས་བཤད་མཁན་ཞིག་འདུག
སྤྱིར་བཏང་ཁ་ཆེའི་ཆོས་ལུགས་པ་ཚོའི་ཕྲེང་བ་ལའང་བརྒྱ་རྩ་བརྒྱད་འདུག དེ་ག་འདྲ་ཡིན་ན་མི་ཤེས།
ཕྲེང་བ་བརྒྱ་དང་བཅུ་གཅིག་བྱེད་པ་ནི་དགོས་པ་གསལ་པོ་ཡོད་རེད། བརྒྱ་ཡི་ཁ་སྐོང་བཅུ་ཡིས་བྱེད། བཅུ་ཡི་ཁ་སྐོང་གཅིག་གིས་བྱེད་པ་ཡིན་ཙང་། བརྒྱ་དང་བཅུ་གཅིག་རེད།
དེང་ཡང་བསྙེན་ཆེན་ལ་བཞུགས་མཁན་ཚོས་དེ་འདྲ་གནང་ན་ཆད་ལྷག་མི་འབྱུང་བའི་དགོས་པ་ཡོད་རེད།
ཕྲེང་བའི་གྲངས་ཀྱི་སྐོར་ལ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་རྡོ་རྗེ་དྲིལ་བུ་དང་བགྲང་ཕྲེང་གི་དེ་ཁོ་ན་ཉིད་ཅེས་པར་སམྦྷུ་ཊའི་ལུང་དྲངས་པ་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུའོ། །ཞེས་གསུངས་འདུག
ཕྱི་ནང་ནོར་ནས་རང་མི་དམར་གསོད་བྱས།།
བློ་གཏད་ནོར་ནས་ཤི་འདྲེ་གཙུག་ཏུ་བཀུར།།
ཕོ་མོ་ནོར་ནས་ཕོ་ལ་སྐྱག་བཙུག་བྱས།།
སྡེ་ཚན་ནོར་ནས་མཆན་བུ་གང་སར་བཏབ།།
སྒོམ་སྡེ་གཡབ་རམས་པ་ལགམ་ཚབ། དེ་འདྲ་ཚབ་དགོས་དོན་ཡོད་ནི་མ་རེད། ཅུང་ཟད་གཟབ་གཟབ་བྱོས་དང་དྲག་ནི་རེད། ཨ་ཤུ་རེ་ཁོ། སྐལ་ཆད་པོ།
ཀླུ་སྨྱོན་ལགས།
ལུང་དེ་རྗེའི་སྔགས་རིམ་ཆེན་མོ་སོགས་སུའང་དྲངས་ཡོད། འོན་ཀྱང་རྒྱས་པ་ལ་བརྒྱ་རྩ་བརྒྱད་བྱེད་དགོས་པའི་རྒྱུ་མཚན་དེ་གསལ་པོ་ཧ་གོ་གི་མི་འདུག རླུང་བརྒྱ་རྩ་བརྒྱད་ཟེར་བ་ཞིག་འདུག་པས། དེ་དང་འབྲེལ་བ་ཞིག་ཨེ་ཡོད་སྙམ། དེའི་སྐོར་འོག་ཏུ་གཟིགས།
རྗེའི་སྔགས་རིམ་ཆེན་མོ་ལས།
རྡོ་རྗེ་མཁའ་འགྲོར་བྱུ་རུ་དང་ཙན་དན་དམར་པོ་ཡང་བཤད་དོ། །སྐྱེས་པ་ནི་མིའོ། །ཐམས་ཅད་ལ་ཐུན་མོང་དུ་ཤིས་པ་ནི་དེ་ཉིད་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཙམ་ནི་ལས་ཀུན་བྱེད། །ཅེས་གསུངས་སོ། །ཕྲེང་རྡོག་གི་གྲངས་ཀྱང་དེ་ཉིད་ལས། །སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །
བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཞེས་སོ། །སྔགས་ཀྱི་སྒྲུབ་པ་ནི་ཁྱད་པར་གྱི་ལས་དང་རྗེས་སུ་མཐུན་པས་ལས་ཐམས་ཅད་པའི་སྔགས་སྒྲུབ་པའི་དོན་
དུའོ། །ཕྲེང་ཐག་ནི་གསེར་གྱི་སྐུད་པའམ་གཞོན་ནུ་མ་ཡན་ལག་མ་ཉམས་པས་བཀལ་བའི་རས་པལ་གྱི་སྐུད་པ་ལ་བྱ་བར་རྡོ་རྗེ་མཁའ་འགྲོ་ལས་བཤད་དེ་དགུ་སྒྲིལ་བྱའོ། །
རྗེའི་རིམ་ལྔ་གསལ་སྒྲོན་ལས། རྡོ་རྗེ་འཕྲེང་བ་ལས། རླུང་བརྒྱ་རྩ་བརྒྱད་ཀྱིས་བསྐྱོད་པའི་ཀུན་རྟོག་བརྒྱ་རྩ་བརྒྱད་དུ་ཡང་བཤད་དོ། །ཞེས་གསུངས་པ་འདི་ལ་ཅིག་གོ་རྒྱུ་མེད་འགྲོ། རྨོངས་ཚོད་ཡིན།
རྗེའི་འགྲེལ་པ་བཞི་སྦྲགས་སུའང་བརྒྱ་རྩ་བརྒྱད་ཀྱི་སྐོར་འདུག སྔགས་བརྒྱ་རྩ་བརྒྱད་བཟླ་ཞེས་པ་ལྟ་བུ་མང་པོ་འདུག
ཕྲེང་བའི་སྐོར་ལ་དྲ་གྲོགས་ཚུལ་ཁྲིམས་མཐར་ཕྱིན་ལགས་ཀྱིས། སྒོམ་སྡེའི་རྩོམ་ཡིག་གྲྭ་སའི་སློབ་གཉེར་བར་བསྟོད་པའི་མཆན་བུ་ ༦༨ པར་གསལ་བོར་ཡོད་པས་འདིར་གཟིགས་རོགས་ཞུ།
༦༨༽ ཚུལ་ཁྲིམས་མཐར་ཕྱིན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༢ གི་ཆུ་ཚོད་ ༢༣ སྐར་མ་ ༠༤
སྤྱིར་ན་ཕྲེང་བ་རྣམས་ལ་བརྒྱ་རྩ་བརྒྱད།།
དགོས་པའི་རྒྱུ་མཚན་ཅི་ཡིན་མ་འཚལ་ཡང་།།
Gayལུགས་པ་ལ་མཚོན་ན་དམར་གསོད་དང་།།
བརླ་རྒྱག་བྱས་པའི་གྲངས་ཀ་མཚོན་པ་འདྲ།།
སྐབས་རེ་གསང་འདུས་གཙོ་འཁོར་དམ་སྲི་དང་།།
སྦྱར་ནས་སྲོག་གཏན་བསྙེན་ཆེན་བགྲངས་པ་ལ།།
བརྒྱ་རྩ་བརྒྱད་འདི་ཚངས་ན་བསྙེན་པ་ཡི།།
ཁ་སྐོང་དང་བཅས་མཉམ་དུ་འགྲུབ་ཅེས་ཟེར།།