ཧི་མ་ལ་ཡའི་འཕྲུལ་སྨྱུག
༼ཁྱེད་རང་གི་རིག་པ་འདི་ནི་སྨན་པ་རྣམས་ལ་ཡང་ཁ་སྤོས་ན་ཆོག་པར་སེམས་ཏེ།༽ གསང་སྔགས་ལུགས་ཀྱི་བླ་མ་ཚོས་འགན་ཁུར་གང་ཡང་ལེན་མི་དགོས་༼པ་བཞིན་དུ། ལྷ་རྗེ་ཚོར་ཡང་དེ་ལྟར་དུ་གྱུར་༽ཏེ། ༼ནད་པ་ཚོའི་དཀྱིལ་དུ་སྨན་གཞུང་ལ་བྱང་ཆ་དོད་པའི་དབང་གི་༽རང་སྣང་གང་ཤར་དང༌། ༼མན་ངག་དང་ཉམས་མྱོང་ཕུལ་དུ་ཕྱིན་པར་བརྟེན། ཕར་ལྟས་ཚོད་ལ་༽ཅི་དྲན་གང་འདོད་གནང་ནས་བཞུགས་ཆོག་༼པ་ལྟ་བུ་མཐོང་བ་དང༌།༽
གསང་སྔགས་ལུགས་ཀྱི་སློབ་མ་ཚོར་རང་དབང་སྤུ་ཙམ་ཡང་མེད་༼པ་༽དེ་༼བཞིན་དུ། སྨན་པ་ཚོའི་ལུགས་ལ་ནད་པ་ཚོར་རང་དབང་མེད་པ་དང༌།༽
བླ་མས་རྒྱོབས་གསུང་ན་བརྒྱབ་རྐྱང་དང༌། ལྕོབས་གསུང་ན་ལྕེབ་རྐྱང་བྱེད་དགོས་༼པ་བཞིན་དུ། འཚོ་བྱེད་པས་ཆོད་གསུང་ན་གཅོད་ཀྱང་དང༌། ཆོག་གསུང་ན་གཅོག་ཀྱང་བྱེད་དགོས་པ་མ་ཟད། ད་དུང་གཅོད་གླ་དང་གཅོག་གླ་གཏན་འབེབ་བཞིན་སྟེར་དགོས་པ་དང༌།༽
གསང་སྔགས་ལུགས་ཀྱི་དམ་ཚིག་དེའང༌། བླ་མས་མར་གནང་ནས་སློབ་མས་ཡར་བསྲུང་དགོས་པ་ཞིག་ཡིན་༼པ་དེ་བཞིན་དུ། སྨན་བཅོས་པའི་ལུགས་ཀྱི་སྨན་ཚིག་དེའང༌། སྨན་པས་མར་གནང་ནས་ནད་པས་ཡར་བསྲུང་དགོས་པ་ཞིག་ཏུ་གྱུར་ཡོད།༽
བླ་མའི་ཐུགས་མ་བབས་ན་དམ་ཚིག་གཞུང་བཞེས་གནང་ཆོག་ལ། སློབ་མའི་བློ་ལ་མ་བབས་རུང་དམ་ཚིག་ཡར་སློག་ཞུ་ས་མེད། ༼ཅེས་པའི་ལན་ནི་འོག་ནས་སྟོན་པར་གྱུར་ལ།༽
སློབ་མའི་བྱེད་སྟངས་མ་འགྲིག་ན་སློབ་མ་དམ་ཉམས་ཡིན་ལ། ༼ནད་པའི་སྤྱོད་ལམ་མ་འགྲིག་ན་ནད་པ་ཁོ་རང་དྲག་བསྐྱེད་ལ་མི་ཕན་པ་ལྟར་རོ།།༽
བླ་མའི་གནང་སྟངས་མ་འགྲིག་རུང་བླ་མ་དམ་ཉམས་༼ཡིན་༽མིན་༼ཡང་འོག་ཏུ་གསལ་ལ། སྨན་པའི་གནང་སྟངས་མ་འགྲིག་ན། ཁྲིམས་ཀྱི་མདུན་སར་འདྲ་སྙམ་ཡིན་པ་ཇི་ལྟ་བ་བཞིན་ནོ།།
དབང་གི་སྡོམ་བཟུང་གི་སྐབས་སུ། རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །ཞེས་གསུང་ལ།
སྤྱན་སྔ་རྡོ་རྗེ་ཤེས་བར་ཀྱི་དགོངས་གཅིག་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ལས། དང་པོ་ནས་དཔོན་སློབ་ཀྱང་གཅིག་གིས་གཅིག་བརྟག་པར་གསུང༌། དེ་ལྟར་ཡང༌། བླ་མ་ལྔ་བཅུ་པ་ལས། དཔའ་བོ་རྡོ་རྗེ་སློབ་དཔོན་གྱིས། །སློབ་མའི་འབྲེལ་བ་བརྟག་པར་བྱ། །ཞེས་པས་སོ།།
དེ་བས་དཔོན་སློབ་གཉིས་ཀས་དམ་ཚིག་མ་ཉམས་པར་བྱེད་དགོས། དེ་ལ་དཔེ་དོན་གྱིས་བསྟན་ཏེ། དང་པོ་ནི། རྒྱལ་བློན་འབངས་གསུམ་ཡང་གཉིས་པོས་རྒྱལ་པོའམ་བཀའ་ལས་མི་འདའ་བར་དཔྱ་ལ་སོགས་པ་དུས་སུ་འཇལ་ཞིང་ཅི་གསུང་བསྒྲུབ་དགོས། རྒྱལ་པོས་ཀྱང་བློན་པོ་ལ་སོགས་པ་ལ་ཞེ་ས་བཀུར་བསྟི་ངོ་བསྲུང་བྱེད་དགོས། དེ་བཞིན་དུ་མཐོ་བ་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་གཅིག་གིས་གཅིག་ལ་བསྟོད་ཅིང་བསྔགས་པ་དང༌། རྒྱ་མཚོའི་སྤྲིན་ལྟ་བུའི་གློག་གི་ཕྲེང་བས་བསྟོད་ཅིང་བསྔགས་པར་གསུངས།
དེ་བཞིན་དུ་སློབ་དཔོན་རབ་ཀྱིས་སློབ་མ་རབ་ལ་ཨ་ཅང་ཆེ་སྟེ། དེ་ཇི་ལྟ་བུ་ཡིན་ན། རྗེ་སྒམ་པོ་པའི་སློབ་མ་དཔལ་ཕག་མོ་གྲུ་པ་ལ་གསུང་གི་སྒོ་ནས་ཀྱང༌། ཁམས་པ་དགེ་བཤེས་གྲལ་གྱི་དབུ་ལ་བཞུགས་པ་ལགས་ཞེས་གསུངས་པ་ལ། ལ་ཡག་པ་ལ་སོགས་པས་དེ་མ་རན་པར་གདའ། དུས་ཕྱིས་སུ་སོང་བའི་དུས་ན། ཕས་བུ་ངོ་ཤེས་པ་ཡིན་པར་སྣང་ཟེར་སྐད། འབྲིང་ལ་ཡང་གྲོགས་པོའི་དམ་ཚིག་ཙམ་བསྲུང་དགོས། ཐ་མ་ལ་ཡང་ཁོའི་སེམས་སུན་མི་འབྱིན་པ་ཙམ་བྱེད་དགོས་ཏེ། དེ་ཡང་རྩ་ལྟུང་བཅུ་བཞི་པ་ལས། སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །གསུངས་སོ། །ལར་རབ་འབྲིང་མཐའ་གསུམ་ཀ་ཤ་ཡང༌། དམ་ཚིག་ཏུ་སློབ་མའི་སེམས་སུན་མི་འབྱིན་པ་གལ་ཆེ།
གཉིས་པ། ཆོས་ཐམས་ཅད་རྒྱུ་འབྲས་ཀྱི་གནད་ཀྱིས་དཔོན་སློབ་གང་གི་གང་ལ་ཉེས་པ་བྱས་ཀྱང་འབྲས་བུ་འབྱུང་བར་གསུངས། འོ་ན་ལྷག་པར་སློབ་མའི་དམ་ཚིག་དེ་གཉན་པར་བཤད་སྙམ་ན། ཐོག་མར་བླ་མ་དེ་དྲིན་ཆེ་བས་དེ་ལྟར་བཤད་པ་ཡིན། དེ་མ་གཏོགས་པ་བུས་མ་བསད་ཀྱང་མཚམས་མེད་དུ་འགྲོ་ལ། མས་ཀྱང་བུ་བསད་ན་དམྱལ་བའི་སྡུག་བསྔལ་མྱོང་བ་ཡང་རྒྱུ་འབྲས་ཀྱི་བབས་གཤིས་ཡིན། དེ་བས་དཔོན་སློབ་གཉིས་ཀས་གཅིག་གིས་གཅིག་ལ་དམ་ཚིག་བསྲུང་དགོས་གསུངས། ཞེས་དང༌།
ཀུན་མཁྱེན་ཆོས་ཀྱི་གྲགས་པའི་ཉི་སྣང་ལས། དཔོན་སློབ་གཉིས་ཀས་ཕན་ཚུན་དམ་ཚིག་མཉམ་པར་བྱ་གསུངས་པ་ནི། རྡོ་རྗེ་སློབ་དཔོན་ཡུལ་ཆེས་གཉན་པས་དེའི་དམ་ཚིག་ནི། རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཆེས་ཤིན་ཏུ་བཀའ་གཉན་མོད། འོན་ཀྱང་སློབ་དཔོན་གྱིས་ཀྱང་སློབ་མ་ལ་དམ་ཚིག་བསྲུང་བ་ཆེས་མང་སྟེ། སློབ་མ་སུན་ཕྱུང་ན་སློབ་དཔོན་ལ་རྩ་ལྟུང་བཅུ་གཉིས་པ་འབྱུང་སྟེ། སློབ་དཔོན་དཔའ་བོས། སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་དང༌། སློབ་མ་ལ་རྡོ་རྗེ་ཐེག་པའི་ཆོས་མི་སྟོན་པར་ཐེག་པ་ཆུང་ངུ་སྟོན་ན། ཇི་སྐད་དུ། དད་ལྡན་ལ་གཞན་ཆོས་སྟོན་དང༌། །ཞེས་སྦོམ་པོ་དང༌། ཡང་སློབ་མས་དམ་ཚིག་ཉམས་ནས་བཤགས་པ་ཕུལ་ན། བཤགས་པ་ཚད་ལས་འདས་ཀྱང་གནང་བ་མི་སྟེར་ན། བདེ་གཤེགས་བཀའ་འདས་རྩ་ལྟུང་གཉིས་པ་འབྱུང་བ་སོགས་ཆེས་མང་བའི་ཕྱིར་དེ་འདྲ་བར་དགོངས་སོ།།༽
དར་གོས་རྒྱན་པའི་ཤིང་ཁྲི་ཐོན་སྟེང་འགྱིང་ནས།།
སྙམ་ཆུང་སློབ་མར་རིན་ཆེན་བུམ་པ་མགོར་ཞག་སྟེ།།
ཕྱི་ནང་གསང་བའི་དམ་ཚིག་བཀའ་ནན་སྒྲགས་ནའང༌།།
ཤིན་རྗེའི་བཀའ་ཁྲིམས་བླ་སློབ་མཉམ་པའི་ཚུལ་འདི་མཚར།།
ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །
སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཞེས་གསུངས་འདུག
ཀ་རྡོ་ལགས། ད་འདིར་ཁྱེད་ང་གཉིས་གོ་བསྡུར་བྱ་རྒྱུ་ཞིག་འདུག སྔོན་མ་མཆན་མང་པོ་ཞིག་གི་ནང་ལ་མཁས་དབང་ཁྱེད་ཀྱིས་དཔྱད་པ་དེ་གལ་ཆེ་ཡིན་པ་དང་། ལྷག་པར་དུ་སྟོང་ཉིད་རྟོག་པ་ལ་དཔྱད་པ་ནི་གཙོ་བོ་རེད་ལགས་གསུང་པ་དྲན། དེ་ལྟར་ཡིན་ན། ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ་གསུང་དུས། བླ་མའི་ཡོན་ཏན་ཁོ་ན་བསམ་ནས་བསྡད། སྐྱོན་ཆ་རྣམས་ལ་དོ་སྣང་མ་བྱས་ན། བླ་མས་ལམ་ནོར་བར་ཁྲིད་ཀྱང་ཡོན་ཏན་འབའ་ཞིག་བསམ་པ་ལས་ཐར་པ་འཐོབ་བམ།
ང་ཚོ་བོད་རྒྱུད་ནང་པ་ཚོར་སྐྱོན་ཆ་ཆེན་པོ་གཅིག་ཡོད་པ་ནི། མདོ་བཤད་དུས་དཔྱད་པ་དགོས་པ་ལྟ་བུ་ལ་སྔགས་བཤད་དུས་དད་པ་དང་མོས་པ་གཅིག་པུར་འགྲོ་བཞིན་འདུག་པས། ངས་བལྟས་ན་འདི་ནོར་འཁྲུལ་ཆེན་པོ་ཞིག་ལགས། མདོ་ལ་དཔྱད་པ་དགོས་པ་བཞིན་སྔགས་ལ་ཡང་དེ་དགོས་སྙམ།