ཉི་མ་འཚོ། ནོར་གླིང༌།
ཨ་མའི་བུ། གངས་འདབ་ནས་སྐྱེས་ཤིང༌། གངས་རི་ལྟ་བུའི་ལྷག་བསམ་གྱིས་རང་གི་འགན་འཁྲི་གཏན་ཚིགས་ཀྱིས་སྲུང་མྱོང༌། ཨ་མའི་བུ། རྩྭ་ཐང་ནས་ལོངས་ཤིང༌། གཙང་པོ་ལྟ་བུའི་ལར་སྤོབས་ཀྱིས་རང་གི་ཐོབ་ཐང་དྲང་བདེན་གྱིས་སྐྱོང་མྱོང༌།
ཨ་མའི་བུ། ཁ་སང་དེ་རིང་གི་ང་ཚོའི་གླེང་གཞི་རེད། ཨ་མའི་བུ། རི་བོ་ཕ་རོལ་ཚུར་རོལ་གྱི་དྲན་ཤིང་རེད། དེ་རིང༌། ཨ་མའི་བུ་སྨྱུག་རྩེར་ནས་རང་བཞིན་གྱིས་བཞུར་འགྲོ། དེ་རིང༌། ཨ་མའི་བུ་སེམས་ངོགས་སུ་ཁ་བ་བཞིན་བབ་སོང༌། ཨ་མའི་བུ། དུས་ཚིགས་འདིའི་རྣ་བའི་ཉན་ས་དང་སེམས་ཀྱི་དྲན་ས་རུ་གྱུར་འདུག
ཨ་མའི་བུ། མངོན་ལྐོག་དང་གཡོ་སྒྱུ་མེད་པའི་བདེན་སྐྱོང་གི་རྒྱལ་སྲས་ཡིན་པས། ཨ་མའི་བུ། མི་ཡུལ་ལ་བཞག་པའི་ཞབས་རྗེས་དྲོན་མོ་རེད། ཨ་མའི་བུ། འཇིག་རྟེན་ལ་བརྟོལ་བའི་ལམ་བུ་རིང་མོ་རེད། ཨ་མའི་བུ། མུན་ནག་གི་མཆེ་བར་ནས་འགྲེངས་ཏེ། མདུན་ཕྱོགས་ཀྱི་འོད་སྣང་འཚོལ་མཁན་དེ་ཡིན།
ཨ་མའི་བུའི་དྲང་བདེན་གྱི་གླུ་གཞས་སྙན་མོ། བར་སྣང་དང་མཁའ་དབུགས་ཀྱིས་མ་ཁོག་པར། མི་རིགས་འདིའི་སེམས་ཁོང་དུ་ཆུ་རྒྱུན་བཞིན་བཞུར་སོང༌། ཨ་མའི་བུའི་འགྱུར་མེད་ཀྱི་དམ་བཅའ་བརྟན་པོ། སྤྲིན་ནག་དང་རླུང་འཚུབ་ཀྱིས་མ་ཁོག་པར། མི་ཡུལ་ལ་ཉི་འོད་བཞིན་ཤར་སོང༌།
ཨ་མའི་བུ། ནམ་ཡང༌། ངའི་སེམས་ཁོང་གི་ཁ་ལྕེ་གཉིས་ལྡན་གྱི་དཔའ་བོ་དེ་ཡིན། ཨ་མའི་བུ། ཇི་སྲིད་བར་དུ། མགོ་བོ་བཏེགས་ཕོད་པའི་དུས་རབས་ཀྱི་“མི་བུ་སྒལ་ཚིགས་”ཅན་དེ་ཡིན།
དངོས་གནས་རྩོམ་ཡིག་སྤུས་ལེགས་ཤིག་བྲིས་འདུག་པས་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཞུ་བ་ཡིན། ཨ་བུ་མོ། དངོས་གནས་རེ་བས་ཁེངས་པའི་བུ་མོ་ཞིག་རེད་ཨང་།