གཙང་ཞོལ་བདེ་གསལ།
ལྷ་ཡི་བཀའ་ཆད་ཀྱི་ཕྱག་རྒྱ་གཉན་པོ།།
འདྲེ་ཡི་གནོད་བྱེད་ཀྱི་སྡིག་ལག་དམར་པོ།།
གདོན་གྱི་ཕྲག་དོག་གི་སྡང་མིག་གོར་པོ།།
མི་ཚེ་དམ་བཏགས་ཀྱི་ཁྲིམས་ཐག་རིང་མོ།།
རང་རྒྱལ་གཞན་ཕམ་གྱི་མདོང་མོ་རྣོན་པོ།།
མི་མགོ་གསོན་བཏོགས་ཀྱི་བཤས་ར་གཡེར་པོ།།
ཕ་སྤུན་ནང་འཁྲིག་གི་ཐོག་སེར་རྩུབ་མོ།།
ང་ཚོའི་ངོ་སྐལ་གྱི་འཇིག་རྟེན་རྒོད་པོ།།
རླུང་རྟ་མར་རྒུད་ཀྱི་དཔའ་མཁར་ཞིག་པོ།།
ཕམ་ཉེས་སེམས་འཁྲིག་གི་བསང་དུད་སྐྱ་པོ།།
ཤི་མིག་གསོན་ལྟས་ཀྱི་ཀི་སྒྲ་གཉོམ་པོ།།
ངལ་དུབ་ལང་ལོང་གི་སྒྱུ་ལུས་བགྲེས་པོ།།
མི་བུ་གདོང་དྲུག་གི་རིགས་རྒྱུད་གཏུམ་པོ།།
མགོ་བོ་ཡར་འདེགས་ཀྱི་སྲོག་ཤིང་སྐྱེན་པོ།།
མེས་དབོན་རྣམ་གསུམ་གྱི་རུས་རྐང་སྲ་མོ།།
དཔའ་མཛང་ལོ་རྒྱུས་ཀྱི་དེབ་ཐེར་བརྗིད་པོ།།
སྤྲིན་དཀར་ལང་ལོང་གི་མཛེས་རིས་ཕྱུག་མོ།།
མེས་པོའི་བྱམས་སེམས་ཀྱི་བདུད་རྩི་དྭངས་མོ།།
དྲག་རླུང་ཤུར་ཤུར་གྱི་མཐུ་རྩལ་མྱུར་མོ།།
བཙན་པོའི་དམག་དཔུང་གི་རྡོག་སྒྲ་དྲག་པོ།།
དགའ་ལྡན་ཕོ་བྲང་གི་སྲིད་དབང་ཡོམ་པོ།།
བོད་སོག་འཐབ་རྩོད་ཀྱི་དུར་ས་སྐྱ་པོ།།
ལྷ་ས་གྲོང་ཁྱེར་གྱི་ར་བཟི་རྒན་པོ།།
རྨི་ལམ་འོད་གསལ་གྱི་སྣང་བ་མཐུག་པོ།།
སྲིད་གཞུང་གནས་སྤོས་ཀྱི་གོམ་སྟབས་དྲང་མོ།།
དཀའ་བའི་དངུལ་ཁྲག་གི་བཞུར་རྒྱུན་རིང་མོ།།
འཇིགས་མེད་རང་སྣང་གི་སྙིང་རྩ་སྦོམ་པོ།།
གཞིས་བྱེས་ཆིག་སྒྲིལ་གྱི་སྤོབས་པའི་རི་བོ།།
ཆུ་བཞི་སྒང་དྲུག་གི་དམག་དོན་སྣེ་མོ།།
ལོ་རྒྱུས་རླུང་ནང་གི་དར་ལྕོག་ཟད་པོ།།
རང་མགོ་རང་རྒྱལ་གྱི་དྲན་གཤིས་འཁྱོག་པོ།།
དམུ་རྒོད་དེ་རིགས་ཀྱི་དམ་བཅའ་རལ་པོ།།
ཤར་ནུབ་མིའི་རིགས་ཀྱི་སྡེ་ཚོགས་ཆེན་པོ།།
བག་དྲོ་རང་དབང་གི་ལོངས་སྤྱོད་འཛོམས་པོ།།
གོམ་ཁ་རླུང་བསྒྱུར་གྱི་བོད་པ་འཁྱམས་པོ།།
རྔོན་པའི་མིག་ནང་གི་རི་དྭགས་འདྲ་མོ།
བོད་རྒྱའི་འཁོན་སེམས་ཀྱི་མེ་ལྕེ་དམར་པོ།།
སྤུན་ཟླའི་ཚེ་སྲོག་གི་གཤེད་མ་བཙན་པོ།།
བཙན་རྒྱལ་ལྕགས་སྒྲོག་གི་སོ་ཁ་དམ་པོ།།
འཆིང་བ་ཀུན་ལྡན་གྱི་མི་ཚེ་དཀའ་མོ།།
སྐལ་བ་ཡར་འགྲོ་ཡི་བསོད་ནམས་ཟད་པོ།།
རེ་སྨོན་ཡར་སྨིན་གྱི་གཤིན་ས་ཐེད་པོ།།
ལས་སྣང་སྐྱོ་མོ་ཡི་རི་སྣ་དྲེད་པོ།།
འཇག་རླུང་ཤུར་ཤུར་གྱི་མཚེར་ས་གཅོང་མོ།།
༢༠༡༣/༣/༡༨ཉིན་རྡ་རམ་ས་ལར།