གླིང་ཚ་ཚེ་བརྟན་རྡོ་རྗེ།
རི་ནས་འབུས་པའི་མེ་ཏོག་མ་རེད།།
ས་ནས་སྐྱེས་པའི་རྩྭི་ཤིང་མ་རེད།།
དྲིན་ཆེན་མ་ལོས་སྐྱོང་བའི་ཚེ་སྲོག།
དམར་པོ་མེ་ཡིས་བཞེས་མཚམས་མ་བཞག །
རིགས་ཀྱི་སྤུན་ཟླ་སྐྱ་སེར་དབྱེར་མེད།།
བརྒྱ་དང་བཅུ་བཞིའི་ཚད་དུ་སླེབས་ཀྱང་།།
མི་སྨྲའི་རྟུལ་ཞུགས་འཛིན་ལ་མ་སྤོབས།།
སེམས་ཀྱི་དུངས་པ་འོད་ཀྱིས་དཀྲུས་ཏེ།།
གངས་ཅན་ཁ་བའི་སྐྱིད་སྡུག་བསམ་ཞོར།།
གངས་རིའི་ལྷ་སྐལ་རྒས་ཚུལ་མཇལ་བཞིན།།
རང་དབང་ལུང་བའི་མི་ཚེ་དྲོན་མོ།།
ལྷོད་དུ་བསྡད་ནས་འདུག་བཟོད་མེད་པའི།།
རྣམ་ཤེས་ཕྲ་མོའི་དབྱངས་རིས་འདི་ལ།།
ལྷད་མེད་རིགས་པའི་འདང་ཞིག་རྒྱས་ནས།།
རི་ཆུ་སྟོང་ཕྲག་ཁལ་གྱིས་བཅད་དེ།།
དཔག་ཚད་མང་བོ་སྔུན་ལ་བླངས་ནས།།
རང་ཡུལ་ཁ་བ་གངས་རིའི་ལྗོངས་ལ།།
གཞིས་ལུས་བོད་མིའི་བདེ་སྡུག་མཉམ་ཁུར།།
བྱེད་དུ་ཆས་པའི་སྔ་གཞུག་ཀུན་ན།།
རིགས་ཀྱི་བརྩེ་བའི་ལག་ཟུང་རྐྱོངས་ལ།།
ཉེ་རིང་མེད་པར་འདུ་བའི་ངང་ཚུལ།།
སེམས་ཀྱི་སྟོབས་ལ་ཤེད་ཀྱིས་བླངས་ཏེ།།
གཅིག་བུར་བགྲོད་པའི་གོམ་ཆུང་རེ་རེར།།
ངལ་དང་དཀའ་བའི་ཚེགས་ཙམ་མེད་པ།།
གཞིས་བྱེས་གཉིས་ཀྱི་སྨོན་འདུན་རྣམ་དག།
དཀར་ཕྱོགས་སྐྱོང་བའི་ལྷ་ཀླུའི་བསྲུངས་པ།།
སྐྱེ་འགྲོའི་མགོན་གྱི་བཀའ་དྲིན་ཡིན་པ།།
བསམ་ན་སེམས་པའི་གཏིང་ནས་བདེ་ཞིང་།།
གཅེས་པའི་སྙིང་གི་ཕ་མ་ཟུང་དང་།།
ཤ་ལས་མཆེད་པའི་ཕྲུ་གུ་གཉིས་དང་།།
ཚུར་ལ་བྱམས་པའི་མཛའ་མོ་སོགས་ལ།།
མི་འདོད་སྡུག་གི་སེམས་ངལ་བཞག་ཡང་།།
ནམ་ཞིག་བདེན་པའི་འོད་ཐིགས་ཤིག་གིས།།
སེམས་ཀྱི་རྨ་ཁ་གསོས་པའི་སྨོན་ལམ།།
༧སྐྱབས་གསུམ་བླ་མ་མགོན་བོ་དང་བཅས།།
དེ་རིང་འདི་ནས་སེམས་ཀྱི་སྐད་འགའ།།
དབང་མེད་དྲ་བའི་ཡི་གེར་འཁྱུགས་ཡོད།།
༦།༤།༡༣བསམ་ཡས་བོད་སྒར་དུ། ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས།
བདེན་པའི་བུ། ཕོ་རྒོད་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ཡི་རང་དང་བསྔགས་བརྗོད་ཡོད།
བུ་ཁྱོད་དཔའ་རྒོད་གངས་ཕྲུག་ངོ་མ།།
རིགས་ཀྱི་ལ་རྒྱའི་གཡུ་རལ་བསིགས་ནས།།
ངར་སྐད་དྲག་པོའི་འུར་སྒྲས་འགེངས་བཞིན།།
དཔའ་བོ་གྲོགས་མེད་ཁེར་འགྲོས་བྱས་སོང་།
གཞིས་ལུས་དཔའ་བོ་བརྒྱ་དང་བཅུ་བཞིའི།།
རྣམ་ཤེས་ཁུར་པོ་རྒྱབ་ཏུ་ཁུར་ཞིང་།
ས་ཡ་དྲུག་པོའི་བདེ་སྡུག་ཆེད་དུ།།
དངུལ་ནག་ཁྲག་གི་ཐིག་པ་ཟགས་སོང་།
ནམ་རྒྱུན་བོད་པའི་སྤྱི་ཚོགས་ཁྲོད་དུ།།
འཇོན་རབ་བྱས་རབ་སྟོང་བཤད་ཅན་ཚོ།།
ད་རེས་ཁྱེད་ཀྱི་བློས་གཏངས་དེ་ཡིས།།
ངོ་མ་ཁྱེད་ནི་དོན་གྱི་དཔའ་བོ།།
བོད་མི་ས་ཡ་དྲུག་གི་ཆེད་དུ།།
དངུལ་ནག་ཚ་བས་གདོང་པ་འཁྲུ་བཞིན།།
བསིལ་རླུང་ཚ་བོའི་བྱེ་ཐང་སྐྱ་མོར།།
རེ་བའི་གོམས་ཁ་བོད་ལ་བསྒྱུར་སོང་།
ཁྱེད་ལ་ལམ་གྲོགས་བོད་མི་མེད་ཀྱང་།
གངས་ལྗོངས་ལྷ་དང་སྲུང་མ་རྣམས་ཀྱིས།།
སྔོན་ནས་བསུ་ཞིང་རྒྱབ་ནས་བསྐྱེལ་མ།།
མི་འབྲལ་ཁྱེད་ལ་རྟག་ཏུ་སྲུངས་ཡོད།།
ཨ་ཁ་བོད་མིའི་བདེ་སྡུག་བསམ་ན།།
རང་ཉིད་བོད་པ་ཡིན་པའི་འགན་དེ།།
སྲོག་དམར་ཐེངས་དགུ་བཅད་ཀྱང་མ་བརྗེད།
ནམ་ཞིག་རང་རེའི་དམིགས་འདུན་འགྲུབ་ཡོང་།
༈ ཚེ་སྔོན་ལས་ཀྱི་རླུང་དང་འགྲོགས་ཏེ།།
བྱམས་ལྡན་ཕ་མས་བསྐྱེད་པའི་ལུང་ཟུངས་།།
རང་འདོད་ཁོ་ནའི་ཐག་པས་བཅིངས་ཀྱང་།།
ཆོད་སེམས་སྣོན་པོས་དུམ་བུར་བཅད་བྱུང་།།
གོང་གི་མགོན་དུ་གྲགས་པའི་བླ་མ།།
བར་དུ་བློན་དུ་གྲགས་པའི་དཔོན་ཚོགས།།
མཐའ་ཡི་འཁོར་དུ་གྲགས་པའི་ལས་བྱེད།།
ཀུན་ཀྱང་གྲགས་པའི་ཆེད་དུ་གཡེངས་འདུག།
ཁྱེད་ཉིད་གཅིག་པུ་གོམས་སྟབས་འཆོལ་བཞིན།།
རྡུལ་ཆུའི་ཐིག་པས་ས་ཆེན་བརླན་ཏེ།།
བདེན་པའི་ང་རོ་དབྱངས་སུ་གྱེར་བཞིན།།
གངས་ཅན་ལྗོངས་སུ་བསྐྱོད་འདི་ངོ་མཚར།།
མགོན་མེད་གངས་ཅན་ལྗོངས་ཀྱི་འགྲོ་བ།།
ཆོས་དང་སྲིད་དང་དམུ་གབ་བཙན་པོས།།
རིང་ནས་དམ་དུ་བཅིངས་པར་བལྟས་ན།།
འབད་ཚད་གཞན་གྱི་ཆེད་དུ་གྱུར་འདུག།
དེས་ན་རྣམ་དཔྱོད་རིགས་པ་རྣོན་པོས།།
གཞན་ལ་རེ་བའི་འདུད་པ་བཀྲོལ་ཏེ།།
རང་དབང་རང་གིས་སྒྲུབ་པའི་དཔའ་བོ།།
ཁྱོད་དང་ཁྱོད་འདྲ་སྲིད་ན་དཀོན་འདྲ།།
ཡོད་ཚད་བླ་མའི་ཆེད་དུ་མ་བསྒྲགས།།
གངས་ཅན་བོད་མིའི་བདེ་སྡུག་ཆེད་དུ།།
དཀའ་སྡུག་རི་བོ་འཕྲག་པར་ཁུར་འདི།།
འཛམ་གླིང་དཔྱོད་ལྡན་མདུན་སར་སྟོན་རོགས།།
འདྲེན་མཆོག་བླ་མ་བོད་དུ་འབོད་པ།།
རང་རིགས་བོད་མིའི་སྣང་བར་མཛའ་ཡང་།།
དུས་རབས་གསར་བའི་སྲིད་དོན་ཁྲོད་ན།།
ཆོས་ཀྱི་གནད་དོན་ཞིག་ཏུ་མཐོང་སྲིད།།
དེས་ན་བོད་མི་བྱིངས་ཀྱི་དཀའ་སྡུག།
འགྲོ་བ་མི་ལ་དགོས་པའི་རང་དབང་།།
ལོངས་སུ་སྤྱོད་པའི་བདེན་དོན་སྒྲུབ་ཆེད།།
འདི་ལྟར་དཀའ་བ་སྤྱོད་འདི་མཛེས་སོ།།
དྲ་གྲོགས་དབང་འདུས་ཀྱི་ཁྱེད་ཀྱི་གསུངས་དེ།།
ངོས་ཀྱི་མིག་ལ་རྒྱན་དུ་བྱས་སོང་།
དེང་སང་དྲ་ཚིག་ངོ་དེབ་སོགས་སུ།།
བོད་མི་འགའ་ཡིས་འདི་ལྟར་གླེང་གིན།།
བོད་དོན་གླེང་ན་སྲིད་དོན་རེད་ཟེར།།
སྲིད་ནི་ཆོས་ཀྱི་དངོས་འགལ་ཡིན་སྐད།།
ད་ནས་བཟུང་སྟེ་ཆོས་ལས་མ་གཏོགས།།
སྲིད་ལ་འགན་འཁྲི་མེད་ཅེས་རྩོད་ཁི།།
ང་ཡིས་བསམ་ན་ད་ལྟའི་བོད་པ།།
བླ་ཆེན་མི་དཔོན་སུ་ཞིག་ཡིན་རུང་།
བོད་དོན་རང་གར་སྣང་མེད་དོར་ན།།
རྒྱུ་འབྲས་འགལ་ཚབ་དེ་ལས་མེད་བསམ།།
ཆོས་ཀྱི་རྨང་གཞི་ལས་འབྲས་གསུངས་ཞིང་།།
རྒྱུ་འབྲས་སྤངས་བླངས་མ་འཁྱུགས་དགོས་པས།།
དེ་ལས་འགལ་བའི་ཆོས་ཞིག་ཡོད་ན།།
དེ་ནི་ཡག་རྟགས་གཏན་ནས་མ་རེད།།
བགྲང་བྱ་བརྒྱ་ཕྲག་ཕྱེད་ལས་ཡོལ་བའི།།
ལོ་རྒྱུས་ཁྲག་གི་ཞལ་བ་བྱས་ཤིང་།
རོ་ཡི་བམ་ཐང་བྱས་པའི་ཁྲོད་ནས།།
འདངས་ཞིག་རྒྱོབས་ནས་ཕྱི་བལྟས་བྱོས་དང་།
རྩི་སྐུད་མགོ་ནས་བྲེག་པ་ནང་བཞིན།།
ང་ཚོའི་ཕ་ས་དགྲ་ལག་བཞག་ནས།།
རང་དབང་གཡར་པོའི་ལུང་པའི་ནང་ནས།།
ཉི་མ་གང་འཁྱོལ་བྱེད་འདི་སྐྱོ་བ།།
གླིང་ཚ་ཚེ་བརྟན་རྡོ་རྗེ་འདི་ཡིས།།
དང་པོ་རང་ཁྱིམ་ཆུང་མ་བློས་གཏང་།
གཉིས་པ་གཅེས་པའི་བུ་ཕྲུག་བློས་གཏང་།།
གསུམ་པ་རང་གི་ཕ་མ་བློས་གཏང་།
མཐར་ཐུག་རང་གི་སྲོག་ཀྱང་བློས་གཏང་།།
བློས་གཏང་མང་པོའི་བརྒྱུད་རིམ་ཁྲོད་ནས།།
གཟུ་བོར་གནས་ནས་འདིངས་ཞིག་རྒྱོབས་དང་།
རིན་ཆེན་མི་ལ་སྐོར་སྟངས་ཡོད་པ།།
ད་གཟོད་ཁྱེད་རང་གང་ཡིན་ཤེས་ཡོང་།།
ད་ནི་མང་པོ་བཤད་དགོས་མེད་པས།།
ད་ལྟ་གཞིས་བྱེས་བོད་མི་རྣམས་ཀྱིས།།
མ་བགྲོས་བསམ་པ་གཅིག་མཐུན་ངང་ནས།།
རང་འཁྲིས་ལས་འགན་མཉམ་དུ་གྱིས་དང་།།
མི་རིང་བསམ་པའི་འདོད་དོན་འགྲུབ་ཡོང་།།
ས་ཡ་དྲུག་གི་བདེ་དོན་གཙོར་བྱས་ཏེ།།
སྟོབས་ཆེན་དཀར་ནག་རྒྱ་ཡི་ལྷིང་འཇགས་ཀྱིས།།
ཨེ་ཤི་ཡའི་ཞི་བདེར་བོད་དོན་འདི།།
གལ་ཆུང་མ་ཡིན་སོམས་དང་ལམ་སེང་ཤེས།།
དེས་ན་ང་ཚོས་བོད་དོན་རྩོད་ན་དེ་འདྲ་རྩོད།།
ཅི་རེད་བོད་པ་བརྒྱ་ཕྲག་མེར་སྲེག་དང་།།
སྟོང་ཕྲག་མང་པོ་བཙོན་ལ་བཞུགས་པ་དང་།།
འབུམ་ཕྲག་ལྷག་ཙམ་སྐྱབས་བཅོལ་གནས་པ་དང་།།
ས་ཡ་དྲུག་གིས་སེམས་ནད་ཁུར་དགོས་པ།།
༧གོང་ས་ཆེན་པོ་བོད་ལ་གདན་ཞུའི་ཆེད།།
ཁོ་ན་ཡིན་ནམ་ཡིན་ན་རྒྱ་མི་ཡིས།།
ཏ་ལའི་སྒེར་གྱི་ཁེ་དབང་ཁོ་ན་དང་།།
སྤྱི་ཚོགས་རྙིང་ལ་རོ་ལང་རྒྱག་འདོད་ཀྱི།།
སྐད་ཆ་དེ་ཚོ་མ་རེད་ཟེར་མ་ཕོད།།
༈ ཆོས་དང་སྲིད་གཉིས་འགལ་དང་མི་འགལ།།
དོན་ཀུན་གྲུབ་པའི་རྣམ་ཐར་སོམས་མཛོད།།
སྲིད་པའི་གཉེན་པོར་དམ་པའི་ཆོས་ཞེས།།
མཁས་ཀུན་མགྲིན་གཅིག་གླེང་བ་ལོས་ཡིན།།
འོན་ཀྱང་ལྷག་བསམ་དཀར་པོས་དྲངས་པས།།
བྱ་བ་ཀུན་ཀྱང་ཆོས་སུ་ངེས་ཏེ།།
བྱང་སེམས་ཆེན་པོས་མི་ནག་བསད་པས།།
བསྐལ་པའི་ཚོགས་ཚེན་ངང་གིས་རྫོགས་སོ།།
ཆོས་དང་སྲིད་ཀྱི་དབྱེ་འབྱེད་མི་དགོས།།
འཛམ་གླིང་དཔྱོད་ལྡན་སྐྱེ་འགྲོའི་ཡིད་ལ།།
ངང་གི་འབབ་པའི་བྱ་བར་འཇུག་སྟེ།།
རང་གིས་ཐོབ་ཐང་རང་གིས་རྩོད་དགོས།།
འོན་ཀྱང་ང་ཚོ་བོད་པའི་ལས་དབང་།།
ཡོད་ཚད་མི་ཡི་ཆེད་དུ་བཀོལ་སྟེ།།
སྟོན་རྒྱུ་ངོམ་རྒྱུ་གཅིག་ལས་མེད་པ།།
རང་གིས་བཟོས་འདི་བློ་ཕམ་གཞི་ཡིན།།
ལྷག་བསམ་ཡོད་ན་འབངས་མི་ཡིན་རུང་།།
ལ་རྒྱ་ཡོད་ན་འཁྱམས་པོ་ཡིན་རུང་།།
ང་ཚོས་རྣམ་ཀུན་གུས་བཀུར་ཞུ་དགོས།།
བླ་སྤྲུལ་ཁོ་ནར་ཆེ་བརྗོད་མ་བྱེད།།
དཀའ་སྡུག་འབངས་མི་ཡོངས་ཀྱི་སྤྱད་ནས།།
ཡོད་ཚད་གོང་མས་བསྐྲུན་པར་བསྒྲགས་པས།།
ང་ཚོའི་ཟློག་མེད་ལས་དབང་བཙན་པོ།།
སྤྱི་ཚོགས་ལྐུག་པར་སྒྲུབ་པའི་རྒྱུ་ཡིན།།
སྲིད་དོན་སྒྲུབ་ན་ཆོད་སེམས་ཡོད་དགོས།།
སྤྱི་དོན་སྒྲུབ་ན་ཤེས་འཇོན་ལྡན་དགོས།།
མིང་ཙམ་ཁོ་ནར་སྐྱབས་སུ་རེ་བ།།
གངས་ཅན་བོད་མིའི་ལས་དབང་སྐྱ་བོ།།
ཇི་བཞིན་བརྗོད་ཀྱང་ལོགས་པར་གོ་ཞིང་།།
ད་དུང་བརྗོད་ན་ཁོང་ཁྲོ་ལངས་སྟེ།།
བོད་མིའི་སྤྱི་ཚོགས་ཁྲོད་ནས་ཕུད་པའི།།
ལོ་རྒྱུས་དེ་ཚོ་སྐྱུག་བྲོའི་གནས་ཡིན།།
དོན་གྱི་དམང་གཙོའི་ཤེས་ཡོན་ལྡན་ན།།
ལྟ་གྲུབ་མཐུན་མིན་ཇི་ལྟར་ཡིན་ཀྱང་།།
སྤྱི་ཚོགས་གཅིག་གི་ཆ་ཤས་བླངས་ཏེ།།
ལྷན་ཅིག་སྡོད་པའི་གོ་སྐབས་ཡོད་དགོས།།
གཞུང་འཛིན་གཅིག་ལ་དགག་པ་བརྒྱབ་ན།།
གཞུང་དོན་གཅིག་ལ་བསམ་འཆར་གླེང་ན།།
གཞུང་འགལ་དགྲ་བོའི་རྒྱུག་ཁྱིར་བསྒྲགས་སྟེ།།
གཞུང་ལ་གནོད་པའི་ངང་ཚུལ་ལྟོས་དང་།།
ཤེས་འཇོན་ལྡན་པའི་མི་སྣ་དག་གི།།
ལྟ་བའི་གྲུབ་ཆ་དམངས་ལ་བསྒྲགས་ཏེ།།
ཕྱོགས་གཅིག་ཁོ་ནར་ཨ་འཐས་ཞེན་པའི།།
རྨོངས་པའི་བུ་ཁ་གཏན་དུ་འགོག་དགོས།།
ད་དུང་དོན་མེད་སེམས་ཀྱི་འཆར་སྒོ།།
མཐའ་དག་བརྗོད་ན་ཤིན་ཏུ་མང་ཞིང་།།
གསལ་པོར་བརྗོད་ན་གོ་བའང་མི་སྟེར།།
དེས་ན་དེ་ཙམ་སྐབས་ཀྱི་གཏམ་ཡིན།།
བོད་ས་ཡོངས་རྫོགས་རྒྱ་ཡིས་བཟུང་སོང་།།
ས་ཡ་དྲུག་པོ་སྡུག་ལ་སྦྱར་སོང་།།
དཔའ་བོ་དུ་མས་རྒྱ་ལ་འཐབ་སོང་།།
ཚེ་སྲོག་གྲངས་མེད་རྒྱ་ལ་ཤོར་སོང་།།
ལོ་རྒན་དྲུག་ཅུ་ཁད་རིམ་གྱིས་ཟིན་སོང་།།
རྒྱ་ལ་རྒོལ་བའི་ལས་འགུལ་ཆད་མེད།།
རྒྱ་དར་དམར་པོ་མགོ་ནས་སོང་། །
གངས་སེང་དར་ཐེངས་མང་བསྒྲེངས་སོང་།།
དཔའ་བོའི་ངར་སྐད་འཇངས་མྱོང་མེད་གི།།
གོང་ས་བླ་མ་བརྗེད་མྱོང་མེད་གི།།
བོད་རིགས་མཐུན་སྒྲིལ་འཐོར་མྱོང་མེ་གི།།
སྒྲ་གཉེན་གཉིས་ཀ་ནོར་མྱོང་མེད་གི།།
ཅོར་ཅུང་བོད་མི་འགའ་ཡང་འདིར་འདུག །
དགྲ་ཡི་དར་ཆ་མགོ་ལ་འཕྱར་སོང་།།
རྒྱ་ཡི་ཁྲིམས་ལ་གུས་ཞབས་བྱས་སོང་།།
བོད་མིའི་མགོ་བོ་རྡོག་རོལ་བཏང་སོང་།།
རྒྱ་ལ་སྤྲེལ་ལན་འཁྲབ་མཁན་འདིར་འདུག །
དགྲ་ལ་སྣེ་ལེན་བྱེད་མཁན་འདིར་འདུག །
རྒྱ་བོད་མཛའ་འབྲེལ་ཀུན་ལ་བསྒྲགས་སོང་།།
དཔའ་བོའི་ཞལ་ཆེམས་རླུང་ལ་བསྐུར་སོང་།།
རྒྱ་དར་དམར་པོ་མགོ་ནས་ཕབ་སོང་། །
གངས་སེང་དར་ཆ་ཐེངས་མང་བསྒྲེངས་སོང་།།
(ཤོ་ལོ་ཀ་གཉིས་པ་དེ་ནོར་བཅོས་ཡིན།)
རྣམ་པར་རྒྱལ་བའི་རྒྱལ་མཚན་མ་རེད།
གདོད་ནས་དར་བའི་བླ་གོས་མ་རེད།
དཔའ་བོར་ཕུལ་བའི་བཀའ་དཔངས་མ་རེད།
བོད་རྒྱ་སྦྲེལ་བའི་འཇམ་དར་མ་རེད།
དུང་ཕྱུར་བསད་པའི་ཁྲག་གི་མདོག་རེད།
དཀར་ཕྱོགས་ཕམ་པའི་ནག་པོའི་དར་རེད།
ཨུ་ཚུགས་འཕྱར་བ་སྡུག་གྱོང་རང་རེད།
མིག་སྟོན་བྱས་པ་ངོ་ཚས་ཤི་རེད།
མགོ་ནག་བོད་མིའི་ཁོག་གི་སྙིང་།
རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག
ཕ་ཡུལ་བོད་ལ་གདན་དྲངས་ནས།
བོད་ཀྱི་ད་ཡོད་སྡུག་བསྔལ་སོལ།
དེ་ནས་བོད་མིའི་འདོད་འདུན་གྱི།
རང་དབང་ཚད་མཐོའི་རང་སྐྱོང་དེ།
སྐད་ཆ་སྐད་ཆའི་གྲོས་མོལ་ནས།
གཙང་ཞིང་གཙང་མ་ཉིད་དུ་ལོངས།
དེའི་ཕྱིར་དེ་ཀུན་འོང་བའི་ཆེད།
ལུས་དང་སེམས་ཀྱི་དངོས་ཡོད་ནས།
ཕ་ཡུལ་བོད་ལ་གོམ་བགྲོད་པ།
དཔའ་བོ་གླིང་ཚར་རོགས་རམ་གྱིས།
ཆོལ་ཁ་ཆོས་ལུགས་མ་དཀྲུགས་ཕུ་ནུ་ཚོ།།
དབུ་མ་རང་བཙན་མ་རྩོད་རྩམ་ཟན་རྣམས།།
ཕ་བཟང་བུ་ལ་བློ་ཁོག་ཡོད་པ་ན།།
དགྲ་བོ་མདུན་ལ་ཡོད་པས་མ་ནོར་གཅེས།།